སློབ་དཔོན་སྲིད་ཐར་རྒྱལ་མཚན།
རྒྱལ་བ་ཀུན་ཀྱི་མཁྱེན་པ་དྭངས་མ་མཚན་དཔེའི་མདངས་སུ་རབ་བཀྲ་བ།།
མུ་མེད་འགྲོ་བའི་བློ་ཡི་མུན་པ་ཡོངས་སུ་སེལ་བའི་འོད་ཕྲེང་ཅན།།
དེ་རིང་བདག་བློའི་ཁབ་ཏུ་བཞུགས་ནས་ཟབ་རྒྱས་གཅོད་པའི་ཤེས་རབ་དབལ།།
ད་ལྟ་ཉིད་དུ་སྩོལ་བར་མཛོད་ཅིག་འཇམ་དབྱངས་སྨྲ་བའི་སེངྒེ་ཀྱེ།།
ཞེས་ལྷག་པའི་ལྷ་མཆོག་གང་ལ་གསོལ་བ་འདེབས་པ་སྔོན་དུ་འགྲོ་བའི་སྒོ་ནས་འདིར་སྦྱོར་ལམ་མཉམ་བཞག་གི་ངོ་བོ་རྟོག་པ་དང་རྟོག་མེད་གང་ཞིག་འཇོག་དགོས་མིན་ཅུང་ཟད་དཔྱད་པ་ལ། མངོན་རྟོགས་རྒྱན་ལས། ངེས་འབྱེད་ཡན་ལག་རྣམ་བཞི་དང་། ཞེས་པ་ལས་འཕྲོས་པ་ལྟར། ཐེག་ཆེན་སྦྱོར་ལམ་གྱི་མཚན་ཉིད་ནི། གྲུབ་མཐའ་མཛོད་ལས། ཐེག་ཆེན་ཚོགས་ལམ་རྫོགས་པའི་རྗེས་སུ་བྱུང་ཞིང་ཐེག་ཆེན་དུ་གཏོགས་པ་གང་ཞིག་ཐེག་པ་ཆེན་པོའི་མཐོང་ལམ་སྐད་ཅིག་དང་པོ་ཤེས་རྒྱུད་ལ་སྐྱེ་བའི་རྒྱུར་གྱུར་པའོ། །དེ་ལ་དབྱེ་ན་བཞི་ཡོད་ཅིང་། དེ་དག་སོ་སོའི་ངོས་འཛིན་ཚུལ་ཡང་རྒྱན་སྣང་དུ་མདོ་སྡེ་རྒྱན་ལས་བྱུང་བ་ལྟར་དང་། འགྲེལ་པ་དོན་གསལ་དུ་མདོ་དང་རྒྱན་གྱི་དགོངས་པ་ཐད་སོར་བཞག་ནས་བསྟན་ཚུལ་གཉིས་སྣང་བ་ལས། དང་པོ་ནི། མདོ་སྡེ་རྒྱན་ལས། དེ་ནས་དེ་འདྲར་གྱུར་པ་ཡི། །བྱང་ཆུབ་སེམས་དཔའ་མཉམ་བཞག་པས། །ཡིད་ཀྱི་བརྗོད་པ་མ་གཏོགས་པ། །དོན་ཀུན་རབ་ཏུ་མི་མཐོང་ངོ་། །ཞེས་པས་དྲོད་བསྟན། དེ་ཉིད་ལས། ཆོས་ཀྱི་སྣང་བ་འཕེལ་བྱའི་ཕྱིར། །བརྩོན་འགྲུས་བརྟན་པོ་ཀུན་ཏུ་རྩོམ། །ཞེས་པས་རྩེ་མོ་བསྟན།
ཆོས་ཀྱི་སྣང་བ་འཕེལ་ནས་ནི། །སེམས་ཙམ་ལ་ནི་གནས་པར་འགྱུར། །དེ་ནས་དོན་དུ་སྣང་བ་ནི། །སེམས་སུ་རབ་ཏུ་མཐོང་བར་འགྱུར། །དེ་ཚེ་འདི་ཡི་གཟུང་བ་ཡི། །རྣམ་པར་གཡེང་བ་དེ་སྤོང་འགྱུར། །དེ་ནས་དེ་ལ་འཛིན་པ་ཡི། །རྣམ་པར་གཡེང་བ་འབའ་ཞིག་ལུས། །ཞེས་པས་བཟོད་པ་བསྟན། དེ་ཚེ་བར་ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག །འདི་ལྟར་འདི་ཡི་མཇུག་ཐོགས་སུ། །འཛིན་པའི་གཡེང་བ་རྣམ་པར་སྤོང་། །ཞེས་པས་ཆོས་མཆོག་བསྟན་ཏོ། །གཉིས་པ་ནི། དམིགས་པ་མི་རྟག་ལ་སོགས་པ། །ཞེས་སོགས་རྐང་པ་དྲུག་གིས་དྲོད་བསྟན། གཟུགས་སོགས་མི་གནས་དེ་དག་ནི་སོགས་རྐང་པ་བཅུས་རྩེ་མོ་བསྟན། གཟུགས་ངོ་བོ་ཉིད་མེད་ཉིད་སོགས་རྐང་པ་དྲུག་གིས་བཟོད་པ་བསྟན། ཏིང་འཛིན་དེ་ཡི་བྱེད་པ་ཉིད་སོགས་རྐང་པ་བཞིས་ཆོས་མཆོག་བསྟན་ཏོ།།
སྦྱོར་ལམ་མཉམ་བཞག་གི་ངོ་བོ་རྟོག་པར་བཞེད་མཁན་གྱི་མཁས་པ་ངོས་བཟུང་བ། ལེགས་བཤད་གསེར་ཕྲེང་ལས། དེས་ན་སྦྱོར་ལམ་བདག་མེད་ལ་དམིགས་པ་ནི་བདག་མེད་ཀྱི་དོན་སྤྱི་རང་ལ་སྣང་བ་ལ་དེར་མོས་ནས་འཛིན་པའི་དོན་སྤྱི་འཛིན་པའི་བློ་ཡིན་པའི་ཕྱིར་སྒྲ་དོན་སྣང་བའི་རྟོག་པ་ཡིན་ལ། ཞེས་དང་། རྒྱལ་ཚབ་རྗེའི་མངོན་རྟོགས་རྒྱན་གྱི་འགྲེལ་པ་རྣམ་བཤད་སྙིང་པོའི་རྒྱན་ལས། དེས་ན་དེ་ལྟ་བུའི་སྦྱོར་ལམ་མཉམ་བཞག་ནི་སྟོང་ཉིད་རྟོགས་པའི་བཅད་ཤེས་ཀྱི་རྒྱུན་གོམས་པར་བྱས་པའི་སྟོབས་ཀྱིས་སྒོམ་བྱུང་དུ་གྱུར་ནས་སྟོང་ཉིད་ཀྱི་དོན་སྤྱི་གསལ་བར་སྣང་བ་དཔྱོད་པའི་ངོ་བོར་གྱུར་པ་ཡིན་ནོ། །ཞེས་དང་། མཁས་གྲུབ་རྗེའི་འགྲེལ་པ་དོན་གསལ་གྱི་རྣམ་བཤད་རྟོགས་དཀའི་སྣང་བ་ལས། དེས་ན་ཐེག་ཆེན་སྦྱོར་ལམ་མཉམ་བཞག་ཡེ་ཤེས་ནི་སྒྲ་དོན་འཛིན་པའི་རྟོག་པ་ཡིན་ཏེ། རང་ཡུལ་ཆོས་ཉིད་དེ་དེའི་དོན་སྤྱི་ཤར་བའི་སྒོ་ནས་འཛིན་པའི་བློ་ཡིན་པའི་ཕྱིར། ཞེས་དང་། དེས་ནས་ཐེག་ཆེན་སྦྱོར་ལམ་ཕལ་ཆེ་བ་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་ཡིན་ཞིང་། ཞེས་སྒྲ་དོན་འདྲེས་འཛིན་གྱི་རྟོག་པར་ཞལ་གྱིས་བཞེས་པར་སྣང་ངོ་།།
སྦྱོར་ལམ་མཉམ་བཞག་གི་ངོ་བོ་རྟོག་མེད་དུ་བཞེད་མཁན་གྱི་མཁས་པ་ངོས་བཟུང་བ། འཇམ་མགོན་ཀོང་སྤྲུལ་གྱིས་མཛད་པའི་ཤེས་བྱ་ཀུན་ཁྱབ་མཛོད་ཀྱི་སྦྱོར་ལམ་འཆད་པའི་སྐབས། དེ་དག་གི་བློའི་རྣམ་པའི་ངོ་བོ་ནི། མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ལྟོས་ན་རྟོག་བཅས་དང་། སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་ཕལ་བ་ལ་ལྟོས་ན་རྟོག་མེད་མངོན་སུམ་ཡིན་ཏེ། གཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་ཐོབ་པར་བཤད་པས་སོ། །ཞེས་དང་། མངོན་རྟོགས་རྒྱན་གྱི་ཀར་ཊིཀ་རྗེ་བཙུན་ངལ་གསོ་ལས། སྦྱོར་བའི་ལམ་གྱི་མཉམ་བཞག་འདིར་ནི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ཕྱིན་ཅི་མ་ལོག་པ་དང་རྗེས་སུ་མཐུན་པའི་ཕྱིན་ཅི་མ་ལོག་པ་རང་རིག་པའི་མངོན་སུམ་ཡིན་ཏེ། ཇི་སྐད་དུ། རྗེས་སུ་མཐུན་ལ་ཕྱིན་ཅི་ལོག །ཅེས་སོགས་ཀྱི་སྐབས་ནས་བསྟན་པ་ལྟར་ཡིན་ལ། དེའི་ཚེའང་མཉམ་བཞག་དེ་ནི་རང་རིག་མངོན་སུམ་ལས་གཞན་པ་མ་ཡིན་ཏེ། རིག་བྱ་དང་རིག་བྱེད་གཉིས་ཀ་མྱོང་བ་གསལ་རིག་གཅིག་གི་ངོ་བོར་སྐྱེས་པའི་ཕྱིར་རོ། །ཞེས་ཇི་སྐད་བསྟན་པས་རྟོག་མེད་དུ་བཞེད་དམ་སྙམ་མོ།།
སྦྱོར་ལམ་མཉམ་བཞག་གི་ངོ་བོ་རྟོག་རྟོག་མེད་གང་ཡང་མིན་པར་བཞེད་མཁན་གྱི་མཁས་པ་ངོས་བཟུང་བ། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད་པའི་མངོན་རྟོགས་རྒྱན་གྱི་དཀའ་འགྲེལ་ལུང་ཆོས་རྒྱ་མཚོའི་སྙིང་པོ་ལས། ཐེག་པ་ཆེ་ཆུང་གི་སྦྱོར་ལམ་གང་ཡིན་ཡང་རུང་། དེ་དང་དེའི་མཉམ་བཞག་ཡེ་ཤེས་གང་ཡིན་པ་དེ་ཡུལ་བདག་མེད་པ་གཉིས་པོ་གང་རུང་ལ་ཚད་མ་གཉིས་དང་། ཚད་མིན་གྱི་བློ་རིས་གསུམ་མམ་ལྔར་ཕྱེ་བ་དེ་ལས་གང་ཡིན་དཔྱད་དགོས་པ་ཡིན་ཏེ། དེ་དག་གང་དུ་ཁས་བླངས་ཀྱང་དཀའ་བའི་གནས་སུ་གྱུར་པའི་ཕྱིར། དེ་ཡང་འདི་ལྟར་མངོན་སུམ་དུ་ཁས་བླངས་ན་ནི་རྣལ་འབྱོར་པའི་མངོན་སུམ་ལས་མ་འདས་པས། འཕགས་པའི་མངོན་སུམ་ཉིད་དུ་ཐལ་བར་འགྱུར་རོ། །རྗེས་དཔག་ཏུ་ཁས་བླངས་ན་ནི་དེ་གསར་དུ་རྟོགས་པ་དང་། ཐོས་བསམ་གྱི་ཤེས་པ་ཉིད་དུ་ཐལ་བར་འགྱུར་རོ། །ཡིད་དཔྱོད་དུ་ཁས་བླངས་ནའང་ཉེས་པ་དེ་ཉིད་དུ་འགྱུར་ལ། བཅད་ཤེས་སུ་ཁས་བླངས་ན་ནི་རྟོག་པ་བཅད་ཤེས་ལས་འོས་མེད་པས་སྒྲ་དོན་འཛིན་པའི་རྟོག་པ་ཡིན་པའི་ཕྱིར། སྤང་བྱ་ཉིད་དུ་ཐལ་བར་འགྱུར་རོ།།
འོ་ན་ཅི་ཞེ་ན། དེ་དེ་ལ་ལྟོས་ན་ནི་རྟོག་པ་དང་རྟོག་མེད་ཀྱི་ཤེས་པ་གང་ཡང་མ་ཡིན་ནོ། །ཞེས་གོང་གི་དཀའ་འགྲེལ་ལས་སྦྱོར་ལམ་མཉམ་བཞག་རྟོག་རྟོག་མེད་གང་ཡང་མིན་པར་ལུང་རིགས་ཀྱིས་བསྒྲུབས་པར་མཛད་དོ། །ཀུན་མཁྱེན་མི་ཕམ་རྒྱ་མཚོས་སྦྱོར་ལམ་མཉམ་བཞག་རང་རིག་མངོན་སུམ་ཡིན་ཞིང་དེ་ཡང་རྒྱལ་བ་ཀློང་ཆེན་པའི་དགོངས་པར་གསུངས་པ་དང་། རང་ལུགས་ཀྱི་ཡིག་ཆ་རྣམས་སུ་སྦྱོར་ལམ་གྱིས་ཆོས་ཉིད་དོན་སྤྱིའི་ཚུལ་དུ་རྟོགས་པར་བཞེད་པ་འགལ་མི་འགལ་ལ་དཔྱད་པ། གཉུག་སེམས་འོད་གསལ་གྱི་དོན་ལ་དཔྱད་པ་རྫོགས་པ་ཆེན་པོ་གཞི་ལམ་འབྲས་བུའི་ཤན་འབྱེད་བློ་གྲོས་སྣང་བ་ལས། རྫོགས་ཆེན་གྱི་སེམས་ཉིད་ངོ་སྤྲད་པའི་དོན་བཞིན་རང་སེམས་སྐྱེ་མེད་ཀྱི་གནས་ལུགས་ཐད་ཀར་བཟོ་བཅོས་དཔྱད་ར་མི་དགོས་པར་ཐག་ཆོད་ན། དཔེ་ཡི་ཡེ་ཤེས་དངོས་ཡིན་ཏེ། ཆུ་ནང་གི་ཟླ་གཟུགས་ལྟ་བུའོ།།
འདི་འདྲའི་སེམས་ཀྱི་གནས་ལུགས་ཕྱག་ཆེན་ནམ་རྫོགས་ཆེན་རྟོགས་པའི་སྒོམ་པ་པོ་རྣམས་ཀྱིས་འདི་རྗེས་དཔག་གིས་རྟོགས་པ་མ་ཡིན་ཏེ། རང་རིག་གིས་མངོན་སུམ་དུ་རྟོགས་པ་ཡིན་པས་སྐྱེས་བུ་དམ་པ་མང་པོས་ཀྱང་། འདི་སྔགས་ཀྱི་མཐོང་ལམ་ཡིན་ཞེས་གསུངས། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་མེད་པ་ནི་ལུས་རྒྱས་སྒྲིབ་པ་སོགས་སུ་འཆད། ཀློང་ཆེན་རབ་འབྱམས་ཀྱིས་སྔགས་ཀྱི་མཐོང་ལམ་དངོས་མིན་ཡང་ཆོས་ཉིད་དེ་བཞིན་ཉིད་དངོས་སུ་རྟོགས་པ་ཡིན། མཐོང་ལམ་ལ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་ཡོད་དགོས་པས། འདི་རང་རིག་མངོན་སུམ་ཡིན་ཡང་དཔེའི་ཡེ་ཤེས་སུ་བཞེད། དོན་གྱི་ཡེ་ཤེས་ཟླ་བ་དངོས་མཐོང་བ་ལྟ་བུ་མཐོང་ལམ་དུ་བཞེད་དོ། །ཞེས་དང་། གྲུབ་མཐའ་མཛོད་ལས། འདི་ལྟར་སྦྱོར་ལམ་ཆ་བཞི་སྒོམ་དུས་ཀྱི་ཡེ་ཤེས་ཀྱི་ངོ་བོ་མཉམ་བཞག་གི་ཆ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེེས་ཡིན་ལ། དེ་ལས་ལངས་པའི་རྗེས་ཐོབ་ནི་རྟོག་པ་རྟོག་མེད་ཅི་རིགས་སུ་ཡོད་དོ། །ཞེས་དང་། མཁས་འཇུག་ལས། ཡིད་ལ་བྱེད་ཚུལ་ནི། ཐེག་དམན་པས་མི་རྟག་སྡུག་བསྔལ་བདག་མེད་སོགས་འབའ་ཞིག་གི་རྣམ་པར་རྟོག་ཅིང་ཡིད་ལ་བྱེད། བྱང་སེམས་རྣམས་ཀྱིས་རྗེས་ཐོབ་ཐ་སྙད་ཙམ་དུ་དེ་ལྟར་ཤེས་པར་ཡང་བྱེད་ལ་སྒྱུ་མ་ལྟ་བུར་མངོན་པར་མ་ཞེན་པའི་ཚུལ་གྱིས་འཇུག་ཅིང་དོན་དམ་པར་རྟག་མི་རྟག་སྡུག་བསྔལ་མི་བསྔལ་བདག་བདག་མེད་སྟོང་མི་སྟོང་སོགས་ཀྱི་སྒྲོ་འདོགས་སོ་གཉིས་དང་བྲལ་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཆོས་ཉིད་ལ་མཉམ་པར་འཇོག་པས་ཐེག་དམན་ལས་རྟོགས་རིགས་ཆེས་འཕགས་ཤིང་། ཞེས་སོགས་ཀྱིས་མི་རྟོག་པའི་ངོ་བོ་ཡིན་པར་བསྟན་ལ།
སེམས་ཉིད་ངལ་གསོར་སྦྱོར་ལམ་འཆད་པའི་སྐབས། རྟོགས་པའི་ཁྱད་པར་ནི་འཇིག་རྟེན་པའི་སྒོམ་བྱུང་གི་ཡེ་ཤེས་ཀྱིས་བདག་མེད་གཉིས་དོན་སྤྱིའི་ཚུལ་དུ་རྟོགས་པའོ། །ཞེས་དང་། མཁས་འཇུག་ལས། སོ་སྐྱེ་ཡིན་ཡང་ཆོས་ཉིད་ཀྱི་དོན་ལ་དོན་སྤྱིའི་ཚུལ་གྱིས་ལེགས་པར་ཁོང་དུ་ཆུད་པའོ། །ཞེས་དང་། འོད་གསལ་སྙིང་པོར། དང་པོ་མདོ་ལམ་དུ་ཆོས་དབྱིངས་དེ་རྗེས་དཔག་ལ་བརྟེན་ནས་ཡིད་དཔྱོད་ཀྱིས་སྒོམ་ཞིང་། ཞེས་དང་། ཀེ་ཏ་ཀར། མཐའ་བཞི་དང་བྲལ་བའི་ཟུང་འཇུག་དེ་ཡིད་དཔྱོད་ཀྱིས་བསྒོམ་པ་དང་། ཞེས་དང་། ཤན་འབྱེད་བློ་གྲོས་སྣང་བ་ལས། ཆོས་ཉིད་འོད་གསལ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དེ་རྗེས་སུ་དཔག་ནས་ཡིད་དཔྱོད་ཀྱིས་བསྒོམ་པ་མདོ་ལམ། མངོན་སུམ་གཏན་ལ་འབེབས་པ་སྔགས་ཀྱི་རྫོགས་རིམ་ཡིན་ཡང་རྫོགས་རིམ་ལའང་ཉེ་རིང་གི་ཁྱད་པར་མངོན་སུམ་དང་འདྲ་བ་དང་། མཚན་ཉིད་པའི་ཁྱད་པར་ཡོད་པས་མྱུར་བུལ་ཡོད་དོ། །ཞེས་སོགས་ཀྱིས་སྦྱོར་ལམ་མཉམ་བཞག་དེ་ཡང་དཔྱད་པས་དྲངས་པའི་ཡིད་དཔྱོད་དམ་བཅད་ཤེས་སུ་བཞེད་པ་ལྟར་སྣང་ངོ་།།
བཞེད་པ་གཉིས་པོ་འདི་མི་འགལ་ཏེ། རང་ལུགས་ཀྱི་ཡིག་ཆ་འཛིན་པའི་མཁས་པའི་དབང་པོ་འགའ་ཞིག་གིས། སྦྱོར་ལམ་རྟོག་པར་བཤད་པ་མདོ་དང་། རྟོག་མེད་དུ་བཤད་པ་སྔགས་ལ་སྦྱར་བ་ཡིན་ཞེས་པ་ལྟར་འགལ་སྤོང་བྱེད་རུང་བར་མངོན་ཡང་། འདིར་གསང་སྙིང་མཛོད་ལྡེར། འདི་ལ་རང་རིག་མངོན་སུམ་ཞེས་བཤད་པ་ནི། རང་གནས་ཀྱི་ཡེ་ཤེས་གོ་ཡུལ་དུ་མ་ལུས་པར་མངོན་སུམ་དུ་རྟོགས་པའི་རྒྱུ་མཚན་གྱིས་ཡིན་ལ། ལམ་གྱི་འོད་གསལ་མངོན་སུམ་དུ་ཤར་ན་ཆོས་ཉིད་ཀྱི་དབྱིངས་མངོན་སུམ་དུ་མཐོང་བས་མ་ཁྱབ་པས། རྗེ་སྒྲོལ་གཡུང་རྣམ་གཉིས་འདིར་ཆོས་ཉིད་དོན་སྤྱིའི་སྒོ་ནས་མཐོང་བར་བཞེད་པ་དང་ཡང་མི་འགལ་ཏེ། ཇི་སྲིད་གཉིས་སྣང་ཕྲ་མོས་ཀྱང་བར་མ་ཆོད་པའི་ཚུལ་གྱིས་འོད་གསལ་གྱི་དབྱིངས་ལ་འཇུག་མི་ནུས་པ་དེ་སྲིད་དུ་ཆོས་ཉིད་རྗེན་པར་མཐོང་བ་མ་ཡིན་ནོ། །ཞེས་དང་། མཁན་ཆེན་ཡོན་ཏན་རྒྱ་མཚོས་ཡོན་ཏན་མཛོད་ཀྱི་སྨོན་འཇུག་གི་བསླབ་བྱ་བསྟན་པའི་ལེའུ་དགུ་པའི་འགྲེལ་པར། ཆོས་ཉིད་ཀྱི་ངོ་བོ་དངོས་དངོས་མེད་སོགས་ཀྱི་མཚན་མ་གང་དུའང་མ་གྲུབ་ན་བློས་ཀྱང་ཅི་ཡང་མི་འཛིན་པ་དེ་གནས་ཚུལ་དང་མཐུན་པ་ཡིན་པས་རྟོག་བྲལ་དུ་འཇོག་པ་ཡིན་ནའང་། ད་དུང་མཉམ་བཞག་གི་ཚེ་ན་ཡང་རྟོག་བྲལ་གྱི་ངོ་བོ་དེ་སེམས་ཀྱི་སྒྲིབ་གཡོགས་དང་བྲལ་བའི་འདུས་མ་བྱས་པའི་ཡེ་ཤེས་སུ་མ་སོན་པས་དོན་སྤྱིའི་ཚུལ་དུ་བསྒོམ་པ་ཡིན་པར་འདོད་ཀྱི་སྟོང་ཉིད་ཅེས་པའི་མཚན་མ་ཞིག་ཡིད་ཡུལ་དུ་བྱས་ནས་རྟོག་པ་དང་བཅས་པའི་བསྒོམ་པ་ལ་མི་འདོད་པས་འགལ་བ་མེད་དོ། །ཞེས་པའི་ལེགས་བཤད་དག་གིས་དཀའ་གནད་ཀྱི་སྦྲུལ་མདུད་རང་གྲོལ་དུ་གྱུར་པ་ཡིན་ནོ།།
སྦྱོར་ལམ་མཉམ་བཞག་རྟོག་མེད་དུ་བཞེད་པ་རྣམས་ནི། རྒྱན་རྩ་བ་ལས། ཏིང་འཛིན་རྣམ་པར་མི་རྟོག་པ། །ཞེས་དང་། མོས་མིན་འདུ་ཤེས་མེད་པ་ཡིན། །ཞེས་དང་། རྣམ་པ་མངོན་ཞེན་ལ་སོགས་འགོག །ཅེས་དང་། འགྲེལ་ཆུང་དོན་གསལ་ལས། རྣམ་པ་ནི་རྣམ་པར་རྟོག་པ་ཐམས་ཅད་མི་འཐད་པས། ཞེས་པ་སོགས་ལ་བརྟེན་པ་སྟེ་ལུང་དབང་བཙན་དུ་བྱས་པར་སྣང་ཞིང་། རྟོག་པར་བཞེད་པ་རྣམས་ནི་རིགས་པས་དེད་ན་རྟོག་པ་ལས་འོས་མེད་པས་འཐད་པ་དབང་བཙན་བྱས་པ་ཡིན་ནམ་སྙམ་མོ། །རྟོག་རྟོག་མེད་གཉིས་ཀ་མིན་པར་བཞེད་པ་ཡང་། མདོ་སྡེ་རྒྱན་ལས། ཡང་དག་མིན་རྟོག་ཡང་དག་མིན། །ཡང་དག་མ་ཡིིན་མིན་མི་རྟོག །རྟོག་མིན་མི་རྟོག་མ་ཡིན་པ། །ཤེས་བྱ་ཐམས་ཅད་ཡིན་པར་བརྗོད། །ཅེས་པའི་ལུང་ལ་རྒྱབ་རྟེན་བཅོལ་བ་ཡིན་པར་གསལ་ལོ།།
སྦྱོར་ལམ་མཉམ་བཞག་དེ་རྟོག་པ་ཡིན་ཡང་རྣམ་རྟོག་མིན་པའི་ཞིབ་ཆ་ལ་དཔྱད་པ། དེང་སང་རིགས་ལམ་ལ་དགའ་བ་རྣམས་ཀྱིས་སྦྱོར་ལམ་མཉམ་བཞག་རྟོག་པ་ཡིན་ཡང་རྣམ་རྟོག་མིན་ཏེ། རྣམ་རྟོག་དེ་རྣམ་པར་མི་རྟོག་པའི་རྒྱུར་མི་རུང་བའི་ཕྱིར་ཏེ། དེ་བཞིན་རྣམ་པར་རྟོག་བཅས་ལས། །རྣམ་པར་རྟོག་མེད་འབྱུང་མི་འགྱུར། །ཞེས་པའི་ལུང་མ་ཎི་ལྟར་ཟློ་བར་མཛད་དོ། །ལུང་དེའི་དོན་ནི་རྣམ་རྟོག་ཁོ་ན་ལས་མི་རྟོག་པ་མི་འབྱུང་བའི་དོན་ལས་རྣམ་རྟོག་ལས་མི་རྟོག་པ་མི་འབྱུང་བའི་དོན་མིན་ཏེ། ལོ་ཆེན་རིན་པོ་ཆེའི་དྲིས་ལན་ལེགས་བཤད་ཉི་མའི་སྙིང་པོ་ལས། ཐང་འབྲོག་སྤྲུལ་སྐུའི་དྲི་བ་སྣ་ཚོགས་ལན་དང་བཅས་པའི་སྐབས། དུས་འཁོར་ལས། ཀོ་ཊའི་ས་བོན་ལས་འབྲས་བུ་ས་ལུ་མི་སྨིན་པ་བཞིན་དུ་མཚན་བཅས་ཁོ་ནས་མཆོག་གྲུབ་པ་མ་གསུངས། ཞེས་ལུང་དོན་འགྲེལ་ཚུལ་ལྟར་བྱས་ན་རེ་ཞིག་སྐྱོང་བདེ་སྙམ་མོ།།
སྦྱོར་ལམ་མཉམ་བཞག་རྣམ་རྟོག་ཡིན་པའི་ཤེས་བྱེད་ཀྱི་ལུང་ཡོད་དེ། ཀུན་བཏུས་ལས། བདེན་པ་རྣམས་ལ་རྣམ་པ་བཅུ་དྲུག་ནི་འཇིག་རྟེན་ཡང་ཡོད་འཇིག་རྟེན་ལས་འདས་པ་ཡང་ཡོད་དོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ལ་བྱེ་བྲག་ཅི་ཡོད་ཅེ་ན། ཤེས་བྱ་ལ་ལེགས་པར་མ་ཞུགས་པ་དང་ལེགས་པར་ཞུགས་པ་དང་། སྒྲིབ་པ་དང་བཅས་པ་དང་སྒྲིབ་པ་མེད་པ་དང་། རྣམ་པར་རྟོག་པ་དང་བཅས་པ་དང་རྣམ་པར་རྟོག་པ་མེད་པའི་ཕྱིར་ཏེ། འདི་ནི་བྱེ་བྲག་གོ །ཞེས་དང་། དབུ་མ་སྣང་བ་ལས། དེའི་ཕྱིར་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སྐྱེས་ན་རྗེས་སུ་དཔག་པའི་མཚན་ཉིད་ཀྱི་རྣམ་པར་རྟོག་པ་ལྡོོག་པར་གྱུར་ཅིང་རྟེན་མེད་མོད་ཀྱི། འོན་ཀྱང་མི་འདོད་པར་འགྱུར་བ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་འཕགས་པ་དཀོན་མཆོག་བརྩེགས་པ་ལས། ཡང་དག་པར་སོ་སོར་རྟོག་པ་རྣམ་པར་རྟོག་པ་དང་བཅས་པ་ཉིད་ཡིན་ཡང་འབྲས་བུ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བའི་ཕྱིར་འབྲས་བུ་ཆེ་བ་ཉིད་དུ་ཤིང་གཉིས་དྲུད་པ་ལས་བྱུང་བའི་མེའི་དཔེས་རབ་ཏུ་སྟོན་པར་མཛད་དོ། །ཞེས་པས་གསལ་བར་གྲུབ་བོ།།
སྒྲུབ་བྱེད་ཀྱི་རིགས་པ་ཡོད་དེ། སྦྱོར་ལམ་རིགས་ངེས་ཀྱི་མཉམ་བཞག་ཡེ་ཤེས་ཆོས་ཅན། རྣམ་རྟོག་ཡིན་པར་ཐལ། ཟག་མེད་མ་ཡིན་པའི་གསལ་ཞིང་རིག་པ་ཡིན་པའི་ཕྱིར། ཁྱབ་སྟེ། ཟག་མེད་མ་ཡིན་པའི་གསལ་ཞིང་རིག་པ་ནི་ཟག་བཅས་ཡིན་དགོས་ཤིང་། དེ་ཡིན་ན་ཁམས་ཀྱིས་བསྡུས་དགོས། ཁམས་ཀྱིས་བསྡུས་པའི་སེམས་སེམས་བྱུང་ལ་རྣམ་རྟོག་ཡིན་དགོས་ཏེ། ཤན་འབྱེད་བློ་གྲོས་སྣང་བ་ལས། ཁམས་གསུམ་གྱིས་བསྡུས་པའི་སེམས་སེམས་བྱུང་ཐམས་ཅད་ནི་རྣམ་པར་རྟོག་པ་ལས་མ་འདས་པས་རྣམ་ཤེས་ཞེས་བྱ་སྟེ། བདེན་གཉིས་ལས། སེམས་དང་སེམས་བྱུང་ཁམས་གསུམ་པ། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཞེས་པས་སོ། །གསལ་བྱེད་ཀྱི་དཔེ་ཡོད་དེ། རྣམ་རྟོག་དང་རྟོག་པ་ནི་ཞེན་གཞི་རྣམ་པ་དེ་དངོས་སུ་སྨྲས་མ་སྨྲས་ཀྱི་ཁྱད་པར་ཙམ་ཡིན་ཏེ། དཔེར་ན་སེལ་བ་དང་གཞན་སེལ་གཉིས་དོན་གཅིག་ཀྱང་སེལ་གཞི་དངོས་སུ་སྨྲས་མ་སྨྲས་ཀྱི་ཁྱད་པར་ཤོར་བ་ལྟ་བུའོ།།
འདིར་སྨྲས་པ།
རྒྱ་བོད་མཁས་པའི་གཞུང་ལུགས་མཐའ་ཡས་པ། །འཆད་ཉན་བྱས་ཏེ་མི་ཚེ་ཟད་ལ་ཁད།།
དེ་ལྟ་ན་ཡང་རང་སེམས་གྱོང་པོ་འདི། །སྲ་ཞིང་མཁྲེགས་པར་གྱུར་པ་ཅི་ཡིས་ནོངས།།
ལྷན་སྐྱེས་སེམས་ཀྱི་གཤིས་དང་མི་མཛའ་བའི། །འགོག་ཏུ་མེད་པའི་བཅོས་མའི་སྣང་བ་ཀུན།།
ཉེ་བར་ཞི་བའི་ནང་གི་བདེ་བ་ལ། །བདག་གཞན་འགྲོ་བ་མ་ལུས་སྤྱོད་པར་ཤོག །
སྲིད་ཞི་གཉིས་ཀྱི་མཐའ་ལས་འདས་པ་ཡི། །ཐར་པའི་གྲོང་ཁྱེར་བགྲོད་པའི་ཐེམ་སྐས་ཏེ།།
རྒྱལ་བས་གསུངས་པའི་མཐའ་བྲལ་ལྟ་བ་ཡིས། །མཚན་འཛིན་བུད་ཤིང་མ་ལུས་བསྲེག་གྱུར་ཅིག །