ལོ་རིམ་བདུན་པའི་སློབ་གཉེར་བ། དབང་འདུས།
ཀ་དག་སྤྲོས་བྲལ་ཆོས་སྐུའི་ཕོ་བྲང་དུ།།
ལྷུན་གྲུབ་རང་མདངས་རིག་པའི་རྩལ་རྫོགས་ཤིང་།།
མ་དག་ཞིང་དུ་སྤྲུལ་པའི་སྐུར་སྟོན་པ།།
ཁྱབ་བདག་གྲུབ་དབང་བླ་མས་ཤིས་པ་སྩོལ།།
ཨོ་རྒྱན་པདྨའི་ཐུགས་ལས་བསྐྲུན་པའི་ཞིང་།།
བསིལ་ལྡན་ཀེ་ལ་ཤ་ཡི་ཡུལ་ལྗོངས་སུ།།
གང་སྐུ་གཞོན་ནུའི་ཉི་མ་འཆར་བ་ན།།
དད་པའི་འདབ་སྟོང་ཁྱེད་ཀྱི་ཕྱོགས་སུ་གཡོ།།
སྤྲིན་བྲལ་རྣམ་པར་དྭངས་པའི་ལྷ་ལམ་ནས།།
བསིལ་ཟེར་དགྱེས་པའི་འཛུམ་མདངས་ངོམས་པ་འདི།།
འདབ་སྟོང་མེ་ཏོག་བཞད་པས་མ་ལགས་ཏེ།།
གང་སྐུ་དངོས་སུ་བལྟམས་པའི་དགའ་སྤྲོ་ལགས།།
ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐུགས་རྗེ་དང་།།
སློབ་འབངས་ཐུགས་མཐུན་བརླིང་བའི་བསོད་ནམས་ཀྱིས།།
རྩོད་ལྡན་སྙིགས་མ་ལྔ་བདོའི་ཚང་ཚིང་ནང་།།
སྔོན་མེད་འདོད་འཇོའི་དཔག་བསམ་འཁྲུངས་པ་རྨད།།
རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་བའི།།
བསྟན་པ་འཛིན་སྐྱོང་སྤེལ་ལ་ཟླ་བྲལ་བ།།
མཚུངས་མེད་གྲུབ་དབང་བླ་མའི་ཐུགས་རིག་ནི།།
ཕྱོགས་བཅུའི་སྲས་བཅས་ནང་ནས་ཕྱུང་བ་བཞིན།།
གང་སྐུ་མཚན་དཔེས་བརྒྱན་པའི་བསིལ་ཟེར་ཅན།།
མཇལ་བའི་མོད་ལ་སྐལ་ལྡན་བུང་བའི་ཚོགས།།
མངོན་མཐོ་ཐར་པའི་ཚུལ་དུ་བཀོད་པ་འདི།།
བཅོམ་ལྡན་ཟས་གཙང་སྲས་པོ་དངོས་བཞུགས་བཞིན།།
བརྒྱུད་གསུམ་ཆུ་བོའི་བྱིན་རླབས་སྙིང་ལ་ཞུགས།།
ཐེག་གསུམ་ཆོས་ཀྱི་གནས་ལུགས་མངོན་དུ་རོལ།།
བསླབ་གསུམ་ཆོས་ཀྱི་པདྨོ་ལེགས་བཞད་པའི།།
སྐུ་གསུམ་གཅིག་འདུས་གྲུབ་དབང་བླ་མ་རྗེ།།
མ་དག་རྟག་འཛིན་ཅན་གྱི་གདུལ་བྱའི་ངོར།།
རེ་ཞིག་ཞི་བར་གཤེགས་པའི་ཚུལ་བསྟན་ཀྱང་།།
བརྩེ་བས་ཐུགས་རྗེའི་ལྕགས་ཀྱུས་མ་དོར་བར།།
སླར་ཡང་སྲིད་པ་བཟུང་བའི་བླ་མ་རྨད།།
དུག་གསུམ་དུག་ཆུས་མྱོས་པའི་སྐྱེ་འགྲོ་རྣམས།།
དབང་མེད་འཁོར་བའི་རྒྱ་མཚོ་ཆེན་པོའི་ནང་།།
སྐྱབས་མེད་སྡུག་བསྔལ་དྲག་པོས་བྱིང་བ་ན།།
ཁྱེད་ནི་ཕ་མཐར་འཁྲིད་པའི་དེད་དཔོན་ལགས།།
རྒྱུན་དུ་སྒོམ་ལ་བརྩོན་པའི་ལམ་ཞུགས་དག།
སྣང་གསུམ་འཕོ་བའི་བག་ཆགས་ཕྲ་མོ་ཡིས།།
ཡེ་ཐོག་གཞི་ཡི་འོད་གསལ་སྦས་པ་ན།།
ཁྱེད་ནི་རྗེན་གཅེར་སྟོན་པའི་བླ་མ་ལགས།།
མདོར་ན་ཁྱེད་ཀྱིས་མཛད་ཕྲིན་མཐའ་མེད་ལ།།
བློ་དམན་བདག་འདྲས་དཔག་པར་བསམ་པ་ནི།།
ནམ་མཁར་མདའ་འཕངས་ཇི་བཞིན་ལགས་མོད་ཀྱང་།།
དད་པའི་སེམས་ཀྱིས་ཅུང་ཙམ་བརྗོད་ལ་སྤྲོ།།
གང་ཐུགས་རྣམ་པར་གསལ་བའི་ཀུན་གསལ་ལ།།
གློ་བུར་ཆུ་འཛིན་དྲི་མ་མ་འཁྲིགས་པར།།
དམ་པའི་ཡོན་ཏན་ཉི་མ་ལེགས་ཤར་ཏེ།།
འགྲོ་བའི་སྡུག་བསྔལ་སྨག་རུམ་སེལ་བར་ཤོག།