སྔོན་འགྲོ་འཛིན་གྲྭའི་སློབ་གཉེར་བ། ཐུབ་བསྟན་དབང་གྲགས།
རིགས་རུས་བཟང་ཞིང་སྲིད་པའི་ཕུན་ཚོགས་ཅི་འདོད་སྤྱོད་པའི་རྒྱལ་སྲས་ཤིག།
འཁོར་བའི་རང་མཚང་རིགས་པས་བརྟོལ་ཏེ་རང་ཉིད་གཅིག་པུར་ནགས་སུ་གཤེགས།།
བདེན་པའི་དོན་ལ་ཡིད་རྟོན་བྱས་ཏེ་ནང་གི་དགྲ་བོ་མཐའ་རུ་བསྐྲད།།
ཐེག་གསུམ་ལམ་གྱིས་འགྲོ་བ་འདུལ་བའི་ཐབས་མཁས་སྐྱེས་བུ་གང་དེར་འདུད།།
རྒྱལ་བའི་རྗེས་འཛིན་རྒྱལ་ཚབ་བྱམས་མགོན་དང་། །རྒྱན་དྲུག་མཆོག་གཉིས་ལ་སོགས་པཎ་གྲུབ་ཀུན།།
དེ་བཞིན་གངས་ལྗོངས་མཁས་པའི་དབང་པོ་བཅས། །དམ་པ་རྣམས་ཀྱིས་བདག་ཡིད་པདྨོ་སྐྱོངས།།
མཚན་ཉིད་གསུམ་གྱི་རྣམ་གཞག་རིགས་པའི་ལམ། །མཁས་པ་རྣམས་ཀྱིས་ཇི་བཞིན་འཆད་དཀའ་ན།།
རྣམ་དཔྱོད་རིང་དུ་བྲལ་བའི་བདག་ལྟ་བུས། །བཤད་པའི་སྤོབས་པ་མེད་ཀྱང་གོམས་འདྲིས་ཙམ།།
ཞེས་སྟོན་པ་ཐུགས་རྗེ་ཅན་དེས་ཤེས་རབ་ཀྱི་རྩལ་ཤུགས་ལས་གདུལ་བྱའི་ཁམས་དབང་མོས་པ་དང་མཐུན་པའི་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་ན། བཀའ་འཁོར་ལོ་རིམ་པ་གསུམ་དུ་འདུས་ལ། དེ་དག་ལས་སྙིང་པོ་བསྟན་པའི་མདོ་བཅུའི་ཡ་གྱལ་མདོ་སྡེ་དགོངས་པ་ངེས་འགྲེལ་ལས།1 དོན་དམ་ཡང་དག་འཕགས། ངས་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་པོ་འདི་ལྟ་སྟེ། མཚན་ཉིད་ངོ་བོ་ཉིད་མེད་པ་དང་སྐྱེ་བ་ངོ་བོ་ཉིད་མེད་པ་དང་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ། །ཞེས་གསུངས་པ་ལྟར། སེམས་ཙམ་པའི་ལུགས་ཀྱི་མཚན་ཉིད་གསུམ་གྱི་རྣམ་གཞག་ལས་འདིར་བློ་གྲོས་ཀྱི་ས་བོན་ཙམ་ཞིག་གླེང་བར་བྱ་བ་ལ།
མཚན་ཉིད་གསུམ་པོ་རེ་རེ་ནས་བཤད་པ་དང་། ཞར་བྱུང་དུ་ལུགས་འདིས་བདེན་གྲུབ་མི་འདོད་པ་བསྟན་ཏེ་མཇུག་བསྡུ་བ་གཉིས་ལས། དང་པོ་མཚན་ཉིད་གསུམ་རེ་རེ་ནས་བཤད་པ་ལའང་། ཀུན་བརྟགས་ལ་དཔྱད་པ་དང་། གཞན་དབང་ལ་དཔྱད་པ། ཡོངས་གྲུབ་ལ་དཔྱད་པ་གསུམ་ལས། དང་པོ་ནི། མདོ་སྡེ་དགོངས་པ་ངེས་འགྲེལ་ལས།2 བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པའི་དོན་བདག་གིས་འདི་ལྟར་འཚལ་ཏེ། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་ཏུ་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་ལ། གཟུགས་ཀྱི་ཕུང་པོ་ཞེས་ངོ་བོ་ཉིད་ཀྱི་མཚན་ཉིད་དམ། བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡར་རྣམ་པར་གཞག་པ་དང་། གཟུགས་ཀྱི་ཕུང་པོ་སྐྱེའོ་ཞེའམ། འགག་གོ་ཞེའམ། གཟུགས་ཀྱི་ཕུང་པོ་སྤང་བ་དང་། ཡོངས་སུ་ཤེས་པ་ཞེས་ངོ་བོ་ཉིད་ཀྱི་མཚན་ཉིད་དམ། བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡར་རྣམ་པར་གཞག་པ་གང་ལགས་པ་དེ་ནི་ཀུན་བརྟགས་པའི་མཚན་ཉིད་ལགས་ཏེ། ཞེས་གསུངས་པ་དང་།
རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས།3 ཀུན་བརྟགས་པའི་ངོ་བོ་ཉིད་གང་ཞེ་ན། ཇི་ཙམ་དུ་རྗེས་སུ་ཐ་སྙད་གདགས་པའི་ཕྱིར་མིང་དང་བརྡ་ལས་བྱུང་བའི་ངོ་བོ་ཉིད་གང་ཡིན་པའོ། །ཞེས་པ་ལྟར། ཀུན་བརྟགས་ཞེས་པ་ནི་འཁྲུལ་རྟོག་གི་ངོར་མིང་དང་བརྡས་རྣམ་པར་གཞག་པ་ཙམ་ལས་ཡུལ་དང་ཡུལ་ཅན་གང་གི་ངོས་ནས་ཀྱང་རང་གི་མཚན་ཉིད་དམ་ངོ་བོ་ཉིད་དུ་གྲུབ་པ་མེད་དེ། སུམ་ཅུ་པ་ལས།4 རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་གང་རྣམ་བརྟགས་པ། །དེ་ཉིད་ཀུན་ཏུ་བརྟགས་པ་ཡི། །ངོ་བོ་ཉིད་མེད་དེ་མེད་དོ། །ཞེས་གསུངས། མདོ་སྡེ་རྒྱན་ལས་ཀྱང་།5 མིང་དང་དོན་ནི་ཇི་ལྟ་བར། །དོན་དང་མིང་དུ་སྣང་བ་གང་། །ཡང་དག་མི་རྟོག་རྒྱུ་མཚན་ནི། །ཀུན་བཏགས་པ་ཡི་མཚན་ཉིད་དོ། །ཞེས་པ་ལྟར། ཆོས་ཀྱི་ངོ་བོར་གྱུར་པའི་ཀུན་བརྟགས་ནི་མིང་དོན་འདྲེས་པར་སྣང་བའི་རྟོག་པས་སྒྲོ་བཏགས་སམ་སེལ་ངོར་གྱི་ཆོས་ཤིག་ལ་འཇོག་དགོས་པར་སེམས་ཏེ།
མདོ་སྡེ་རྒྱན་གྱི་འགྲེལ་པ་ཐེག་མཆོག་བདུད་རྩིའི་དགའ་སྟོན་ལས།6 མཚན་མའི་རྣམ་པར་སྣང་བའི་དོན་དེ་ལ་མིང་གློ་བུར་དུ་རྟོག་པས་སྒྲོ་བཏགས་པ་ཡིན་པས། ཞེས་དང་། དེ་ལྟར་མིང་དང་དོན་གྱི་མཚན་མ་ཕན་ཚུན་བསྲེས་ནས་འཛིན་པ་དེ་ཆོས་སྣ་ཚོགས་སོ་སོ་རིས་ཆད་དུ་འཛིན་པ་ཡང་དག་མིན་རྟོག་གི་རྒྱུ་མཚན་དུ་གྱུར་པ་ནི། ཞེས་གསུངས་པ་བཞིན་ཕྱི་རོལ་དུ་སྣང་བའི་བུམ་སོགས་ནི་བློ་ངོར་སྣང་བའི་ཆོས་དེ་ཡིན་ལ། འདི་ནི་བུམ་པའོ་སྙམ་པའི་ཆོས་དེ་སེལ་ངོར་ལྟོ་ལྡིར་བ་སོགས་དོན་གྱི་རྣམ་པ་དེ་དང་བུམ་སོགས་ཀྱི་མིང་གཉིས་གཅིག་ཏུ་བསྲེས་ནས་གཟུང་བ་ཡུལ་དང་དེ་འཛིན་པའི་སེམས་གཉིས་ཐ་དད་དུ་གྲུབ་པར་འཛིན་པ་ལས་ཕྱི་རོལ་གྱི་བུམ་པ་ཞིག་གཏན་ནས་ཡོད་མ་མྱོང་ལ། དེ་ལྟ་བུའི་ཀུན་བརྟགས་པའི་ཆོས་རྣམས་དགག་བྱ་དངོས་སུ་བཅད་ལྡོག་ནས་བཞག་པ་ཙམ་ལས། ཡོངས་གཅོད་དུ་གྲུབ་པ་ཅུང་ཟད་ཀྱང་མེད་དོ།།
དབུས་མཐའི་འགྲེལ་པ་འོད་ཟེར་ཕྲེང་བ་ལས།7 བྱིས་པ་འཁྲུལ་པའི་བློས་བདག་གཉིས་སུ་བཟུང་ཡང་རང་གི་ངོ་བོ་རྟག་ཏུ་མེད་པ་སྟེ་ཡོད་མ་མྱོང་བ་ལ་ཀུན་ཏུ་བརྟགས་པ་ཞེས་བྱའོ། །ཞེས་གསུངས་སོ། །རང་གི་མཚན་ཉིད་དུ་མེད་ཅེས་པ་དེ་ཡང་གདགས་གཞི་དང་བཏགས་ཆོས་གང་གི་ངོས་ནས་བཙལ་ཀྱང་རྙེད་དུ་མེད་པ་ཞིག་ལ་གོ་དགོས་པ་ལས་གཏན་ནས་མེད་པའི་རི་རྭ་ལྟ་བུར་གོ་བར་མི་བྱ་སྟེ། དོན་སྤྱི་སོགས་རྣམ་གྲངས་པའི་ཀུན་བརྟགས་རྣམས་ལ་མ་ངེས་སོ།།
ཡིད་བཞིན་མཛོད་ལས། དེས་ན་གཟུགས་ནི་ཀུན་བརྟགས་ཏེ། ཞེས་སོགས་གཟུགས་ཀུན་བརྟགས་སུ་འཇོག་པ་ནི་རྟོག་ངོར་དངོས་སུ་སྣང་བའི་ཕྱི་རོལ་རྡུལ་གྲུབ་ཀྱི་གཟུགས་ལ་འཇོག་དགོས་ཀྱི་དེ་ནི་རྟོག་པའི་སྒྲོ་འདོགས་ཙམ་ལས་མ་འདས་ལ། དེ་བཞིན་དུ་མིང་དང་རྒྱུ་མཚན་ལ་ཡང་མཚུངས་སོ། །དེ་ལྟར་ལུང་རིགས་ཀྱི་གྲུབ་དོན་ལས་ཀུན་བརྟགས་ཀྱི་མཚན་ཉིད་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ་དང་གྲུབ་བསྡུས་སོགས་ལས་གསུངས་པ་ལྟར། བཏགས་པ་ཙམ་ལས་རང་མཚན་དུ་མེད་པའོ། །དེ་ལ་དབྱེ་ན་མཚན་ཉིད་ཆད་པའི་ཀུན་བརྟགས་དང་རྣམ་གྲངས་པའི་ཀུན་བརྟགས་གཉིས་སོ། །མཚན་གཞི་ནི་རིམ་པ་བཞིན། བདག་གཉིས་ལྟ་བུ་དང་པོ་དང་། དོན་སྤྱི་ལྟ་བུ་གཉིས་པའོ། །འདི་གཉིས་ཀྱི་མཚན་གཞི་རྒྱས་པར་གྲུབ་མཐའ་མཛོད་དུ་གསལ་བ་ལྟར་ལགས་པས་འདིར་མ་བྲིས་སོ།།
གཉིས་པ་གཞན་དབང་ལ་དཔྱད་པ་ནི། མདོ་སྡེ་དགོངས་པ་ངེས་འགྲེལ་ལས།8 རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་ཏུ་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་གང་ལགས་པ་དེ་ནི་གཞན་གྱི་དབང་གི་མཚན་ཉིད་ལགས་ཏེ། ཞེས་དང་། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས།9 གཞན་གྱི་དབང་གི་ངོ་བོ་གང་ཞེ་ན། རྟེན་ཅིང་འབྲེལ་བར་འབྱུང་བའི་ངོ་བོ་ཉིད་གང་ཡིན་པའོ། །ཞེས་པ་ལྟར་གཞན་དབང་ཞེས་པ་ནི་རྐྱེན་གཞན་བག་ཆགས་རྟེན་འབྱུང་གི་སྟོབས་ཀྱིས་བྱུང་བ་ཡིན་ཞིང་། ཕྱི་རོལ་དུ་སྣང་བའི་གཟུགས་ཉིད་རྐྱེན་བག་ཆགས་སྨིན་སྟོབས་ཀྱིས་སྐྱེས་པ་ཡིན་གྱི་བདག་ཉིད་ལས་ནི་མ་ཡིན་ཏེ། ཕྱི་རོལ་རྡུལ་གྲུབ་ལས་བྱུང་བའི་བེམ་པོ་ནི་ལུགས་འདིའི་དགག་བྱ་ཡིན་པས་སོ།།
དེའང་སུམ་ཅུ་པ་ལས།10 གཞན་གྱི་དབང་གི་ངོ་བོ་ཉིད། །རྣམ་རྟོག་ཡིན་ཏེ་རྐྱེན་ལས་བྱུང་། །ཞེས་གསུངས་པ་ལྟར་གནས་དོན་ལུས་ཀྱི་སྣང་བ་སྣ་ཚོགས་པ་རྣམས་སེམས་རྣམ་པར་རྟོག་པའི་རྐྱེན་ལས་བྱུང་བ་ཡིན་ནོ། །དེ་ལ་འདིར་སེམས་ཙམ་པའི་ལུགས་ལ་ཐ་སྙད་གནས་ཚུལ་དང་སྣང་ཚུལ་གཉིས་སུ་ཕྱེ་སྟེ་གནས་ཚུལ་ལ་ཕྱི་དོན་མི་འདོད་ཀྱང་། སྣང་ཚུལ་ལ་ཕྱི་རོལ་རྡུལ་གྲུབ་ཀྱི་དངོས་པོ་ཞིག་ཁས་བླངས་པས་སེམས་ཙམ་པའི་གྲུབ་མཐའ་ལ་ཕྱི་དོན་ཁས་ལེན་པའི་སྐབས་དང་མི་ལེན་པའི་སྐབས་ཞེས་གཉིས་སུ་ཕྱེ་བའི་ཞིབ་ཆ་བྱེད་པ་ནི། ལུང་རིགས་ཀྱིས་བརྟགས་ཤིང་མ་དཔྱད་པའི་གྲུབ་མཐའ་ཞིག་ཁས་བླངས་པ་དང་གཉིས་སུ་མ་མཆིས་ཏེ། རྒྱུ་མཚན་ནི་གྲུབ་མཐའ་ལ་ཁས་ལེན་ན་ལུང་རིགས་ཀྱིས་བརྟགས་ཤིང་དཔྱད་ནས་མཐའ་གཅིག་ཏུ་འཇོག་མཚམས་བྱས་པའི་བློས་གཞག་དགོས་ལ། དེ་ལྟར་ལུང་རིགས་ཀྱིས་བརྟགས་ཤིང་དཔྱད་ན་ཐ་སྙད་གནས་ཚུལ་འབའ་ཞིག་ལས་སྣང་ཚུལ་ཞིག་འཇོག་མི་ཤེས་ཏེ། འདིར་སྣང་ཚུལ་ཞེས་པ་དེ་མ་བརྟགས་མ་དཔྱད་པ་ཞིག་དགོས་པས་སོ།།
སྤྱིར་སེམས་ཙམ་པའི་ལུགས་ལ་ཐ་སྙད་གནས་སྣང་གཉིས་སུ་ཕྱེ་ཞིང་སྣང་ཚུལ་ལ་ཕྱིི་དོན་འདོད་པ་སོགས་ཡོད་པ་བདེན་མོད་ཀྱི། ལུགས་འདིའི་གྲུབ་མཐར་ཚོགས་དྲུག་གི་ཤེས་པ་ལ་དངོས་སུ་སྣང་ན་ཤེས་པ་དངོས་ཡིན་དགོས་པ་ལས་ཕྱི་དོན་གྱི་ཆོས་རྡུལ་ཙམ་ཡང་ཁས་མི་ལེན་ཏེ། ཕྱི་དོན་འགོག་པའི་རིགས་པ་སོགས་ཀྱིས་གྲུབ་བོ། །གཞན་ཡང་ཀུན་མཁྱེན་མི་ཕམ་པའི་དབུ་མ་རྒྱན་གྱི་སྤྱི་དོན་ལས།11 དེ་གཉིས་ནི་ཀུན་བཏགས་ཡིན་ཏེ་སྒྲ་རྟོག་གི་སྤྱོད་ཡུལ་ཅན་གཟུང་འཛིན་གཉིས་སུ་སྣང་བ་བརྟགས་ན་མི་བདེན་པའི་ཕྱིར་རོ། །ཞེས་སོགས་ཀྱི་ལུང་ལ་དོགས་ནས་ཡིད་བཞིན་མཛོད་ལས་གསུངས་པའི་གཞན་དབང་གི་མཚན་ཉིད་ལ་འགྲེལ་བཤད་སྣ་ཚོགས་ཤིག་བྱེད་དགོས་པའི་འགག་ལ་ཐུག་མོད། འོན་ཀྱང་ཁོ་བོས་གཞན་དབང་གི་མཚན་ཉིད་ལ། ཀུན་མཁྱེན་རྣམ་པ་གཉིས་དང་མཐུན་པར། རྒྱུ་རྐྱེན་ལ་རག་ལས་ཏེ་སྐྱེས་པ་གཞན་དབང་གི་མཚན་ཉིད་དུ་འཇོག་རིགས་པར་སེམས་སོ།།
འོ་ན་རྒྱན་གྱི་སྤྱི་དོན་གྱི་དགོངས་པ་ནི། ཀུན་བརྟགས་ཀྱི་གདགས་གཞི་མིང་དང་རྒྱུ་མཚན་ལ་བཏགས་ཆོས་ཀྱི་མིང་བསྟན་པ་ཙམ་ཡིན་གྱི། མིང་དང་རྒྱུ་མཚན་གཉིས་ཀུན་བརྟགས་ཡིན་པའི་དོན་དུ་མི་སེམས་ཏེ། མཚན་ཉིད་གསུམ་ཆོས་ལྔས་བསྡུས་པའི་སྐབས་སུ་གསལ་ཏེ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས།12 ངོ་བོ་ཉིད་གསུམ་དང་རྒྱུ་མཚན་དང་། མིང་དང་རྣམ་པར་རྟོག་པ་ལ་སོགས་པ་ཆོས་ལྔ་པོ་དག་ལས་ངོ་བོ་ཉིད་དང་པོ་ཆོས་ལྔ་པོ་དེ་དག་ལས་དུ་དག་གིས་བསྡུས་ཤེ་ན། སྨྲས་པ། གང་གིས་ཀྱང་མ་བསྡུས་སོ།།
ངོ་བོ་ཉིད་གཉིས་པ་དུ་དག་གིས་བསྡུས་ཤེ་ན། སྨྲས་པ། བཞིས་སོ། །ངོ་བོ་ཉིད་གསུམ་པ་དུ་དག་གིས་བསྡུས་ཤེ་ན། སྨྲས་པ། གཅིག་གིས་སོ། །ཞེས་པ་ལྟར་མཚན་ཉིད་དང་པོ་ཀུན་བརྟགས་ཆོས་ལྔ་གང་གིས་མ་བསྡུས་པར་གསལ་བས་སོ། །དེ་ལ་དབྱེ་ན་དག་པའི་གཞན་དབང་དང་མ་དག་པའི་གཞན་དབང་གཉིས་ཏེ་མཚན་གཞི་ནི་རིམ་པ་ལྟར། ཁམས་གསུམ་གྱིས་བསྡུས་པའི་སེམས་དང་སེམས་བྱུང་རྣམས་དང་པོ་དང་། འཕགས་པའི་ཡེ་ཤེས་ལྟ་བུ་གཉིས་པའོ།།
གསུམ་པ་ཡོངས་གྲུབ་ལ་དཔྱད་པ་ནི། མདོ་སྡེ་དགོངས་པ་ངེས་འགྲེལ་ལས།13 བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པའི་དོན་བདག་གིས་འདི་ལྟར་འཚལ་ཏེ། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་ཏུ་བརྟགས་པའི་མཚན་ཉིད་ཀྱི་གནས། འདུ་བྱེད་ཀྱི་མཚན་མ་དེ་ཉིད་ཀུན་ཏུ་བརྟགས་པའི་མཚན་ཉིད་དེར་ཡོངས་སུ་མ་གྲུབ་ཅིང་ངོ་བོ་ཉིད་མེད། དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ཆོས་བདག་མ་མཆིས་པ་དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་པ་གང་ལགས་པ་དེ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ལགས་ཏེ། ཞེས་དང་།
རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས།14 ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་དག་པར་བྱ་བའི་ཕྱིར་དང་། མཚན་མ་དང་། གནས་ངན་ལེན་གྱི་འཆིང་བ་ཐམས་ཅད་ལས་རྣམ་པར་ཐར་བར་བྱ་བའི་ཕྱིར་དང་། ཡོན་ཏན་ཐམས་ཅད་མངོན་པར་བསྒྲུབ་པར་བྱ་བའི་ཕྱིར་ཆོས་རྣམས་ཀྱི་དེ་བཞིན་ཉིད་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ། འཕགས་པའི་ཡེ་ཤེས་ཀྱི་དམིགས་པ་གང་ཡིན་པའོ།།
ཞེས་པ་ལྟར་སྟོང་གཞི་གཞན་དབང་གི་སྟེང་དུ་སྟོང་ཆོས་གཟུང་འཛིན་རྒྱང་ཆད་དུ་སྣང་བའི་སྣང་བ་དེ་ཁེགས་ཙམ་གྱི་ཆ་དེ་ལ་ཡོངས་གྲུབ་ཅེས་བྱ་སྟེ། ཡིད་བཞིན་མཛོད་ཀྱི་འགྲེལ་ཆེན་པདྨ་དཀར་པོ་ལས།15 ཡོངས་གྲུབ་ནི་གཞན་དབང་ལ་ཀུན་བརྟགས་མེད་པར་ཡོངས་གཅོད་དུ་གྲུབ་པའོ། །ཞེས་གསུངས། དོན་ལ་ཡོངས་གྲུབ་ཀྱི་མཚན་ཉིད་ཀྱང་དེ་ལྟར་ཡིན་ཡང་ཚིག་གི་སྤྲོས་པ་ཅུང་ཟད་འགོག་པའི་ཕྱིར་དུ། གཞན་དབང་ལ་ཀུན་བརྟགས་ཀྱིས་སྟོང་པའི་ལྡོག་ཆ་ནས་བཞག་པའི་ཆོས་ཡོངས་གྲུབ་ཀྱི་མཚན་ཉིད་དུ་འཇོག་པ་ལ་སྐྱོན་མེད་པར་སེམས་ཏེ།
དབུ་མ་རྒྱན་གྱི་སྤྱི་དོན་ལས།16 དེ་ཙམ་བདག་གཉིས་ཀྱིས་སྟོང་པའི་ལྡོག་ཆ་ནས་ཡོངས་སུ་གྲུབ་པ་དངོས་པོའི་ཡིན་ལུགས་གཏིང་སླེབས་པ་ཉིད་དུ་འདོད་དེ། ཞེས་གསུངས་སོ། །དེ་ལ་དབུས་མཐའ་ལས།17 འགྱུར་མེད་ཕྱིན་ཅི་མ་ལོག་པ། །ཡོངས་གྲུབ་རྣམ་པ་གཉིས་སུ་བརྗོད། །ཅེས་པ་ལྟར་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་གཞན་དབང་ལ་ཀུན་བརྟགས་ཀྱིས་སྟོང་པའི་ལྡོག་ཆ་ནས་བཞག་པའི་ཆོས་མ་ཡིན་པས། མཚན་ཉིད་དེ་ལ་མ་ཁྱབ་པའམ་ཁྱབ་ཆུང་བའི་སྐྱོན་འདུག་སྙམ་ན། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཅེས་པ་ནི་ཕྱིན་ཅི་ལོག་གི་བློ་ལས་ལྡོག་ཙམ་ལ་ཡོངས་གྲུབ་ཅེས་བརྗོད་པ་ཡིན་གྱི་ཡོངས་གྲུབ་མཚན་ཉིད་པ་མིན་སྟབས་སྐྱོན་དེ་མེད་དོ།།
འོ་ན་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་འདི་མཚན་ཉིད་གསུམ་གང་གི་ཁོངས་སུ་བསྡུས་སྙམ་ན། དེ་ནི་དག་པའི་གཞན་དབང་དང་དོན་གཅིག་པས་གཞན་དབང་གིས་བསྡུས་ཏེ། གོང་དུ་ཆོས་ལྔས་མཚན་ཉིད་གསུམ་པོ་སྡུད་ཚུལ་ལུང་དྲངས་པ་ལྟར་ཡོངས་གྲུབ་ནི་ཆོས་ལྔ་ལས་དེ་བཞིན་ཉིད་གཅིག་པུས་བསྡུས་ཤིང་། གཞན་དབང་ནི་ཡང་དག་པའི་ཡེ་ཤེས་སོགས་ཆོས་བཞིས་བསྡུས་པ་ཡིན་ཏེ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས།18 གལ་ཏེ་གཞན་གྱི་དབང་གི་ངོ་བོ་ཉིད་ཡང་དག་པའི་ཤེས་པས་བསྡུས་པ་ཡང་ཡིན་ན། དེས་ན་གཞན་གྱི་དབང་གི་ངོ་བོ་ཉིད་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པ་ལ་བརྟེན་ནས་ཤེས་པར་འགྱུར་རོ་ཞེས་གང་སྨྲས་པ་དེ་ཇི་ལྟ་བུ་ཞེ་ན། སྨྲས་པ། དེར་ནི་ཀུན་ནས་ཉོན་མོངས་པར་གྱུར་པའི་གཞན་གྱི་དབང་གི་ངོ་བོ་ཉིད་ལ་བསམ་པ་ཡིན་གྱི། རྣམ་པར་བྱང་བར་འགྱུར་བ་ལས་ནི་མ་ཡིན་ཏེ། ཞེས་དོགས་པ་བསུས་ཏེ་དེ་ལ་ལན་དང་བཅས་པ་མཛད་པས་སོ།།
དེས་ན་དབུ་མ་རྒྱན་གྱི་སྤྱི་དོན་ལས།19 ཕྱི་མ་ཡུལ་ཡུལ་ཅན་འདི་གཉིས་ནི་ཡོངས་སུ་གྲུབ་པ་ཞེས་བྱ་སྟེ། ཞེས་གསུངས་པ་དང་མི་འགལ་ལམ་སྙམ་ན་མི་འགལ་ཏེ། ཡང་དག་པའི་ཤེས་པ་དོན་དམ་པའི་ཁོངས་སུ་གཏོགས་པས་ཡོངས་གྲུབ་ཅེས་བརྡ་སྦྱར་བ་ཡིན་གྱི། ཡོངས་གྲུབ་དངོས་ནི་མ་ཡིན་ཏེ། དབུས་མཐའི་འགྲེལ་པ་འོད་ཟེར་ཕྲེང་བ་ལས།20 ཚུལ་དེ་ལྟ་བུའི་དབང་དུ་ན་གནས་སྣང་མཐུན་པའི་ཡུལ་དང་ཡུལ་ཅན་ཐམས་ཅད་དོན་དམ་པའི་བརྡ་སྦྱར་པའི་ཕྱིར་ལམ་བདེན་ཡང་ཡོངས་གྲུབ་ཀྱི་ཁོངས་སུ་གཏོགས་པར་བསྡུ་བའི་ཤོད་ཚུལ་ཡིན་ཏེ། དེ་ལ་དག་པའི་གཞན་དབང་གི་བརྡ་སྦྱར་ན་ཡང་དགོངས་བཞེད་ཀྱི་དབང་གིས་མི་འགལ་བ་ཤེས་པར་བྱའོ། །ཞེས་གསུངས་པ་ལྟར་ཡོངས་གྲུབ་ཀྱི་བརྡ་སྦྱར་བ་ཙམ་ལས་དངོས་ནི་མ་ཡིན་ཞེས་དམ་བཅས་པ་ལ། གལ་ཏེ་ཡང་དག་པའི་ཤེས་པ་གཞན་དབང་ཡིན་ན་དོན་དམ་དུ་འདོད་པར་མི་རིགས་ཏེ་དོན་དམ་པ་ཡོངས་གྲུབ་གཅིག་པུ་ཡིན་པས་སོ། །རྟགས་གྲུབ་སྟེ་དབུས་མཐའ་ལས།21 དམ་པའི་དོན་ནི་གཅིག་པུའོ། །ཞེས་གསུངས་པ་དང་འགལ་ལོ་ཟེར་ན།
དེ་ནི་མཚན་ཉིད་གསུམ་གྱི་ལྡོག་པ་ནས་དང་པོ་གཉིས་ཀུན་རྫོབ་དང་ཕྱི་མ་ཡོངས་གྲུབ་གཅིག་པུ་དོན་དམ་དུ་བཞག་པ་བདག་གཉིས་ཀྱིས་སྟོང་པའི་དོན་དམ་ལ་དགོངས་པ་ཡིན་གྱི་ཡུལ་ཅན་ཡེ་ཤེས་དོན་དམ་པ་མིན་པའི་དོན་མ་ཡིན་ཏེ། ཡིད་བཞིན་མཛོད་ལས།22 དངོས་པོ་ལ་དང་པོ་གཉིས་ཀུན་རྫོབ། ཕྱི་མ་དོན་དམ་དུ་གནས་སོ། །ཐུབ་པའི་དགོངས་པ་དང་སྦྱར་བ་ནི། སེམས་དང་སེམས་བྱུང་ལ་བདག་དང་ཆོས་ཀྱིས་སྟོང་པ་འདི་ནི་སངས་རྒྱས་ཀྱི་གསུང་རབ་ཐམས་ཅད་ཀྱི་དགོངས་པ་ཡིན་པས་ན། དེ་ལྟར་གསུངས་པའི་བཀའ་ཐམས་ཅད་ངེས་དོན་ཡིན་ཅིང་། ཞེས་དང་།
དེ་བཞིན་དུ་དབུ་མ་རྒྱན་གྱི་སྤྱི་དོན་ལས།23 གཞན་དབང་ཉིད་ལ་གནས་ཚུལ་མཐར་ཐུག་པའི་དོན་དབང་བཙན་དུ་བྱས་ན་དོན་དམ་དང་། སྣང་ཚུལ་དབང་བཙན་དུ་བྱས་ཏེ་གཞལ་ན་ཀུན་རྫོབ་ཏུ་བསྡུར་རུང་བའི་གནད་ཀྱི་དོན་ཏོ། །ཞེས་གསུངས་སོ། །དེས་ན་ལུང་འདིའི་དགོངས་པའང་གཞན་དབང་ལ་གཞན་དབང་མཐར་ཐུག་གམ་དག་པའི་གཞན་དབང་དང་། སྣང་ཚུལ་ཙམ་མམ་མ་དག་པའི་གཞན་དབང་གཉིས་ལས་དང་པོ་དོན་དམ་དང་གཉིས་པ་ཀུན་རྫོབ་ཏུ་འཇོག་རུང་བའི་དོན་ཡིན་པ་ལས། གོང་དུ་བཤད་པའི་ཐ་སྙད་གནས་སྣང་གཉིས་སུ་ཕྱེ་བ་ནི་སྐབས་འདིར་འབྲེལ་བ་མེད་པས་ལུང་གི་དོན་དེ་ལྟར་གོ་བར་མི་བྱའོ།།
གཉིས་པ་ཞར་བྱུང་དུ་ལུགས་འདིས་བདེན་གྲུབ་མི་འདོད་པ་བསྟན་ནས་མཇུག་བསྡུ་བ་ལ། བདེན་གྲུབ་མི་འདོད་པ་བཤད་པ་དང་། བསྔོ་བས་མཇུག་བསྡུ་བ་གཉིས་ལས། དང་པོ་ནི། སེམས་ཙམ་པས་བདེན་པར་གྲུབ་པ་འདོད་པ་དང་མི་འདོད་པའི་བཞེད་ཚུལ་སྣ་ཚོགས་སུ་སྣང་ཞིང་། དེའང་ཕྱོགས་རེ་རེ་ལ་ཡང་རྒྱབ་རྟེན་གྱི་ལུང་རེ་ཡོད་པས་མཐའ་གཅིག་ཏུ་འཛིན་མཚམས་ངེས་ཅན་ཞིག་མ་རྙེད་ཀྱང་འདིའི་ཐད་ཁོ་བོས་རྟོག་འཆར་མདོ་ཙམ་ཞིག་གླེང་ན། ལུགས་འདིར་དོན་དམ་དུ་ཁས་བླངས་ན་བདེན་པར་གྲུབ་པ་ཁས་ལེན་དགོས་པར་མི་སེམས་ཏེ། འདིས་དོན་དམ་དུ་འདོད་ཚུལ་ནི་གནས་ལུགས་མཐར་ཐུག་གམ་རིགས་པའི་རྙེད་དོན་དུ་འདོད་ཚུལ་ཡིན་པ་ལས། སྟེང་འོག་ཕྱོགས་མཚམས་ཆ་གང་དུ་ཡང་དབྱེ་རྒྱུ་མེད་པའི་རྡོག་རྡོག་རིལ་རིལ་ཞིག་དགོས་པ་ལུང་རིགས་གང་གིས་ཀྱང་མ་གྲུབ་ལ། ཆོས་ཀྱི་བདག་མེད་དང་གང་ཟག་གི་བདག་མེད་གཉིས་ཀ་བཞེད་པས་ལུགས་འདིའི་གྲུབ་མཐའ་ལ་ཐར་ལམ་ཡོད་པར་གྲུབ་བོ།།
གཟུང་བ་དང་འཛིན་པ་གཉིས་ཀ་མ་གྲུབ་ཀྱང་སྣང་གཞི་གཞན་དབང་གི་རྣམ་ཤེས་རང་རིག་རང་གསལ་ཙམ་དོན་ལ་འདོད་དེ། དེ་མ་དག་པའི་སྐབས་སུ་འཁོར་བའི་ཆོས་རྣམས་ཀྱི་སྣང་གཞི་དང་དག་པའི་སྐབས་སུ་སྐུ་དང་ཡེ་ཤེས་ཀྱི་སྣང་གཞི་ཡིན་པས་སོ། །དེ་དབུ་མ་པའི་རིགས་པས་དཔྱད་ཚེ་བདེན་གྲུབ་ཏུ་ཐལ་བ་ནི་གྲུབ་མཐའ་འོག་མ་འོག་མའི་མཐོང་དོན་ལ་གོང་མ་གོང་མས་སུན་འབྱིན་ཚུལ་ཙམ་ལས། སེམས་ཙམ་པས་བདེན་གྲུབ་ཅེས་པ་ཞིག་ཁས་བླངས་པའི་ནག་ཉེས་ཡོད་པས་ནི་མ་ཡིན་ནོ།།
སེམས་ཙམ་པས་མཐར་ཐུག་སྣང་གཞི་གཞན་དབང་གི་རྣམ་ཤེས་ཤིག་ཁས་ལེན་དགོས་ཏེ། མདོ་སྡེ་རྒྱན་གྱི་འགྲེལ་པ་ཐེག་མཆོག་བདུད་རྩིའི་དགའ་སྟོན་ལས།24 སོ་སོ་རང་རིག་པའི་ཡེ་ཤེས་སམ་འོད་གསལ་བའི་སེམས་དེ་མེད་ན་སློབ་ལམ་དུ་ཆོས་ཉིད་བདེན་པ་རྟོགས་པའི་བློ་ཡོད་པར་མི་རིགས་ལ་མི་སློབ་པའི་ལྷག་མེད་མྱང་འདས་ཀྱི་དུས་ན་སངས་རྒྱས་རྣམས་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མེད་ན་ཐེག་དམན་མྱང་འདས་མར་མེ་ཤི་བ་ལྟ་བུ་དང་ཁྱད་མེད་པས་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་དང་ཕྲིན་ལས་མི་ཟད་པ་ཇི་ལྟར་འདོད། ཅེས་སོགས་གསུངས་སོ།།
གཉིས་པ་བསྔོ་བས་མཇུག་བསྡུ་བ་ནི།
སྔོན་བྱུང་མཁས་པའི་གསུང་དང་མི་མཐུན་པ།།
དངོས་སྟོབས་རིགས་པའི་ལམ་ལས་ཕྱིར་ལྡོག་སྟེ།།
ནོར་དང་འཁྲུལ་བའི་དྲི་མས་གང་སྦགས་པ།།
ཡེ་ཤེས་སྤྱན་ལྡན་རྣམས་ལ་བཟོད་པར་གསོལ།།
གཞན་ཕན་སེམས་པའི་སྤོབས་པ་མ་མཆིས་ཀྱང་།།
སྟེས་དབང་བདག་འདྲ་རེ་འགར་ཕན་སྲིད་ན།།
རྣམ་དཀར་དགེ་བའི་རྩ་བ་ཇི་སྙེད་ཀུན།།
འགྲོ་རྣམས་སངས་རྒྱས་ཐོབ་པའི་རྒྱུ་རུ་བསྔོ།།
- སེར་བྱེས་པར་མ། ཤོག་གྲངས། ༨༣
- སེར་བྱེས་པར་མ། ཤོག་གྲངས། ༩༧
- ཡེ་ཤེས་སྡེའི་པར་མ། བསྟན་འགྱུར་སྤྱིའི་དེབ་གྲངས། ༡༦༩ ཤོག་གྲངས། ༤༦
- ཝཱ་ཎ་མཐོ་སློབ་དཔལ་ས་སྐྱའི་སློབ་གཉེར་ལྷན་ཚོགས་པར་མ། ཤོག་གྲངས། ༢༥༨
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་པར་མ། དེབ་ཕྲེང་། ༡༧ ཤོག་གྲངས། ༢༡༠
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་པར་མ། དེབ་ཕྲེང་། ༤༦ ཤོག་གྲངས། ༢༥༣
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་པར་མ། དེབ་ཕྲེང་། ༤༢ ཤོག་གྲངས། ༣༦
- སེར་བྱེས་པར་མ། ཤོག་གྲངས། ༩༨
- ཡེ་ཤེས་སྡེའི་པར་མ། བསྟན་འགྱུར་སྤྱིའི་དེབ་གྲངས། ༡༦༩ ཤོག་གྲངས། ༤༦
- ཝཱ་ཎ་མཐོ་སློབ་དཔལ་ས་སྐྱའི་སློབ་གཉེར་ལྷན་ཚོགས་པར་མ། ཤོག་གྲངས། ༢༥༨
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་པར་མ། དེབ་ཕྲེང་། ༢༧ ཤོག་གྲངས། ༣༠
- ཡེ་ཤེས་སྡེའི་པར་མ། བསྟན་འགྱུར་སྤྱིའི་དེབ་གྲངས། ༡༦༩ ཤོག་གྲངས། ༥༧
- སེར་བྱེས་པར་མ། ཤོག་གྲངས། ༩༨
- ཡེ་ཤེས་སྡེའི་པར་མ། བསྟན་འགྱུར་སྤྱིའི་དེབ་གྲངས། ༡༦༩ ཤོག་གྲངས། ༤༦
- ཐཱའི་ཝན་པར་མ། ཀློང་ཆེན་བཀའ་འབུམ་དེབ་གྲངས། ༡༤ ཤོག་གྲངས། ༧༦
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་པར་མ། དེབ་ཕྲེང་། ༢༧ ཤོག་གྲངས། ༢༠
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་པར་མ། ༡༦ ཤོག་གྲངས། ༣༤༤
- ཡེ་ཤེས་སྡེའི་པར་མ། བསྟན་འགྱུར་སྤྱིའི་དེབ་གྲངས། ༡༦༩ ཤོག་གྲངས། ༥༧
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་པར་མ། དེབ་ཕྲེང་། ༢༧ ཤོག་གྲངས། ༣༠
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་པར་མ། དེབ་ཕྲེང་། ༤༢ ཤོག་གྲངས། ༤༢
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་པར་མ། དེབ་ཕྲེང་། ༡༦ ཤོག་གྲངས། ༣༤༣
- ཐཱའི་ཝན་པར་མ། ཀློང་ཆེན་བཀའ་འབུམ་དེབ་གྲངས། ༡༤ ཤོག་གྲངས། ༧༨
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་པར་མ། དེབ་ཕྲེང་། ༢༧ ཤོག་གྲངས། ༢༡
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་པར་མ། དེབ་ཕྲེང་། ༤༦ ཤོག་གྲངས། ༩༤