ནང་ཆོས་ཀྱི་སྐོར་གླེང་བ།

ལོ་རིམ་དྲུག་པའི་སློབ་གཉེར་བ། ཕྲིན་ལས་མཐར་ཕྱིན།

འཇིག་རྟེན་མངོན་འདོད་ཀྱི་ཕུན་ཚོགས་ཡོད་རྒུ་སྙིང་པོས་དབེན་པར་གཟིགས་ནས། འཁོར་དང་རྒྱལ་སྲིད་ཀྱི་དཔལ་ཡོན་ཐམས་ཅད་གང་ཞིག་ཏུ་བཞག་སྟེ། དབེན་པ་ནགས་ཀྱི་དགའ་ཚལ་དུ་ཞི་གནས་དང་ལྷག་མཐོང་ལ་རབ་ཏུ་གཞོལ་བར་བྱས་པས། དུག་གསུམ་གྱིས་མཚོན་ཉོན་མོངས་པ་རྣམས་རྩ་བ་ནས་བཅོམ་པར་མཛད་པའི། རྒྱལ་སྲས་གཞོན་ནུ་དོན་གྲུབ་གང་ཉིད་ཀྱིས་གདུལ་བྱའི་ཁམས་དབང་མོས་པ་དང་བསྟུན་ཏེ་དམ་པའི་ཆོས་ཀྱི་སྦྲང་ཆར་རབ་ཏུ་ཕབ་པར་བྱས་སོ།།

དེ་ལ་དམ་པ་ནི་ཅི། ཆོས་ནི་གང་། ཞེས་འདྲི་བར་བྱེད་ན། དམ་པ་ཞེས་པ་ནི་ཡང་དག་པ་དང་། མཆོག་ཏུ་གྱུར་པ། འཕགས་པ། ཀུན་ལས་ལྷག་པ་སོགས་ལ་འཇུག་ཅིང་། ཆོས་ཞེས་བྱ་བ་ནི། སྒྲ་བཤད་ཙམ་དུ་འཆོས་པའི་སྐུལ་ཚིག་ལ་འཇུག་པས། སེམས་ལེགས་ཕྱོགས་སམ་ཉེས་ཕྱོགས་གང་རུང་དུ་བསྒྱུར་པའམ་སྔར་གྱི་གནས་སྐབས་ལས་ཁ་ལོ་བཅོས་པར་གོ་ལ། ཡང་ཆོས་ཞེས་བྱ་བ་ནི་ཤེས་བྱའམ་ཡོད་པའི་དོན་དུ་གོ་བར་བྱས་ན། དོན་བཅུ་ལ་འཇུག་སྟེ། རྣམ་བཤད་རིག་པ་ལས། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་པ་ལྟར་ཤེས་བྱ་དང་། ལམ་བདེན། འགོག་བདེན། ཡིད་ཀྱི་ཡུལ། བསོད་ནམས། ཚེ། གསུང་རབ། འབྱུང་འགྱུར། ངེས་པ། ཆོས་ལུགས་སོགས་ལ་འཇུག་གོ།

འདིར་ཆོས་ཞེས་པ་ནི། སེམས་ཀྱི་ཁ་ལོ་བསྒྱུར་བའི་ཐབས་ཤིག་ལ་ངོས་འཛིན་དགོས་པར་སྣང་ལ། དེའང་སེམས་ཡང་དག་པ་དང་། ཡང་དག་པ་མ་ཡིན་པའི་ཕྱོགས་སུ་བསྒྱུར་བ་གཉིས་ལས་དང་པོར་གོ་དགོས་སོ། དམ་པའི་ཆོས་ཞེས་བྱ་བ་ནི་སྒྲ་ཡངས་པའི་དབང་དུ་བཏང་ན། མཆོག་ཏུ་གྱུར་པའི་ཆོས་ཞེས་པ་ལྟ་བུར་གོ་ན་མི་ཆོག་པ་མེད་པར་སེམས། དེ་ལྟ་བུའི་ཆོས་དེ་ནི་འགྲོ་བ་མིའི་རིགས་ལ་ཤིན་ཏུ་དགོས་མཁོ་ཅན་ཞིག་ཏུ་མཐོང་བས། རང་བློས་གང་ལྕོགས་ཀྱིས་ཅུང་ཙམ་བཤད་པར་བྱས་ན། ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཐུབ་པ་གང་ཉིད་ཀྱིས། འགྲོ་བ་རྣམས་ཀྱི་སྡུག་བསྔལ་ཞི་བའི་དོན་དུ་ཐོག་མཐའ་བར་གསུམ་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་ཀྱང་། དབུ་མ་བཞི་བརྒྱ་པ་ལས། འཇིག་རྟེན་ཡོངས་སུ་མི་ཤེས་གང་། །དེ་ནི་ཐུབ་པའི་ལྟ་བུར་མངོན།།

ཞེས་གསུངས་པ་ལྟར་ཟབ་པ་དང་རྒྱ་ཆེ་བའི་གསུང་རབ་དེ་དག་རང་གི་ཁོང་དུ་མ་ཆུབ་པར་མ་རྟོགས་ནས། ཆོས་གསུང་བ་པོའི་སྐྱོན་འཚོལ་བྱས་དང་བྱེད་བཞིན་པ་ཡང་གནའ་དུས་ལས་དེང་དུས་སུ་འབེལ་ལ། ལྷག་པར་བསྡུས་རྟགས་ཀྱི་འགྲོ་སྟངས་ཅུང་ཙམ་ཤེས་པ་དང་། སུམ་རྟགས་ཀྱི་འཁོར་ཕྱོགས་ཕྲན་བུ་ཡོད་པ་ན། དེ་གཞན་ལ་སྐྱོན་བརྗོད་དང་འཕྱ་སྨོད་ བྱེད་པའི་མཚོན་ཆ་ལྟ་བུར་བཟུང་ནས། རང་བློ་ནང་དུ་མ་བསྡུས་པར་གཞན་ལ་ཁ་བསྐོར་ནས་དུས་རྟག་ཏུ་རག་དུང་འབུད་མཁན་ཡང་མང་དྲགས་འདུག་པས་ན། ཡང་སྙིང་དམ་པའི་ཆོས་ཀྱི་ཆེ་བ་བརྗོད་པར་སྤྲོ། དེང་སང་མི་མང་པོ་ཞིག་གིས་ནང་ཆོས་ཟེར་དུས་མོ་རྩིས་ལུང་བསྟན་འདྲ་བོ་ཞིག་ཏུ་གོ་ནས། རྒྱུ་མཚན་དང་སྒྲུབ་བྱེད་ལ་མོ་རྩིས་ལུང་བསྟན་གྱིས་མཐོང་ཆོས་སུ་མི་ཕན་པ་བཀོད་ནས་ནང་ཆོས་ལ་ཡིད་རྟོན་མི་རུང་ཞེས་རྣམ་དཔྱོད་ཀྱི་རྩལ་ལས་བྱུང་ཡོད་མདོག་བྱེད་མཁན་ཡང་མཐོང་ངོ་། །དེ་ལྟར་ནང་ཆོས་མ་ཡིན་ཡང་ནང་ཆོས་སུ་རློམ་པ་དང་། ནང་ཆོས་ཀྱི་ཟབ་གནད་རྣམས་བློར་མ་ཤོང་ནས་གང་འདོད་དུ་སྨྲ་མཁན་ཡང་བྱུང་འདུག་པ་བཅས་ལ་གསལ་བཤད་ཀྱི་ཚུལ་དུ་ཅུང་ཙམ་ཞིག་བརྗོད་པར་སེམས།

དེས་ན་གནམ་འཕུར་སར་འཛུལ་གྱི་རྟོག་བཤད་དང་། བྲག་གཏོར་ཐོག་ཕབ་ཀྱི་གནའ་སྒྲུང་། མི་ཤེེས་ཤེས་མདོག་གི་མངོན་ཤེས། མ་མཐོང་ཡོད་ཡོད་ཀྱི་ལྷ་འདྲེ་སོགས་བདག་ལྟ་བུར་ཤིན་ཏུ་ལྐོག་གྱུར་ཡིན་པས། འདིར་ཁོ་བོས་རྟོག་བཤད་དེ་དག་རྒྱས་སྤྲོས་བྱེད་པ་སྤངས་ལ། དངོས་ཡོད་ར་སྤྲོད། བདེན་པ་དོན་ཡོད། མཐོང་ཆོས་མྱོང་འགྱུར་སོགས་རང་བློས་གང་ཤེས་ཀྱིས་གཏན་ལ་དབབ་རྒྱུ་ཡིན། སྤྱིར་ལྷ་འདྲེ་དང་། གནམ་འཕུར་སར་འཛུལ་དག་གཏན་ནས་མེད་ཅེས་བརྗོད་པ་མིན་ཡང་། དེང་དུས་ཀྱི་ཁ་ཕྱོགས་དང་། རང་ཉིད་ཀྱིས་མ་མཐོང་བ་དག་ཡོད་ཡོད་བདེན་བདེན་དུ་བཤད་ཀྱང་ལེགས་ཆ་ཉུང་བས་བཞག་གོ།

ད་ནི་མཁས་པའི་མདུན་སར་ཉོག་གཏམ་མང་དྲགས་ན་མི་མཛེས་པས། དོན་དངོས་ཀྱི་བརྗོད་བྱ་ལ་འཇུག་པར་བྱ་ལ། སྤྱིར་བཀའ་འཁོར་ལོ་ཐོག་མཐའ་བར་གསུམ་ལས་དམ་པའི་ཆོས་ཀྱི་རྣམས་གྲངས་ཤིན་ཏུ་རྒྱ་ཆེན་པོ་ཞིག་གསུངས་ན་ཡང་། དེ་རྣམས་བསྡུས་ན་སངས་རྒྱས་ཉིད་ཀྱི་ཞལ་སྔ་ནས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་པ་བཞིན་མ་རབས་ལས་ངན་གྱི་བྱ་སྤྱོད་རྣམས་སྤངས་ཏེ། སེམས་བཟང་དང་ཡ་རབས་ཀྱི་གཤིས་སྤྱོད་གོང་སྤེལ་གཏོང་བ་ནི་ནང་ཆོས་ཀྱི་རྩ་བར་གཏོགས་ཤིང་། བདག་མེད་དང་རྟེན་འབྲེལ་གྱི་དོན་ལ་གོམས་པར་བྱས་ཏེ། བདག་འཛིན་ལྕགས་ཀྱི་ཐག་པ་དེ་དུམ་བུར་གཅོད་པ་ནི་ནང་ཆོས་ཀྱི་ལྟ་བའི་སྙིང་པོར་ངེས།

དེ་ལ་ཞིབ་ཏུ་བཤད་ན། བྱམས་དང་སྙིང་རྗེ་ཞེས་པ་འདི་ཆོས་ལུགས་ཐམས་ཅད་ལ་བཤད་པ་ཡོད་ཚོད་འདུག་ནའང་། ཆོས་ལུགས་གཞན་ནས་བྱམས་དང་སྙིང་རྗེ་ཇི་ཙམ་བཤད་ཀྱང་། ཕྱོགས་སུ་མ་ལྷུང་བ་ཞིག་ནི་ཕལ་ཆེར་སྲིད་ཚོད་མི་འདུག་སྐད། ཆོས་ལུགས་འགའ་ཞིག་གིས་འགྲོ་བ་མིའི་རིགས་ལ་སྙིང་རྗེ་བྱས་ཀྱང་དེ་ལས་གཞན་དུད་འགྲོ་སོགས་ལ་སྙིང་རྗེ་མི་བྱེད་པ་དང་། ཆོས་ལུགས་འགའ་ཞིག་ནི་རང་ཕྱོགས་ཀྱི་གཉེན་ཉེ་སོགས་ལ་སྙིང་རྗེ་བསྒོམས་ཀྱང་གཞན་དགྲ་བོར་སྙིང་རྗེ་མི་སྒོམ་པ་སོགས་མདོར་ན་ཕྱོགས་ལྷུང་ཅན་ཤ་སྟག་ཏུ་ངེས། སྙིང་རྗེ་ཞེས་པ་དེ་གཞན་སྡུག་བསྔལ་ལས་གྲོལ་འདོད་ཀྱི་བསམ་པ་ཞིག་ཡིན་པའི་དབང་དུ་བཏང་ན། ཆོས་ལུགས་ཙམ་དུ་མ་ཟད་ཤིན་ཏུ་གཏུམ་རྔམ་ཅན་གྱི་གཅན་གཟན་རྣམས་ལ་ཡང་རང་གི་བུ་ཕྲུག་སྡུག་བསྔལ་དང་འབྲལ་འདོད་ཀྱི་བརྩེ་བ་ནི་མཐོང་ཆོས་སུ་གྱུར་ན། དེ་སྙིང་རྗེ་མིན་ཞེས་སུ་ཞིག་གིས་དམ་བཅའ་ཕོད། འོན་ཏང་ནང་ཆོས་ཀྱི་རྩ་བར་གྱུར་པའི་སྙིང་རྗེ་ནི་རླབས་ཆེ་བའི་བསམ་པ་ཞིག་སྟེ། སྡུག་བསྔལ་གྱིས་མནར་བའི་སེམས་ཅན་ཡོད་དོ་ཅོག་སྡུག་བསྔལ་དེ་ལས་ཐར་འདོད་ཀྱི་རྒྱ་མ་ཆད་པ་དང་ཕྱོགས་སུ་མ་ལྷུང་བའི་བསམ་པ་བླ་མེད་ཅིག་གོ །དེ་འདྲའི་བསམ་པ་ཞིག་ཤེས་བྱར་སྲིད་དམ་སྙམ་ན། དེ་ནི་ག་ཤེད་དུ་ཡོད་མེད་འཚོལ་མི་དགོས་པར། རང་གི་ཕ་མ་མིང་སྲིང་དང་གཉེན་ཉེ་གྲོགས་པོ་གང་དུའང་མི་གཏོགས་ཤིང་། མིང་ཙམ་ཡང་གོ་མ་མྱོང་བའི་ཉམ་ཐག་པའི་སྐྱེ་འགྲོ་རྣམས་ལ་གཅེས་ཤིང་ཕོངས་པའི་མཁལ་མ་དང་གློ་མཆིན་སྦྱིན་པ་བཏང་དང་གཏོང་བཞིན་དུ་མཆིས་པ་དག་ནི་མིག་གི་མངོན་སུམ་དུ་གྱུར་འདུག་པ་ལ་སུས་ཀྱང་བསྙོན་མི་ནུས་སོ།།

དེས་ན་རང་ལས་གཞན་གཅེས་ཀྱི་རྨད་བྱུང་གི་བསམ་པ་དེ་འདྲ་ཡོད་ཅེས་དེས་འགྲེལ་བཤད་ཏན་ཏན་ཏིག་ཏིག་ཅིག་ངང་གིས་རྒྱག་ངེས་ཤིང་། སྔོན་དུས་སུ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རླབས་པོ་ཆེའི་མཛད་སྤྱོད་སྟོན་ཚུལ་ཤིན་ཏུ་མོད་ནའང་། དེ་དག་རེ་རེ་ནས་བགྲངས་ན་ཁྱེད་ཀྱི་རྣ་བ་ཚ་འགྲོ་བས་རྒྱས་སྤྲོས་བྱེད་པ་བཞག་ལ། དེ་ལྟ་བུའི་སྙིང་རྗེ་ཁྱད་པར་བ་དེ་ནི་དུས་རེས་འགའ་ཙམ་མ་ཡིན་པར་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་གཞན་གྱི་དོན་དུ་བརྩོན་པ་དང་། མཐོ་དམན་ཆེ་ཆུང་མེད་པ་ཀུན་ལ་ཁྱབ་མཉམ་ཡིན་པས་བསམ་པ་དེ་འདྲ་དེ་ནི་དགོས་འདོད་སྟེར་བའི་ནོར་བུ་ཞིག་དང་ཀུན་ནས་མཚུངས་སོ། །ད་དུང་དེ་ཙམ་དུ་མ་ཟད་བྱང་ཆུབ་ཀྱི་སེམས་ནི། མར་སེམས་ཅན་ལ་དམིགས་ནས་སེམས་ཅན་དེ་དག་སྡུག་བསྔལ་བར་ཡོངས་སུ་གཟིགས་ནས་སྡུག་བསྔལ་དེ་ལས་ཐར་ན་ཅི་མ་རུང་སྙམ་ཞིང་། དེ་དག་སྐྱོབ་པའི་ཕྱིར་དུ་ཡར་རྫོགས་བྱང་ལ་དམིགས་ཏེ་དེ་ཉིད་འཐོབ་ཕྱིར་དུ་མཆོག་གསུམ་སྐྱབས་སུ་བསྟེན་ནས་ཡང་དག་པའི་ལམ་ལ་ཞུགས་པ་ཡིན་ནོ། །འདི་ལ་གཞུང་ལུགས་ལས་དོན་གཉིས་སམ་ཟུར་གཉིས་ལྡན་པའི་བྱང་ཆུབ་ཀྱི་སེམས་ཞེས་བརྗོད་དོ། །ནང་ཆོས་ཀྱི་རྩ་བར་གྱུར་པའི་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ནི་དེང་གི་དུས་སུ་ཁ་ཚ་དགོས་གཏུགས་སུ་ཆེས་ཉེ་བར་མཁོ་བ་ཞིག་ཅིའི་ཕྱིར་མིན་ཏེ། སྒེར་སེམས་གཞན་མགོ་རྡུང་བྱེད་ཀྱི་ཐོ་བ་རེ་ཁུར་ནས་དམའ་བ་ལ་བརྙས་སྨོད་དང་། མཐོ་བ་ལ་ཟུར་ཟ་ཕྲག་དོག་བྱེད་ཅིང་། འཛམ་གླིང་གི་ས་སྒང་འདི་ཡང་འཁྲུག་འཛིང་གིས་ཡོམ་ཡོམ་བྱེད་དུས་བླ་ལྷག་ཏུ་བྱམས་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཞེས་པ་ནི། ཞི་བསིལ་སྟེར་བའི་མཁའ་དབྱིངས་ཀྱི་དུང་ཟླ་ཞིག་དང་། དྲོ་འཇམ་སྦྱིན་པའི་གསེར་མདོག་གི་ཉི་མ་ཞིག་གོ།

ལྟ་བ་གང་ཟག་གི་བདག་མེད་ཅེས་པ་དང་སྟོང་རྟེན་འབྱུང་ཞེས་པ་ནི། སྤྱིར་གང་ཟག་དང་ཆོས་ཅི་ཡང་མི་དམིགས་པ་ལྟ་བུར་གོ་བ་ག་ལ་ཡིན་ཏེ། མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་པ་འདི་དག་སུས་ཀྱང་འགོག་མི་ནུས་པས་སོ། །འོན་ཀྱང་བསླུ་མེད་བསྙོན་མེད་དུ་སྣང་བཞིན་པའི་དངོས་པོ་འདི་དག་ལ་ཞིབ་འཇུག་བྱས་ཏེ་བརྟགས་ན་རྙེད་པའི་ཆ་ཕྲ་རབ་ཙམ་ཡང་མི་སྲིད་དེ། དཔེར་ན་གང་ཟག་ལྟ་བུར་མཚོན་ན་མགོ་དང་རྐང་ལག་སོགས་རེ་རེ་ནས་བསལ་བའི་ཤུལ་ན་གང་ཟག་ཅེས་རྡོག་རྡོག་རག་རྒྱུ་མེད་དེ། གལ་ཏེ་བཞག་ན་མགོ་ཡི་སྐྲ་ཉག་མ་གཅིག་རླུང་གིས་སྤུར་བ་ན་གང་ཟག་དེ་སྤུར་ཞེས་བཞག་དགོས་པས་ཤིན་ཏུ་མི་རུང་ངོ་། །ཡན་ལག་དེ་དག་ཚོགས་པའི་རིལ་པོ་དེ་ནི་གང་ཟག་འཇོག་མི་ཐུབ་སྟེ། གང་ཟག་ཅེས་ལག་གིས་བཟུང་དུ་ཡོད་པ་དང་། མིག་གིས་མཐོང་དུ་ཡོད་པ་སོགས་མདོར་ན་སྒོ་ལྔའི་ཤེས་པ་གང་གིས་ཀྱང་མཐོང་ཐོས་དྲན་རེག་མེད་པ་དང་། ཡིད་ཀྱི་རྣམ་པར་རྟོག་པས་ཀྱང་རག་མི་སྲིད་པས་སོ།།

དེས་ན་གང་ཟག་ཅེས་གང་དུ་ཡང་རྙེད་དུ་མེད་ལ་ཅི་ཡང་གཞག་ཏུ་མེད་པའི་ཆ་ནས་གང་ཟག་གི་བདག་མེད་དང་། དེ་བཞིན་དུ་ཆོས་རྣམས་ཀྱང་གཅིག་ལ་ལྟོས་ནས་གཅིག་བཞག་པ་ཤ་སྟག་མ་གཏོགས་རང་དབང་ཚུགས་ཐུབ་ཅན་ཞིག་གཞག་ཏུ་མེད་དེ། དཔེར་ན་མཐོ་བ་ལ་ལྟོས་ནས་དམའ་བ་དང་། རིང་པོ་ལ་ལྟོས་ནས་ཐུང་ངུ་། མི་རྟག་པ་ལ་ལྟོས་ནས་རྟག་པ། ཡོད་པ་ལ་ལྟོས་ནས་མེད་པ་སོགས་བཞག་པ་བཞིན་ཆོས་རྣམས་ཐམས་ཅད་འདིའི་ངང་ཚུལ་དུ་གནས་སོ། །དེར་བརྟེན་འདི་ལ་རྟེན་འབྲེལ་ཞེས་བྱ་ཞིང་། འདི་ཡི་ངོ་བོའང་བརྟགས་ན་དབེན་པའི་རང་བཞིན་ཡིན་པས་སྟོང་ཉིད་ཅེས་བརྗོད་པ་ལས། སྣང་དུ་མི་རུང་བའི་མེད་པ་མེད་རྐྱང་ཞིག་ཏུ་གོ་བ་ནི་ནོར་བའི་བདག་ཉིད་དོ།།

འོ་ན་གང་ཟག་གི་བདག་མེད་ཅེས་པ་དང་། སྟོང་རྟེན་འབྱུང་ཞེས་པ་དེ་འདྲ་ཞིག་ཡིན་པའི་དབང་དུ་བཏང་ན་ཡང་། དེ་ལ་སྦྱོང་བ་བྱས་པའི་ཡོན་ཏན་ཅི་ཞིག་འབྱུང་། དེ་ཤེས་པའི་ཕན་ཐོགས་གང་ཞིག་ཡོད་སྙམ་ན། ཟབ་ས་ནས་བཤད་ན་ཁྱེད་ཀྱི་བཀའ་བཀྱོན་གྱིས་ཁོ་བོའི་རྣ་བ་འགེམས་པར་བྱེད་པས། དེ་བས་གོ་བདེ་ས་ཞིག་ནས་བཤད་ན། བདག་བདེ་བའི་ཆེད་དུ་བྱ་བ་དཀར་ནག་སྣ་ཚོགས་པར་འཇུག་ལ། དེའི་སྟོབས་ཀྱིས་རང་རྒྱལ་གཞན་ཕམ་གྱི་འདུ་ཤེས་འདྲ་མིན་གྱི་དབང་གིས་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་བར་གྱི་རྙོག་འཛིང་། ལུང་པ་དང་ལུང་པའི་བར་གྱི་འཁོན་འཛིན། སྒེར་དང་སྒེར་གྱི་བར་གྱི་འཁྲུག་རྩོད་ཇི་སྙེད་ཅིག་འབྱུང་གི་ཡོད་པ་དེ་དག་ནི། བདག་གི་ཆེད་དུ་མིན་ན་ཡོང་མི་སྲིད་ལ། བདག་གི་ངོ་བོ་མ་གྲུབ་པར་ཤེས་ན་དེ་རྣམས་ཀྱང་ངམ་ངམ་ཤུགས་ཤུགས་ཀྱིས་ཞི་བར་འགྱུར་ཏེ། དཔེར་ན་སྡོང་པོ་རྩ་བ་ནས་བཅད་ན་ཡལ་ག་རྣམས་ངང་གིས་འགྱེལ་བ་བཞིན་ནོ། །དུས་ཀྱི་འཕོ་འགྱུར་ཞིག་གིས་དེང་གི་དུས་སུ་རྣམ་རྟོག་གི་འཕེལ་ཁ་ནི་ཤིན་ཏུ་རྒོད་ཅིང་། བསམ་བློའི་ཞིབ་དཔྱོད་མེད་པར་གཞན་ཟེར་རྗེས་ཟློས་ཀྱིས་དུས་འདའ་བའི་སྐབས་འདིར། རྒྱུ་གང་ལ་བརྟེན་ནས་འབྲས་བུ་གང་ཞིག་འབྱུང་མིན་དང་། བྱ་བ་གང་ཞིག་གིས་འབྲས་བུ་བཟང་ངན་གང་ཞིག་འབྱུང་མིན་སོགས་ཀྱི་རྣམ་གཞག་ཅི་ཡང་མི་ཤེས་པར། བསམ་སྦྱོར་འདྲ་མིན་སྣ་བརྒྱའི་སྒོ་ནས་ལས་རིགས་འདྲ་མིན་རིགས་བརྒྱ་སྤེལ་བཞིན་པ་ཡང་། བསམས་ན་རྟེན་འབྲེལ་དང་སྟོང་ཉིད་ཀྱི་དོན་ལེགས་པོ་ཞིག་ཁོང་དུ་མ་ཤོང་བས་ཡིན་གྱི། སྟོང་རྟེན་འབྱུང་ལ་གོམས་འདྲིས་ཅུང་ཙམ་ཡོད་མཁན་ཞིག་ཡིན་ན། རྒྱུ་རྐྱེན་གང་ལ་བརྟེན་ནས་འབྲས་བུ་གང་ཞིག་འབྱུང་མིན་སོགས་དང་། ཆོས་གང་ཞིག་གང་ལ་ལྟོས་མིན་སོགས་ཀྱང་ཚུལ་བཞིན་རྟོགས་པ་ཡིན་པས་བསམ་སྦྱོར་ངན་པའི་བྱ་འགུལ་འདི་དག་མིག་གི་ཡུལ་དུ་འགྱུར་མི་སྲིད་དོ།།

བསམ་གཞིག་འདི་དག་གི་ཁྲོད་ནས་ཁོ་བོས་འདི་ལྟར་ཤོད་འདོད་བྱུང་། ནང་དོན་གྱིས་སྟོངས་པའི་སྐད་ཆའམ་འགན་མ་ཁུར་བའི་གཏམ་འཆལ་གཅིག་རྗེས་གཉིས་མཐུད་སླེབ་བཞིན་པ་ནི། ནང་ཆོས་ལ་མེད་རབས་དང་། ནང་ཆོས་ཀྱིས་མ་འཇོན་ས་དང་། ནང་ཆོོས་བརྫུན་གྱི་ཕུང་པོ་ཡིན་སྐོར་རྗོད་བཞིན་པ་འདི་དག་རེད། ནང་ཆོས་ལ་སྡང་མིག་དང་། དགག་གཞག་བྱེད་མཁན་དེ་དག་ལ་སྐད་ཆ་ཞིག་དྲི་རྒྱུ་ཡོད་པ་ནི། ཁྱོད་རང་ལ་ནང་ཆོས་ཀྱི་གོ་རྟོགས་རྣལ་མ་ཞིག་ཡོད་དམ། ནང་ཆོས་ཟེར་བ་གང་ཞིག་ཡིན་མིན་ངོས་ཟིན་ཡོད་དམ། ནང་ཆོས་ཀྱི་སྙིང་པོ་རོ་མྱངས་མྱོང་ངམ། ནང་ཆོས་ལ་སློབ་སྦྱོང་དཔྱིས་ཕྱིན་པར་བྱེད་མྱོང་ཡོད་དམ། གལ་ཏེ་ཁྱོད་ལ་དྲི་བ་དེ་རྣམས་ཀྱི་ནང་ནས་གཅིག་མ་ཚང་ན་ནང་ཆོས་ལ་དགག་པ་རྒྱག་རྐྱང་བྱེད་པ་ནི་དགོད་བྲོ་བའི་གནས་ལས་ཅི་ཡང་མ་མཆིས། སྤྱིར་ང་ཚོ་བོད་པའི་སྤྱི་ཚོགས་ནང་གི་ནང་ ཆོས་ལ་དགག་པ་རྒྱག་མཁན་འདི་རྣམས་ནི། མང་ཆེ་ཤོས་དགོན་པར་བསྡད་དེ་རིག་གནས་དང་རིགས་ལམ་ལ་བློ་ཁ་ཅུང་ཕྱོགས་མྱོང་བའི་གྲྭ་ལོག་ཤ་སྟག་ཡིན་ལ། དགོན་པའི་ནང་ནས་ནང་ཆོས་ལ་གོ་རྟོགས་མེད་གྲས་དང་། ཤེས་ཡོན་མེད་གྲས་ཤིག་ཡིན་པ་ལས། དགོན་སྡེའི་ཁྲོད་དུ་ནང་ཆོས་ལ་གོ་རྟོགས་ཡོད་པར་གྲགས་པ་རྣམས་ནི། དད་ལོག་གི་གནས་སུ་འཁྱམས་པ་ཕལ་ཆེར་མ་མཐོང་ངོ་། །མི་སུ་ཡིན་ཡང་བསྟོད་པར་དགའ་ཞིང་། སྨད་པར་མི་དགའ་བ་ནི་ཕལ་པའི་རང་གཤིས་སུ་གྲུབ་ཡོད་ལ། དེ་དང་གཅིག་མཚུངས་གྲྭ་ལོག་དད་ལོག་ཅན་རྣམས་ཀྱང་དགོན་པའི་ནང་ནས་ནང་ཆོས་ལ་སྦྱོང་བ་ཚུལ་བཞིན་མ་བྱས་པས། མི་རྣམས་ཀྱིས་ཀྱང་ཆེ་མཐོང་མེད་པར་མ་ཟད་ཁ་རྡུང་ཕྲན་བུ་རེ་ཡང་བཏང་བར་བརྟེན། གྲྭ་ས་ལས་སྐྱ་སར་བབས་ཏེ། ཞེ་འཁོན་དང་སྡང་ཟུག་ཡོད་ཚད་ཀྱི་ནད་སྐྲན་ཁོང་དུ་ཉར་ནས། འཁང་ར་དང་བརླང་སྤྱོད་བྱེད་པ་ལ་ཡང་རྒྱུ་མཚན་ཅུང་ཙམ་མེད་པ་ག་ལ་ཡིན། རྒྱུ་མཚན་དེ་ཙམ་གྱིས་ནང་ཆོས་སྐྱོན་ཅན་དུ་སྒྲུབ་པར་བྱེད་པ་ནི་ཕྱོགས་ལྷུང་ཅན་ཞིག་ཡིན་པ་ལས་འོས་མེད་ལ། ནང་ཆོས་ཀྱི་ཟབ་གནད་ཧ་གོ་བའི་ཐོག་ནས་སྐྱོན་དེ་དག་བཏང་ཡོད་མེད་ནི་གོང་དུ་སྨོས་པ་བཞིན། ནང་ཆོས་ཀྱི་བསྟི་གནས་དགོན་སྡེ་ཁག་ཏུ་སྡོད་པའི་རིང་ལ་ནང་ཆོས་ཀྱི་འགྲོ་སྟངས་ཅུང་ཙམ་ཡང་མ་ཤེས་པར། གྲོང་དུ་སླེབས་པ་ན་ནང་ཆོས་ལ་གོ་རྟོགས་ཅན་གྱི་མཁས་པ་དེ་འདྲ་ཞིག་ཏུ་གྱུར་པ་ནི་ཤིན་ཏུ་ཡ་མཚར་རོ།།

སྤྱིར་ནང་ཆོས་ལ་དགག་གཞག་གཏན་ནས་མི་ཆོག་ཅེས་པའི་དོན་ག་ལ་ཡིན་ཏེ། སྟོན་པ་སངས་རྒྱས་ཉིད་ཀྱིས་ཀྱང་ཐུགས་གཞིག་གུ་ཡངས་པོས། ངས་ནི་ཁྱོད་ལ་ཐར་པའི་ཐབས་བསྟན་གྱིས། །ཐར་པ་རང་ལ་རག་ལས་ཤེས་པར་གྱིས། །ཞེས་དང་། དགེ་སློང་དག་གམ་མཁས་རྣམས་ཀྱིས། །སྲེག་བཅད་བརྡར་བའི་གསེེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུང་གི་དབུགས་དབྱུང་བསྩལ་པ་བཞིན། ནང་ཆོས་ལ་བློ་ཡིས་ཞིབ་མོར་བརྟགས་ཏེ་ཡང་དག་པ་མ་ཡིན་པར་མཐོང་ན་འགོག་བྱེད་ཀྱི་སུན་འབྱིན་བརྗོད་ཀྱང་ཡ་རབས་དམ་པའི་སྲོལ་ཡིན་ལ། ཡང་དག་ཡིན་པར་མཐོང་སྟེ་ཡིད་ཆེས་དང་བཅས་པས་རྗེས་སུ་འབྲངས་པ་ནི། ཤེས་ནས་ཐོབ་པའི་དད་པ་ཞེས་བསྙད་ཅིང་། དད་པའི་ནང་ནས་ལེགས་ཤོས་དེ་ཡིན་ནོ།།

ཡང་དེང་གི་དུས་སུ་ནང་ཆོས་ཀྱི་གོ་ས་ནོར་ཏེ་སྔོན་ཐོན་གྱི་བསམ་བློ་བ་ཡིན་ཟེར་མཁན་རྣམས་ཀྱིས་ཀྱང་། ནང་པའི་གཟུགས་བརྙན་འཛིན་པའི་གྲྭ་རྒན་དང་བླ་རྒན་འགའ་རེ་ཚུལ་མིན་གྱི་ལས་ལ་ཞུགས་པ་དང་། གྲྭ་པ་སེར་མོ་བའི་ནང་གསེས་སུ་རྫུན་དང་གྱ་གྱུས་གཞན་མགོ་སྐོར་མཁན་ཡོད་པ་དང་། ནང་པའི་སྒོར་ཞུགས་པའི་མི་སེར་ཚོའི་ཁྲོད་དུ་མི་གསོད་འཁྲུག་འཛིང་སོགས་ཀྱི་སྐྱུག་བྲོ་བའི་གནས་ཚུལ་ཡོད་པ་སོགས་རྒྱུ་མཚན་དུ་བྱས་ཏེ། ནང་ཆོས་ལ་སྙིང་པོ་མེད་ཚུལ་གླེང་བ་ཡང་ཞིབ་ཏུ་བསམས་ན། སྡང་ཞུགས་ཀྱིས་སྨྲས་པ་ཞིག་ལས་རྒྱུ་མཚན་ཅན་གྱི་སྒྲུབ་བྱེད་ཅིག་ནི་མ་མཐོང་ངོ་།།

དེ་དང་འདྲ་བ་ནང་ཆོས་ཀྱི་སྙིང་པོ་མ་རྟོགས་ཤིང་། ནང་ཆོས་ཀྱི་ལྟ་གྲུབ་མ་མྱངས་པའི་སྐྱེས་བུ་མང་དག་ཅིག་གིས་ནང་ཆོས་ཟེར་བ་ནི་མངོན་ཤེས་ཤོད་མཁན་དང་། རྫུ་འཕྲུལ་སྟོན་མཁན་ལྟ་བུར་ངོས་འཛིན་བྱས་ཏེ། ནང་པའི་བླ་མ་དག་ལ་མངོན་ཤེས་དང་རྫུ་འཕྲུལ་མེད་པ་གཏན་ཚིགས་སུ་བཀོད་ནས་ནང་ཆོས་ལ་སྐྱོན་བརྗོད་ཀྱི་མདའ་མདུང་འཕེན་པ་དེ་ཡང་། དཔྱད་ན་སྙིང་པོའི་དོན་མ་རྟོགས་པའི་རང་གཤིས་ངོམས་པ་ཞིག་ལས་སྒྲུབ་བྱེད་ཡང་དག་དང་། ཧ་ལས་འོས་པའི་རྣམ་ དཔྱོད་ཅིག་ནི་མི་འདུག་སྙམ། དེས་ན་གོང་སྨྲས་ལྟར་ཆོ་ག་ཕྱག་ལེན་དང་མོ་རྩིས་ལུང་བསྟན་ལྟ་བུ་ནི་འཕྲལ་གྱི་བར་ཆད་སེལ་བ་ཙམ་ལས། མཐར་ཐུག་གཏན་བདེའི་གོ་འཕང་འཐོབ་བྱེད་དུ་རློམ་པ་ནི་མི་རིགས་ཏེ། ནང་པའི་གཞུང་ལས་མཐར་ཐུག་གཏན་བདེའི་གོ་འཕང་འཐོབ་པར་རང་གི་གཤིས་ཀ་ལེགས་བསྒྱུར་བྱས་ཏེ། སེམས་མ་རངས་པ་ཡོད་ཚད་རྩ་བརླག་བཏང་ན་སེམས་ཀྱི་ཞི་བདེ་འཐོབ་ཐུབ་གསུངས་འདུག་པ་ལས། ཚིག་སྐམ་ཁར་ཁྱེར་བའི་ཆོ་ག་ཕྱག་ལེན་དང་མོ་རྩིས་ལུང་བསྟན་ཙམ་ལ་བརྟེན་ནས་ཉོན་མོངས་རྣམས་གཏན་ཏུ་བཅོམ་སྟེ། སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་ཚུལ་ཞིག་ནི་ཡོད་རབས་མི་འདུག་གོ །དེ་ལྟར་ཉག་ཉོག་གི་ཚིག་འབྲུ་མང་པོ་ཞིག་སྤུངས་མཐར། མཇུག་སྡོམ་གྱི་སྐད་ཆ་ཞིག་ཀྱང་མ་བཤད་ན། མགོ་ཡོད་རྔ་མེད་ཨ་བྲ་ལྟ་བུར་འགྱུར་སྲིད་པས་ཉུང་ངུ་ཞིག་བྲི་བར་བྱའོ།།

ད་ནི་ཁོ་བོས་འདི་ནས་ནང་ཆོས་ཀྱི་རྩ་བ་སྙིང་རྗེ་དང་། བྱང་ཆུབ་ཀྱི་སེམས། སྟོང་རྟེན་འབྲེལ་གྱི་རྣམ་གཞག་རང་བློར་གང་ཤར་ཞིག་བྲིས་པའི་ཁུལ་བྱས་ནའང་། རང་ཉིད་ལ་གོམས་འདྲིས་དང་། ལག་ལེན་ནི་ཕ་རིའི་སྤང་རྒྱན་གྱི་དཔེ་རུ་སོང་། ཡིན་ན་ཡང་མི་རེ་ལ་བསམ་ཚུལ་ལམ་འཆར་ཚུལ་རེ་ནི་སུ་ལའང་ཡོད་སྲིད་ཅིང་། བློའི་འཆར་ཚུལ་དག་བརྗོད་པ་ནི་མི་འོས་པ་དང་མི་འཚམ་པ་གང་ཡང་མེད་ལ། ལྷག་པར་དྲང་བདེན་དང་གནས་ལུགས་ཡོད་པའི་ཕྱོགས་ལ་རྒྱབ་སྐྱོར་དང་སེམས་ཁུར་བྱེད་པ་ནི་ཆེས་འོས་ཤིང་རྒྱུ་མཚན་ལྡན་པ་ཞིག་ཏུ་ཅིས་ཀྱང་མཐོང་ཞིང་། དེས་ན་རྒྱུ་མཚན་དེ་དག་བློར་བཟུང་སྟེ་རང་ཉིད་ལ་ནང་ཆོས་ཀྱི་གོ་རྟོགས་ཆེན་པོ་ཅི་ཡང་མེད་ཀྱང་། ནང་ཆོས་ནི་འགྲོ་བ་མིའི་རིགས་ལ་ཤིན་ཏུ་དགོས་མཁོ་ཅན་ཞིག་དང་། ནང་ཆོས་ནི་གཡོ་ཟོལ་མེད་པའི་དྲང་བདེན་གྱི་ལམ་བུ་ཞིག་ཏུ་མཐོང་བས། བསམ་བློའི་ཁ་ཕྱོགས་བརྗོད་པའི་ཆ་ཤས་བླངས་པ་ཙམ་ལས། ཁོ་བོར་ནང་ཆོས་ཀྱི་གོ་རྟོགས་དང་ནང་ཆོས་ཉམས་ལེན་ཡོད་མདོག་གི་ཚུགས་ཀ་ངོམ་འདོད་ནི་ཡེ་ནས་མེད་དོ།།

མདོར་ན་སེམས་བཟང་དང་གཤིས་བཟང་བྱ་རྒྱུ་ནི་ལྷ་ཆོས་རིག་པ་ཙམ་དུ་མི་ཚད་མི་ཆོས་རིག་པ་ནས་ཀྱང་ཤིན་ཏུ་འོས་ཤིང་འཐད་པར་བཤད་ལ། མི་ཆོས་རིག་པ་ནས་བཤད་པའི་ཡ་རབས་སྤྱོད་བཟང་ཞེས་པའང་འདི་ལྟ་བུར་ངོས་འཛིན་དགོས་པ་ལས་འདི་ཡི་ལོགས་ན་ཡ་རབས་སྤྱོད་བཟང་གི་དོན་ཞིག་རྙེད་པར་མི་སྲིད་སྙམ། སེམས་ཀྱི་སྡུག་བསྔལ་ཡོད་དོ་ཅོག་སེམས་ཀྱི་འཛིན་སྟངས་ཤིག་ལས་བྱུང་བ་ནི་སྨོས་ཅི་དགོས། སྡུག་བསྔལ་དེ་དག་ཞི་བའི་ཐབས་ཀྱང་ནང་པའི་བཀའ་བསྟན་རྣམས་ལས་སེམས་མ་རུང་བ་རེ་རེར་གཉེན་པོ་རེ་རེར་གསུངས་པ་ལས་གུད་ན་རྙེད་པ་མི་སྲིད་ལ། དེའི་ཕྱིར་ན་ནང་ཆོས་ནི་ཟུག་རྔུ་འཇོམས་པར་བྱེད་པའི་སྨན་མཆོག་ཅིའི་ཕྱིར་མིན་ཏེ་ཡིན་ནོ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།