ལོ་རིམ་དགུ་པའི་སློབ་གཉེར་བ། བསོད་ནམས་ཚེ་རིང་།
ལྷོ་མཐའི་ལྗོན་ཚལ་དགོན་གནས་ཤིག་གིས།།
གུས་པར་འཚོ་རྟེན་ཡོངས་སུ་གནང་བས།།
ཅང་མེད་འཆལ་བོའི་སྙིང་ཁམས་དཀྱིལ་ནས།།
འདས་པོ་དམ་པར་ཐུགས་རྗེ་ཞུས་ཡོད།།
མཛེས་ཤིང་ཉམས་དགའི་གླིང་ཁ་འདི་རུ།།
ལས་དབང་ཞིག་གིས་འཕྲལ་གྱིས་བདས་ནས།།
རང་སེམས་འཕྲོད་པའི་ཆོས་སྐལ་ཕྲ་མོ།།
ཚོར་བདེ་ཞིག་གིས་བཟི་ནས་ཡོད་མདོག།
ལྗང་མདོག་ལྗོན་པའི་གྲིབ་བསིལ་ཞིག་ལ།།
ཚ་བའི་ངལ་གསོའི་གོ་རིམ་ཁྲོད་ནས།།
ནར་སོན་མེད་པའི་ཀུན་རྟོག་ཅིག་གིས།།
ལྐོག་གྱུར་ཆོས་ལ་ཚད་ཀྱིས་འཇལ་ཁུལ།།
ཨར་འདམ་བརྩེགས་པའི་སྒེའུ་ཁུང་འཁྲིས་སུ།།
ཡུལ་པོའི་ངོ་གདོང་ཐུར་དུ་དུད་ཚེ།།
བསིལ་འཇམ་རླུང་དང་ཀྱུར་ཀྱུར་ཚོགས་ཀྱིས།།
སེམས་འགྱུ་རྡོག་ཁྲེས་སྙིང་ལ་ཁེན་བཅུག།
འབྱུང་པོ་རྒྱུ་བའི་མཚན་ལྗོངས་འདི་རུ།།
འཕར་སྤྱང་སྟོང་གི་ངུ་ཟུག་ཀློང་ནས།།
རྨི་ལམ་འཚོལ་བའི་རྣམ་ཤེས་འཕྱན་པོའི།།
ལྷིང་འཇགས་འདི་ཡང་རྫུ་བག་ཅིག་གོ།
རྨོངས་འཐོམ་གདོན་ལྟའི་ནད་ཀྱིས་ཐེབས་པའི།།
གྲོང་ལ་རྒྱུ་བའི་རྣམ་ཤེས་སྟོང་གི།
གྱ་གྱུའི་ཀུན་རྟོག་བར་མེད་འཕྱོ་བས།།
སུན་སྣང་ཞིག་གིས་གློ་བ་བརླན་སོང་།།
གསེར་མདོག་ཉི་མ་འཆར་ཀས་ཟིན་ན།།
ཞི་བདེ་རྒྱ་མཚོ་དལ་གྱིས་སྐྱོམ་ཡོང་།།
རྩལ་དྲུག་ནར་སོན་ཉ་མོའི་ཚོགས་ཀྱི།།
བག་ཕེབས་ངང་ནས་འཚོ་གནས་ཤིག་གོ།
མཐའ་རུ་མངོན་མེད་སྲིད་ཁམས་ཤིག་ལ།།
སྒྱུ་མའི་ཆོས་ལ་རེ་བ་འཆང་གིན།།
ལོ་དང་ཟླ་བའི་བརྒྱུད་རིམ་གསེབ་ཏུ།།
གཞོན་པའི་རྟོག་འགྱུའི་ཁ་དོག་ཡིབ་ཡོད།།
རྒྱུས་མེད་ནམ་མཁའི་དབྱིངས་རུམ་ཞིག་ནས།།
ལས་དབང་རྒྱལ་མོའི་བཀའ་ཆད་ནན་མོ།།
མ་ཕོག་བར་དུ་རུས་གོང་འདི་ཡང་།།
མཐའ་མེད་ཁམས་འདིར་འཚོ་གནས་ཤིག་གོ།