༸སྐྱབས་རྗེ་བདེ་བར་གཤེགས་པ་བྱ་བྲལ་སངས་རྒྱས་རྡོ་རྗེའི་མཛད་རྣམ།

རྩོམ་སྒྲིག་པ།

དང་པོ་དམ་པས་ལུང་གིས་ཟིན་ཅིང་གང་དུ་སྐུ་འཁྲུངས་པའི་གནས་ཀྱི་ཆེ་བ་བསྟན་པ།

དེ་ཡང་གཏེར་སྟོན་བདུད་འདུལ་རྡོ་རྗེའི་དམ་ཆོས་དགོངས་པ་ཡོངས་འདུས་ལུང་བྱང་ལས།
པཎ་ཆེན་བི་མའི་རྣམ་འཕྲུལ་མཆོག།
ཀཿཐོག་ཕྱོགས་ནས་བུདྡྷའི་མིང་ཅན་འབྱུང་།།
ཞེས་དང་།
ད་ལྟའི་རྒྱལ་བ་བློ་གྲོས་ནི། །མ་འོངས་ཀཿཐོག་ལྷོ་ཕྱོགས་སུ།།
བུདྡྷའི་མིང་ཅན་ཤེས་རབ་ཅན། །གང་ཟག་དེ་ལ་ཆོས་འདི་བྱིན།།
ཅེས་དང་།

གཡོན་རུ་འཆི་མེད་རྡོ་རྗེའི་མ་འོངས་ལུང་བསྟན་ལས།
པདྨའི་ཐུགས་ཀྱི་སྤྲུལ་པ་མཆོག །བི་མས་བྱིན་གྱིས་བརླབས་པའི་བུ།།
གླང་ལོ་བཛྲ་མིང་ཅན་གྱིས། །སྒྲུབ་བརྒྱུད་བསྟན་པ་རྒྱས་པར་བྱེད།།
ཅེས་དང་།

སྤྲུལ་པའི་གཏེར་ཆེན་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཞལ་སྔ་ནས།
ཁྱད་པར་མཁར་ཆུ་ས་ཡི་སྒྱུ་གར་ཁྱོད། །སྙིགས་དུས་མ་རུངས་ལོག་ལྟའི་གཡུལ་ལས་རྒྱལ།།
འདོད་དོན་བསྟན་པའི་མངའ་ཐང་གོང་དུ་འཕེལ། །དོན་གཉིས་ལྷུན་གྲུབ་དགེ་མཚན་འབར་བཞིན་དུ།།
སྐུ་ཚེ་འདུ་བྱེད་ལོ་བརྒྱར་འཚོ་གཞེས་ནས། །ཟབ་གསང་ཆོས་རྔས་ས་གསུམ་ཀུན་ཏུ་ཁྱབ།།

ཅེས་མཁས་དང་གྲུབ་པའི་ཁྱུ་མཆོག་རྣམས་ཀྱིས་བསླུ་མེད་རྡོ་རྗེ་གསུང་གིས་ཇི་ལྟར་བསྔགས་པ་ལྟར་དམ་པ་འདི་ཉིད་བསིལ་ལྡན་གངས་རིས་ཡོངས་སུ་བསྐོར་བའི་གནས་མཆོག་སྟོད་ན་མངའ་རིས་སྐོར་གསུམ། བར་ན་དབུས་གཙང་རུ་བཞི། སྨད་ན་མདོ་ཁམས་སྒང་དྲུག་ཅེས་ཡོངས་སུ་གྲགས་པའི་ནང་གསེས་སྨད་མདོ་ཁམས་སྒང་དྲུག་ལས་ཟལ་མོ་སྒང་གི་ཆར་གཏོགས་ཉག་བླ་པདྨ་བདུད་འདུལ་དང་། གཏེར་ཆེན་ལས་རབ་གླིང་པ་སོགས་སྔོན་བྱོན་དམ་པ་དུ་མ་སྐུ་འཁྲུངས་ཤིང་དམ་པའི་ཆོས་ཀྱི་གྲུ་ཆར་འཇོ་བའི་གནས་མཆོག་རོང་ཆེན་བཞིའི་ཡ་གྱལ་ཉག་ཨ་ཛི་རོང་ངམ་ཉག་རོང་ཞེས་དགེ་བཅུའི་དཔལ་གྱིས་ཕྱུག་པའི་གནས་མཆོག་རྟ་ཁོག་འབྲོང་འདུལ་ཟངས་བྲག་དམར་པོའི་འདབས་རོལ་དུ་ཡབ་སྨུག་པོ་ལྡོང་གི་རིགས་རྒྱུད་པདྨ་དོན་གྲུབ་དང་། ཡུམ་ཝ་ཁྱུང་བཟའ་བསོད་ནམས་ཆོས་མཚོ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༡༣ རབ་བྱུང་བཅོ་ལྔ་པའི་བགྲང་བྱ་ཞེ་དྲུག་པ་བག་ཡོད་ཅེས་པ་ཆུ་མོ་གླང་གི་ལོའི་སྣྲོན་ཟླའི་ཚེས་བཅུ། ཨོ་རྒྱན་དུས་གསུམ་མཁྱེན་པ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་ནས་གཟུགས་མེད་ཀྱི་ལྷ་འདྲེ་རྣམས་ཚར་བཅད་ཅིང་། མ་འོངས་ཕྱི་རབས་པའི་དོན་དུ་གཏེར་ཁ་ཇི་སྙེད་ཅིག་སྦས་གནང་བའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན་སྔ་དྲོའི་ཆར་ལྷུམས་ཀྱི་ཆུ་འཛིན་ལས་གྲོལ།

འཕགས་ཡུལ་གྱི་སློབ་དཔོན་ཙནྡྲ་གོ་མིའི་སྐུ་ཕྲེང་དུ་གཏོགས་པ་ཨ་བསྭེ་བིས་མགོ་སྤྲུལ་སྐུ་ཉི་མ་རྒྱལ་མཚན་ཞེས་འོད་གསལ་དག་པའི་སྣང་བར་བྱང་ཕྱོགས་གནོད་སྦྱིན་གྱི་ཡུལ་དུ་ཕེབས་ནས་ཞག་གསུམ་བཞུགས་པ་སོགས་གྲུབ་པའི་ས་ཆེན་པོར་གཤེགས་པ་གང་གི་འོད་གསལ་གྱི་གཟིགས་ངོར་དྲེའུ་དཀར་པོ་དཔེ་ཆ་བཀལ་བ་ཞིག་ཡབ་གཞིས་ཚང་དུ་བབ་པ་གཟིགས་སོང་ཞེས་ཕྱི་ཉིན་ཐུགས་དགྱེས་བཞིན་དུ་བྱོན་ནས་ཁྲོ་རྒྱལ་སངས་རྒྱས་རྡོ་རྗེ་ཞེས་མཚན་བསྩལ་ཏོ།།

གཉིས་པ་གང་ལས་ཆོས་ཀྱི་བདུད་རྩི་མནོས་པའི་བླ་མའི་ཆེ་བ་བསྟན་པ།

དེ་ནས་བཟུང་དམ་པ་གང་དང་། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། ཞེ་ཆེན་ཀོང་སྤྲུལ་པདྨ་དྲི་མེད། ཀཿཐོག་དགེ་རྩེ་འགྱུར་མེད་བསྟན་པ་རྣམ་རྒྱལ། རྨོག་རྩ་འཇིགས་བྲལ་ཕྱོགས་ཀྱི་གླང་པོ། དྲི་མེད་ཞིང་སྐྱོང་འཇིགས་མེད་བདེ་ཆེན་རྡོ་རྗེ། ཕྱག་ཚ་སྤྲུལ་སྐུ་པདྨ་ཕྲིན་ལས་རྒྱ་མཚོ། སི་ཏུ་པཎ་ཆེན་ཆོས་ཀྱི་རྒྱ་མཚོ། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། དཔལ་ཡུལ་གྲུབ་དབང་དཔལ་ཆེན་འདུས་པ། སྨིན་གླིང་ཁྲི་ཚབ་ངག་དབང་ཆོས་གྲགས། ཨ་པང་གཏེར་སྟོན་ཕྲིན་ལས་གླིང་པ། གཏེར་ཆེན་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། ཨ་འཛོམ་རྒྱལ་སྲས་འགྱུར་མེད་རྡོ་རྗེ། ཐོག་རྒོད་སྤྲུལ་སྐུ་མེ་ལོང་རྡོ་རྗེ། རྫ་མུ་ར་སྤྲུལ་སྐུ་པདྨ་བསྟན་འཛིན། མཚོ་ཕུ་གཏེར་སྟོན་ཇོ་བོ་བཀྲ་ཤིས་རབ་བརྟན། གཏེར་ཆེན་གདུང་སྲས་རྡོ་རྗེ་དགྲ་འདུལ། མཆོག་སྤྲུལ་འཇམ་དཔལ་བདེ་བའི་ཉི་མ། དུང་དཀར་སྤྲུལ་སྐུ་ངེས་དོན་རྒྱ་མཚོ། མགར་ཀློང་གདུང་སྲས་པདྨ་རྣམ་རྒྱལ།

མཆོག་སྤྲུལ་ཆོས་ཀྱི་རྡོ་རྗེ། གོང་རིས་མཆོག་སྤྲུལ་རིན་པོ་ཆེ། རྨུགས་སངས་སྤྲུལ་སྐུ། མགོ་ཚ་མཁན་ཆེན་ཨོ་རྒྱན་བསྟན་འཛིན། མཁན་ཆེན་ལེགས་བཤད་འབྱོར་ལྡན་འདུལ་བའི་སྡེ། མཁན་ཆེན་ནུས་ལྡན་མཁྱེན་བརྩེ་བློ་གྲོས། མཁན་ཆེན་ནོར་བུ་དབང་རྒྱལ། མཁན་ཆེན་ངག་དབང་ནོར་བུ། དཔལ་ཡུལ་མཁན་པོ་བློ་གྲོས། རི་ཤུར་མཁན་ཆེན་དྲི་མེད་འོད་ཟེར། མཁར་བ་བླ་མ་དགེ་ལེགས་རྒྱ་མཚོ། སྨྱུང་གནས་བླ་མ་རིན་ཆེན་དར་རྒྱས། ཨ་བེ་བླ་མ་པདྨ་སི་ལོ། ཨ་སྐྱབས་བླ་མ་ཀརྨ་དོན་གྲུབ། ཧ་ཤུར་བླ་མ་ཆོས་གྲགས། ཁྲ་སྐྱ་བླ་མ་དཔལ་ལྡན། འདས་ཤུར་བླ་མའི་ཡང་སྲིད། དུང་དཀར་ཚེ་མཚམས་བླ་མ། སེ་ར་མཁའ་འགྲོ་བདེ་བའི་རྡོ་རྗེ། ཤུག་གསེབ་རྗེ་བཙུན་ཆོས་ཉིད་བཟང་མོ་སོགས་གསང་སྔགས་སྔ་འགྱུར་བའི་སྐྱེས་ཆེན་བཅུ་ཕྲག་བཞི་ལས་བརྒལ་བའི་མདུན་ནས་གསན་བསམ་ཕྱོགས་མེད་མཛད་ཅིང་།

ཁྱད་པར་དུ་པཎ་ཆེན་བི་མ་མི་ཏྲ་མི་ཡི་གར་དུ་རོལ་བ་མཁན་ཆེན་ངག་གི་དབང་པོ་པདྨ་ལས་འབྲེལ་རྩལ་གྱི་ཞབས་ཀྱི་པདྨོ་མཉེས་པ་གསུམ་གྱིས་མི་ལོ་དྲུག་དང་ཟླ་བ་ལྔའི་བར་དུ་བསྟེན་ནས་སྔོན་འགྲོ་ནས་འོད་གསལ་རྫོགས་པ་ཆེན་པོའི་བར་བུམ་པ་གང་བྱོའི་ཚུལ་དུ་གནང་སྟེ། རིག་སྟོང་གདོད་མའི་མགོན་པོའི་རང་ཞལ་རྗེན་གཅེར་གཟིགས་ཤིང་སྙིང་པོ་དོན་གྱི་རྒྱལ་ཚབ་དམ་པར་དབང་བསྐུར་ནས་སངས་རྒྱས་རྡོ་རྗེ་ཞེས་མཚན་གྱི་ཅོད་པན་བསྩལ།

དེ་ནས་བཟུང་ཀུན་སྤངས་བྱ་བྲལ་གྱི་ངང་ཚུལ་བཞེས་ཏེ་སྐུ་ཚེ་གང་པོར་རྟེན་དགེ་བསྙེན་གྱི་ཚུལ་དུ་བཞུགས་ནས་འདོད་ཆུང་ཆོག་ཤེས་དང་། ལུས་འདུ་འཛི་དང་སེམས་རྣམ་རྟོག་ལས་རིང་དུ་ཕྱོགས་ནས་དབེན་པའི་རི་སུལ་དག་ཏུ་ཉམས་ལེན་ལ་གཅིག་ཏུ་གཞོལ་བར་མཛད་དོ།།

གསུམ་པ་འགྲོ་དོན་ཕྱོགས་མེད་དུ་བསྐྱངས་པ་ཕྲིན་ལས་ཀྱི་ཆེ་བ་བསྟན་པ།

དེ་ནས་ཉག་བླ་བྱང་ཆུབ་རྡོ་རྗེས།
རིག་འཛིན་རྣལ་འབྱོར་སངས་རྒྱས་རྡོ་རྗེ་ཁྱེད། །བཀའ་བརྡ་ལུང་དང་ཉམས་རྟོགས་རིག་པའི་རྩལ།།
དོན་གཉེར་གཞན་ཕན་གདུལ་བྱ་སྐྱོང་རན་པས། །ཐུགས་དམ་སྔ་འགྱུར་བསྟན་པའི་རྒྱལ་མཚན་བསྒྲེངས།།
འགྲོ་མང་ཁ་ལོ་བསྒྱུར་ངེས་རྡོ་རྗེའི་ལུང་། །མི་འགྱུར་གསང་བའི་བཀའ་རྟགས་ཕྱག་རྒྱས་བསྡམས།།
ཞེས་དང་།

མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་སྐུ་ཚ་དབང་ཆེན་དགྱེས་པ་རྡོ་རྗེའི་གཏེར་ལུང་ལས།
ཚ་རོང་ཕྱོགས་ནས་སངས་རྒྱས་རྡོ་རྗེ་འབྱུང་།།
གཞོན་ནུའི་ཚུལ་འཛིན་ཆོས་རྒྱལ་བཞེད་པ་བསྐང་།།
ཞེས་དང་།

སྟག་ཕུ་རྡོ་རྗེ་འཆང་བློ་བཟང་དོན་ཡོད་རྡོ་རྗེས།
བོད་དུ་བུདྡྷ་བཛྲ་ཞེས། །དྲི་མེད་བླ་མའི་དྲིན་ཉིད་ལས།།
ཟབ་མོའི་བདུད་རྩིའི་རྒྱ་མཚོར་སྤྱོད། །འབྲེལ་ཚད་དོན་དང་ལྡན་པར་བྱེད།།

ཅེས་དམ་པ་དུ་མའི་ལུང་དོན་ལྟར་འཕགས་མཆོག་མིག་མི་འཛུམ་པའི་རྣམ་རོལ་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཞིང་གཞན་དུ་གཤེགས་རྗེས་གཞུང་ས་དགའ་ལྡན་ཕོ་བྲང་གི་ཆོས་སྲིད་ལུགས་གཉིས་ཀྱི་བ་དན་འཛིན་པའི་རྒྱལ་ཚབ་མི་རྗེ་རྭ་སྒྲེང་ཧོ་ཐོག་ཐུ་འཇམ་དཔལ་ཡེ་ཤེས་བསྟན་པའི་རྒྱལ་མཚན་མཆོག་ཉིད་རིང་ནས་སྨོན་ལམ་རྣམ་པར་དག་པའི་འཕྲོ་སད་ནས། རིས་མེད་རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་ལ་ཤིན་ཏུ་མོས་པའི་རྐྱེན་གྱིས་འོད་གསལ་སྙིང་ཐིག་གི་ཆོས་བཀའ་ཟབ་མོ་ཉམས་སུ་ལེན་པར་དགོངས་ནས་ཞིབ་རྩད་གནང་བར་ཁམས་ཕྱོགས་སུ་མཁན་ཆེན་ངག་གི་དབང་པོ་པདྨ་ལས་འབྲེལ་རྩལ་ཞེས་པ་ངེས་དོན་སྙིང་ཐིག་བསྟན་པའི་བདག་པོར་བཞུགས་པ་གསན་འཕྲལ་དབུས་སུ་ཕེབས་དགོས་པའི་གསོལ་འདེབས་ཞུས་པའི་ལན་དུ།

བདག་ལོ་ན་རྒས་པས་དབུས་སུ་ཡོང་མི་ཐུབ། ཁོ་བོའི་སློབ་མ་སངས་རྒྱས་རྡོ་རྗེ་ཞེས་པ་དེ་ཉིད་དེང་སང་དབུས་ཕྱོགས་སུ་བཞུགས་ཡོད་པ་ཁོང་དང་ང་གཉིས་ལ་ཁྱད་པར་གཏན་ནས་མེད་པས་ཁོང་བསྟེན་ན་རིགས་ཞེས་བཀའ་ཕེབས་པ་ལྟར་རྒྱལ་ཚབ་རྭ་སྒྲེང་ཧོ་ཐོག་ཐུས་དབུ་བླར་བསྟེན་ཏེ། ཆོས་བཀའ་ཟབ་མོ་ཅི་རིགས་ཞུ་བར་མཛད་པས་མཚོན་བསོད་ནམས་དང་ཡོན་ཏན་གྱིས་མངོན་པར་འཕགས་པའི་བླ་མ་དང་དཔོན་ཆེན་སོགས་ཆེ་དགུ་དྲེགས་ལྡན་གྱི་རལ་པའི་རྩེ་མོར་ཞབས་སེན་པདྨོའི་རེ་ཁ་མངོན་པར་བཀོད་ནས་འཇིགས་མེད་སྤོབས་པའི་དབུ་འཕང་དགུང་ལ་བཏེག་སྟེ་སྔ་འགྱུར་རིག་འཛིན་བརྒྱུད་པའི་བཙན་ས་འཛིན། དེའི་སྐོར་དམ་པ་གང་ཉིད་ཀྱིས་མཛད་པའི་ལུང་རིགས་རྡོ་རྗེའི་མེ་ཆར་ལས། ཉམ་ཆུང་བདག་ལྟ་བུ་ལའང་བོང་བ་གསེར་གཟིགས་ཀྱིས་བླ་མའི་གོ་སར་བཀུར་ཏེ་རྫོགས་ཆེན་སྙིང་ཐིག་གི་སྙན་བརྒྱུད་མན་ངག་སྐོར་མཆོད་སྤྲིན་དུ་ཕུལ་བ་དགྱེས་བརྩེས་བཞེས་པ་བཅས་གསུངས་པ་ལྟར་རོ།།

གཞན་ཡང་སངས་རྒྱས་པདྨའི་རྒྱལ་ཚབ། སྔ་འགྱུར་བསྟན་པ་རྒྱ་མཚོའི་མངའ་བདག་སྐྱབས་རྗེ་༸བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་མཆོག་གིས་ཀྱང་རང་གི་རྒྱལ་ཚབ་ཏུ་མངའ་གསོལ་ནས་རྡོ་རྗེའི་ཐ་ཚིག་ཟབ་མོའི་བཀའ་ཤོག་བསྩལ་པ་ལས་འདི་ལྟར། སྲིད་པའི་ཁམས་ན་གནས་ཤིང་རྒྱུ་བའི་ཡིད་ཅན་ཆེ་ཕྲ་ཡོངས་ལ་བསྲིངས་པ། ད་ལམ་རིག་པ་འཛིན་པ་ཁྲོ་རྒྱལ་རྡོ་རྗེ་འདི་ལ་ངེད་ནས་ཟབ་གསང་ཌཱ་ཀིའི་སྙིང་ཁྲག་གི་སྙན་བརྒྱུད་ཀྱི་གདམས་པ་ཕོག དོན་བརྒྱུད་ཀྱི་དགོངས་པ་གཏད། འགྲོ་འདུལ་རྒྱལ་ཚབ་ཀྱི་སྐྱེས་བུར་དབང་བསྐུར་ཏེ། ཕྱོགས་མེད་ཀྱི་གདུལ་བྱའི་ཁ་ལོ་བསྒྱུར་ཕྱིར་མངགས་པ་ཡིན་པས། ཁྱེད་ལྷ་འདྲེ་མི་གསུམ་སུ་ཡང་རུང་བས་ཕན་པའི་སྡོང་གྲོགས་ཚུལ་བཞིན་དུ་བསྒྲུབས་ན་འདི་ཕྱིའི་ཕན་བདེ་འབྱུང་བ་ཆོས་ཉིད་དང་། གལ་སྲིད་ལོག་པར་འཁུ་བའི་བསམ་སྦྱོར་ཕྲ་མོ་ཙམ་ཡང་ཤར་ཚེ་དྲག་ཤུལ་གྱི་སྟོབས་དང་ཡེ་ཤེས་ཀྱི་སྤྱན་མངའ་བའི་བཀའ་སྲུང་དྲེགས་པའི་དམག་ཚོགས་ར་མདར་སྦྲན་ནས་གཟུགས་ཅན་གྱི་སྲོག་རྩ་བཅད། གཟུགས་མེད་ཀྱི་དབང་པོ་བཀུམས་ཏེ་མིང་གི་ལྷག་མར་གཏོང་བ་གདོན་མི་ཟ་བས་ཁེ་ཉེན་གྱི་གནས་ལ་ཤིན་ཏུ་བག་ཡོད་པར་བྱོས་ཤིག ཅེས་གོ་བར་བྱ་བའི་ཡི་གེ་འདིའང་ཀོང་ཡུལ་བདུད་རི་གནམ་ལྕགས་འབར་བའི་མདུན་རོལ་ནས་ཁྲག་འཐུང་ཁྲོ་བོ་འཆོལ་བའི་རྣལ་འབྱོར་པ་འཇིགས་བྲལ་ཡེ་ཤེས་དྲག་པོ་རྩལ་གྱིས་བྲིས། ཞེས་གསུངས་པས་མཚོན་ནོ།།

ང་དགུའི་དུས་འགྱུར་འཚུབ་མས་གངས་ལྗོངས་ཆོས་སྲིད་ལུགས་གཉིས་ཀྱི་ཀ་བ་རྨང་ནས་བསྒྱེལ་ལ་ཉེ་བའི་ཚེ་བསྟན་འཛིན་གྱི་སྐྱེས་བུ་ཕལ་ཆེ་བ་ཞལ་ལྷོ་མོན་ཕྱོགས་སུ་སྒྱུར་སྐབས་དམ་པ་གང་ཉིད་ཀྱང་རྒྱ་བལ་ཕྱོགས་སུ་བྱོན་ནས་དད་ལྡན་མང་པོར་རང་རང་གི་རྒྱུད་ཚོད་དང་འཚམས་པའི་དབང་ལུང་མན་ངག་ཅི་རིགས་བསྩལ་པ་དང་། ལྷག་པར་དུ་གཡོན་རུ་གཏེར་སྟོན་འཆི་མེད་རྡོ་རྗེའི་ལུང་བསྟན་ལས། ཡང་ལེ་ཤོད་ཀྱི་སྒྲུབ་གནས་སུ། །མཁར་ཆུའི་སྤྲུལ་པས་སྒྲུབ་གྲྭ་འཛུགས། །ཞེས་དང་། བདུད་འཇོམས་གླིང་པས། དགོངས་ཤིག་གཟིགས་ཤིག་ཁྱེད་སློབ་མཁར་ཆུ་པས། །ཁྱེད་ཀྱི་སྒྲུབ་གནས་བཟང་པོར་ལྷག་བསམ་གྱིས། །སྒྲུབ་གྲྭའི་ཉམས་ལེན་རྒྱུན་བཟང་བཙུགས་ལགས་ན། །ཚུལ་འདིར་འགལ་རྐྱེན་ཅི་མཆིས་ཞི་ནས་ཀྱང་། །བསམ་རྒུ་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས།།

ཞེས་གསུངས་པ་ལྟར་ཐུབ་པས་ལུང་གིས་ཟིན་ཅིང་ཨོ་རྒྱན་མ་ཧཱ་གུ་རུས་ཞབས་ཀྱིས་བཅགས་པའི་གནས་མཆོག་རང་བྱུང་གི་མཆོད་རྟེན་ཆེན་པོ་འཕགས་པ་ཤིང་ཀུན་དང་། དུར་ཁྲོད་ཆེན་པོ་ལྷུན་གྲུབ་བརྩེགས་པའི་ཉེ་འདབས་མཐོང་གྲོལ་མཆོད་རྟེན་བྱ་རུང་ཁ་ཤོར། རྒྱལ་བུ་སྙིང་སྟོབས་ཆེན་པོས་སྟག་མོ་བཀྲེས་པར་རང་གི་སྐུ་ལུས་སྦྱིན་པ་བཏང་བའི་གནས་མཆོག་སྟག་མོ་ལུས་སྦྱིན་སོགས་གནས་ཆེན་དུ་མས་གཏམས་པའི་ཉེ་བའི་ཚནྡྷོའི་ཞིང་ཁམས་ཡམ་བུ་རྒྱལ་ས་ནས་ལེ་དབར་བཅུ་གསུམ་ཙམ་གྱིས་ཆོད་པའི་ཕ་རོལ་ན། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་གུ་རུ་པདྨས་ཕྱག་རྒྱ་ཆེན་པོ་རིག་འཛིན་གྱི་གོ་འཕང་མངོན་དུ་མཛད་པའི་གནས་མཆོག་ཡང་ལེ་ཤོད་དུ་སྒྲུབ་སྡེ་ཆེན་པོ་དཔལ་རིག་འཛིན་དགའ་ཚལ་རྟེན་དང་བརྟེན་པ་བཅས་བཞེངས་ཤིང་།

གཞན་ཡང་གནས་ཆེན་ཉེར་བཞིའི་ཡ་གྱལ་གོ་དྷ་ཝ་རིར་སྒྲུབ་སྡེ་བླ་མེད་འོད་གསལ་ཏིང་འཛིན་མཆོག་སྒྲུབ་གླིང་། ཡོལ་མོ་གངས་རར་སྒྲུབ་སྡེ་ཀུན་བཟང་ཆོས་གླིང་དང་། སྦས་ཡུལ་འབྲས་མོ་གཤོངས་སུ་དཔའ་སྐྱོང་ཀཿཐོག་དགོན། དེའི་གནས་སྒོ་ཆེ་བ་རྡོ་རྗེ་གླིང་གི་གྲོང་ལས་དགོན་པའི་ཚུལ་དུ་ཆགས་པ་ཕུན་ཚོགས་རྔ་ཡབ་ཆོས་གླིང་གི་སྒྲུབ་སྡེ་ཀུན་གྲོལ་འོད་གསལ་རྩེ། སྦས་ཡུལ་གླང་བྲག་ཅེས་ཀུན་མཁྱེན་ཆེན་པོ་ཀློང་ཆེན་པའི་གདན་ས་གླིང་བརྒྱད་ཀྱི་ནང་གསེས་ཤར་ཀུན་བཟང་ཆོས་གླིང་དང་མི་རིང་བའི་སར། རྒྱལ་སྲས་སྤྲུལ་སྐུ་གྲགས་པ་འོད་ཟེར་གྱིས་ཕྱག་བཏབ་པའི་གདན་ས་ཉམས་པ་སླར་གསོ་མཛད་པའི་སྒྲུབ་སྡེ་ངེས་གསང་རྟག་བརྟན་གླིང་སོགས་སྒྲུབ་པའི་བསྟི་གནས་ཆོས་སྡེ་ཆེན་པོ་གང་མང་ཕྱག་བཏབ་པ་སོགས་རྟོགས་པའི་བསྟན་པ་རིན་པོ་ཆེར་ཕྱག་རྗེས་ཆེ།

སྟག་ཕུ་རྡོ་རྗེ་འཆང་གི་བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་ལས།
སངས་རྒྱས་རྡོ་རྗེ་འབྲེལ་ཚད་དོན་དང་ལྡན།།
གསང་སྔགས་སྤྱོད་པའི་རྣལ་འབྱོར་དབང་ཕྱུག་དེས།།
སྐལ་བཟང་རྣམས་ལ་ཟབ་ལམ་གདམས་པ་འདོམས།།

ཞེས་པའི་ལུང་དོན་ལྟར་བསོད་ནམས་དུས་སུ་སྨིན་པའི་ལས་ཅན་གྱི་སྐྱེས་བུ་མང་པོ་ཐུགས་བརྩེས་རྗེས་བཟུང་གིས་ཉེ་ལམ་རྫོགས་པ་ཆེན་པོའི་དབང་ལུང་ཁྲིད་མན་ངག་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གནང་ནས་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེའི་སྲོག་རྩ་བཟུང་བའི་བཀའ་དྲིན་ནི་བསམ་ཡུལ་ལས་འདས་ཤིང་།

དེ་མིན་ཁྲོམ་ཆེན་པོར་དབང་ལུང་མན་ངག་གང་བྱུང་དུ་གསུང་བ་སོགས་ནི་མི་སྲིད་པའི་ཚོད་དུ་ཡིན་པས་སྔོན་གྱི་རིག་འཛིན་གོང་མ་རྣམས་ཀྱི་རྣམ་ཐར་གཙང་མ་བསྐྱངས་ནས་གསང་སྔགས་ཁྲོམ་ཆོས་དང་ངོམ་ཆོས་གཏན་ནས་མི་མཛད་པས་གསང་བ་སྲུང་བར་ཤིན་ཏུ་དགྱེས་པ་དང་། ཆེན་པོའི་ངོ་སྲུང་། དཔལ་འབྱོར་འདུ་འགོད། ཐོབ་གོ་སའི་འཐབ་རྩོད་སོགས་ཆོས་བརྒྱད་ཀྱི་དྲི་མ་རིང་དུ་དོར་ནས་བལ་ཡུལ་ཡང་ལེ་ཤོད་དང་། ཡོལ་མོ་གངས་ར་སོགས་དབེན་པའི་རི་ཁྲོད་འབའ་ཞིག་ཏུ་སྙིང་པོ་དོན་གྱི་ཉམས་ལེན་ལ་གཅིག་ཏུ་གཞོལ་བར་མཛད་དོ།།

ཕྱོགས་ཞེན་སྡང་ཟུག་གིས་རང་རྒྱུད་མ་རུངས་པར་བྱས་པའི་འཛེ་སྨད་སྤྲུལ་སྐུ་བློ་བཟང་དཔལ་ལྡན་གྱིས་སྔ་འགྱུར་བསྟན་པ་དང་དེ་འཛིན་ཡོངས་ལ་གཡོ་རྫུན་ཀླན་ཀའི་སྐུར་འདེབས་ཚད་མེད་བྱས་པའི་བརྒལ་ལན་དུ་བརྗོད་པ་ལུང་རིགས་རྡོ་རྗེའི་མེ་ཆར་མཛད་ནས་བཟུང་འཛེ་སྨད་སྤྲུལ་སྐུ་སློབ་འབངས་འཁོར་དང་བཅས་པའི་སྨྲ་ངན་དུག་ལྕེ་རིང་མོ་དུམ་བུར་ཆད་ནས་ཅི་ཡང་སྨྲ་མི་ནུས་པའི་གནས་སུ་བཀོད་ཅིང་གྲགས་པ་ཁོ་ནའི་རྗེས་སུ་འབྲངས་པའི་སྐྱེ་བོ་བླུན་རྨོངས་དཔག་ཏུ་མེད་པར་ཤེས་རབ་ཀྱི་མིག་ཟུང་རྣམ་པར་ཕྱེ་ནས་བླང་དོར་གྱི་གནས་ལ་ཚུལ་བཞིན་འཇུག་ལྡོག་བྱེད་པའི་བློ་གྲོས་དང་ལྡན་པར་གྱུར་ཏོ།།

ལྷག་པར་དུ་སྐུ་ཚེ་གང་པོར་དམར་ཟས་གཏན་ནས་མི་བཞེས་པ་མི་ཚད། མགོན་མེད་པའི་སེམས་ཅན་གྲངས་དཔག་ཏུ་མེད་པ་ཚེ་ཐར་སྲོག་བླུ་མཛད་པ་དང་གཞན་ལའང་དེ་ལྟར་སྐུལ་མ་དང་བཀའ་སློབ་ལམ་སྟོན་གནང་ནས་ཉམ་ཆུང་སེམས་ཅན་རྣམས་ལ་མི་འཇིགས་སྐྱབས་ཀྱི་ཕྱག་རྒྱ་རིང་མོར་བསྐྱངས་ཤིང་སྔ་འགྱུར་སྨོན་ལམ་ཆེན་མོ་དཀར་ཟས་རིང་ལུགས་པར་བསྒྱུར་གནང་བ་འདི་གཅིག་པུ་ལ་བསམས་ནའང་གསེར་སྲང་འབུམ་གྱིས་གཞལ་བར་དཀའ་བའི་བཀའ་དྲིན་ཅན་ཏེ། དམ་པ་གང་གིས་དུད་འགྲོ་རང་དབང་ཚོགས་ཆུང་ལ་གནང་བའི་བཀའ་སློབ་ལས། ང་ཚོ་རྒྱ་གར་ལ་ཡོང་ནས་ཤ་སྤོང་མཁན་དང་པོ་དེ་ང་ཡིན། རྒྱ་གར་རྡོ་རྗེ་གདན་ལ་རྙིང་མའི་སྨོན་ལམ་དང་པོ་བཙུགས་པའི་ལོ་དེར་ཤ་བཟས་པ་རེད། གཉིས་པའི་ལོ་དེར་ང་སླེབས་ནས་ཡོངས་སུ་རྫོགས་པ་ཚོགས་འདུའི་ནང་ལ་རྙིང་མ་བའི་བླ་ཆེན་ཐམས་ཅད་ཡོད་སའི་ནང་ལ་ཤ་མ་སྤངས་ན། རྒྱ་གར་རྡོ་རྗེ་གདན་སྟོན་པ་སངས་རྒྱས་པའི་གནས་ནང་པ་སངས་རྒྱས་པ་ཡོད་ཚད་ཀྱི་ཡོངས་གྲགས་ཀྱི་གནས་ཁྱད་པར་ཅན་རེད། དེའི་ནང་ལ་སྔ་འགྱུར་སྨོན་ལམ་ཆེན་མོ་འཚོགས་ཡིན་ཟེར་ནས་ཤ་བཟས་ན་ནི་དེ་ལས་ཞབས་འདྲེན་ཆེ་བ་ཞིག་དང་སངས་རྒྱས་ཀྱི་བསྟན་པ་ལ་དེ་ལས་ཐབས་སྡུག་པ་ཞིག་ཡོད་མ་རེད། ཁྱེད་རང་ཚོ་ཡོངས་སུ་རྫོགས་པ་ཇི་སྲིད་སྨོན་ལམ་ཚོགས་རྒྱུན་རིང་ཤ་ཡི་ལས་ཀ་རྩ་བ་ནས་མ་བྱེད། བོད་ཀྱི་བླ་མ་ཚོ་ཡིན་ནའང་འདྲ། གྲྭ་པ་ཚོས་ཤ་བཟས། བླ་མ་ཚོས་སྤང་མ་ཐུབ་ན་ད་རུང་དེ་ལས་ཐབས་སྡུག་གི་རེད། དང་པོ་བླ་མ་ཚོའི་སྐུ་མདུན་ལ་འགྲོ་ནས་ཁྱེད་རང་ཚོ་འདི་ཡི་ཚེ་ལ་ཤ་དྲང་གི་མིན། ཁྱེད་རང་ཚོ་ཡང་ཤ་མ་བཞེས་རོགས་བྱེད། ད་དུང་བཞེས་ན་མི་མང་ལ་སྐད་ཆ་ཤོད་ས་མི་འདུག གྲྭ་མང་ལ་ཡང་ཤོད་ས་མི་འདུག་ཟེར་ནས་གསུངས་རོགས་བྱེད་མ་གཏོགས། ཤེས་མཁན་ཡོན་ཏན་ཅན་ཚོས་ཤ་བཟས། གང་ཡང་མི་ཤེས་མཁན་མི་མང་ལུག་ཁྱི་འདྲ་བ་དེ་ཚོ་ལ་ཤ་མ་ཟ་ཟེར་ནས་བཀག་ན། དེ་རྩ་བ་ནས་ཡོང་ཐུབ་རྒྱུ་མ་རེད་ཅེས་བཤད་རྒྱུ་བྱུང་བ་རེད། ཅེས་གསུངས་པས་མཚོན་ནོ།།

ལྷག་པར་དུ་གསང་སྔགས་རྙིང་མའི་དབུ་འཛིན་དང་པོ་༸སྐྱབས་རྗེ་བདེ་བར་གཤེགས་པ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཡང་སྲིད་སངས་རྒྱས་པདྨ་བཞད་པ་རྩལ་དང་། སྔ་འགྱུར་རྙིང་མའི་དབུ་འཛིན་གསུམ་པ་༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེའི་ཡང་སྲིད་མི་འགྱུར་བདེ་ཆེན་གར་དབང་ཟིལ་གནོན་རྡོ་རྗེ། ༸སྐྱབས་རྗེ་ཀཿཐོག་སི་ཏུ་རིན་པོ་ཆེས་གཙོས་བསྟན་འཛིན་གྱི་སྐྱེས་བུའི་ཡང་སྲིད་ཚད་ལྡན་མང་པོ་ངོས་འཛིན་མཛད་ནས་ཕྱི་རབས་གདུལ་བྱའི་སྐྱེས་སུ་འཇོག་པར་མཛད་ཅིང་། གཞན་ཡང་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ། འབྲས་ལྗོངས་རྒྱལ་པོ་ཆོས་རྒྱལ་རྣམ་རྒྱལ་དབང་ཕྱུག འབྲུག་རྒྱལ་བཞི་པ་འཇིགས་མེད་སེངྒེ་དབང་ཕྱུག་གཙོས་བལ་བོད་འབྲུག་འབྲས་སོགས་ས་ཕྱོགས་གང་སར་རིམ་གཉིས་ཀྱི་གདེང་དང་ལྡན་པའི་བླ་མ། འཆད་རྩོད་རྩོམ་གསུམ་གྱིས་ཐུགས་རྒྱུད་ཕྱུག་པའི་མཁན་སློབ། རྒྱལ་ཁྲིམས་ཆོས་བཞིན་སྐྱོང་བའི་མི་དབང་སོགས་ཀྱིས་བླ་མར་བཀུར་ནས་རང་རང་གི་རྒྱུད་ཚོད་དང་འཚམས་པར་དམ་ཆོས་ཟབ་མོས་སྨིན་པར་མཛད་པས་མཚོན་རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་འདི་ལ་བཀའ་དྲིན་འགྲན་ཟླ་དང་བྲལ་ཞིང་སྙིགས་དུས་འདིར་པཎ་ཆེན་བི་མ་མི་ཏྲ་བསམ་བཞིན་མི་ཡི་གཟུགས་སུ་བྱོན་པ་གོར་མ་ཆག་གོ།

སྐུ་ཚེ་གཅིག་གི་མཛད་པའི་སྙིང་པོ་རྣམས་མདོར་བསྡུས་ན་དམ་པ་གང་ཉིད་ཀྱི་རྣམ་ཐར་ཞལ་གསུང་མ་བྱིན་ཅན་ལས། བླ་མ་དཀོན་མཆོག་མཁྱེན། དེ་ཡང་ཕ་རྒན་རང་ལོ་གྱ་བདུན་མཇུག གྱ་བརྒྱད་ལ་ཉེ་བའི་མཚམས་སུ་འདྲིས་དང་མ་འདྲིས་མང་པོ་ཞིག་གིས་ཁྱེད་ཀྱི་རྣམ་ཐར་ཞལ་གསུང་མ་རྗེས་འཇུག་རྣམས་ལ་ཕན་པའི་ཆེད་དུ་འབྲི་རོགས་ཞེས་བསྐུལ་མ་བྱེད་པ་འདི། ཐར་པའི་གེགས་དང་བར་ཆད་དུ་གོ་ནས་ཚིག་ཚོགས་མང་པོའི་བསླུ་བྲིད་ལ་དགོས་པ་མི་འདུག རང་རྒྱུས་རང་ལ་ཆེ་བ་མེད་པ་དཔང་དུ་བཙུགས་ནས་གདབ་ལན་ཡི་གེ་འབྲུ་གསུམ་མ་འདི་གཞག་པར་བགྱིའོ།།

ཚུལ་ཁྲིམས་ཤེས་རབ་གསུམ་གྱི་ཡོན་ཏན་དྲིས། །མ་གོས་མངོན་སུམ་ཚད་མས་གྲུབ་པ་ལ། །ཡོད་བརྫུའི་འུད་ཤོབ་སྤྲ་བ་རླན་བྲལ་དེ། །སྦྱིན་ཟ་འབར་བའི་ཀློང་དུ་ཛྭ་ལ་རྃ། །ཆོས་དང་འཇིག་རྟེན་སྲ་བསྲེའི་བླ་ཚུགས་ཀྱིས། །ལག་ལེན་འཕྲོད་པའི་ཤག་པོ་རང་མིན་ཤེས། །ཟོལ་ཟོག་ཆོས་བརྒྱད་གོ་ཐལ་སྐམ་པོ་ཡང་། །རི་རྩེའི་རླུང་ལ་བསྐུར་བཏང་ཡི་གེ་ཡྃ། །དད་གཤིན་དཀོར་ནག་སྲོག་དང་ཐར་པའི་གེགས། །ཤེས་བཞིན་གསོག་འཇོག་འཚོང་བུན་རྟེན་མཆོད་བཞེངས། །མི་དགོས་མི་ལེན་ཞེན་ལོག་གཙང་རྒྱུན་ཆུས། །བཀྲུ་བར་བགྱིའོ་འབྱུང་བའི་ཡི་གེ་ཁྃ། །ཞེས་པ་འདི་རང་ངོས་ཀྱིས་དྲིས་པ་ལ་ལན་དུ་སྨྲོས་པ་མ་གཏོགས་ཆོས་ཉིད་མཉམ་པ་ཉིད་ཀྱི་བདེན་མཐོང་རང་གཞན་གྱི་དོན་གཉིས་ངང་ངམ་ཤུགས་ཀྱིས་མཛད་པའི་སྐྱེས་ཆེན་དམ་པ་ཚད་མར་གྱུར་པ་གང་ན་སུ་བཞུགས་པ་རྣམས་ལ་སྐུར་འདེབས་ཟུར་ཟ་ཚེར་མ་ལྟ་བུའི་ངག་གཏན་ནས་མིན་པས་གོ་བ་ལེན་ཕྱོགས་འཛོལ་ནས་ཀོ་ལོང་རུ་ང་ཕྲག་དོག་མ་མཛད་པར་ཐུགས་མཉམ་ཉིད་བདེ་བ་ཆེན་པོའི་ངང་དུ་ལྷོད་དེ་བཞུགས་པར་ཞུ་ཞེས་དམིགས་ཀྱིས་བསལ་ནས། སྤྱིར་བཏང་ང་དང་ང་འདྲ་བ་སོ་སྐྱེ་ལས་མ་འཕགས་ནའང་ང་རྒྱལ་གྱིས་གནམ་བརྟོལ་བའི་བསྟན་སེལ་ཕུང་དཀྲུགས་མཁན་རྣམས་ཀྱིས་བདེན་ངག་ཏུ་གོ་ནས་དྲན་ཤེས་བག་ཡོད་ལྷུར་ལེན་པའི་རྒྱུར་གྱུར་ཅིག ཅེས་གསུངས་པ་ལྟར་འདི་ནི་ཕྱི་རབས་སྐལ་ལྡན་གདུལ་བྱ་རྣམས་དང་བ་སྐྱེས་ནས་རྗེས་སུ་འཇུག་པ་དང་ཟོག་པོ་བསླུ་བྲིད་མཁན་དག་ལམ་ནོར་གྱི་གཡང་ས་ལས་སྐྱོབ་པར་མཛད་པའི་གདམས་ངག་ཅིག་གོ།

བཞི་པ་ཡོངས་སུ་མྱ་ངན་ལས་འདའ་བར་ཚུལ་བསྟན་པའི་ཆེ་བ།

འོན་ཀྱང་སྤྱི་མཐུན་གདུལ་བྱའི་བསོད་ནམས་ཀྱིས་མ་ཐེག་པར་དམ་པ་གང་ཉིད་དགུང་གྲངས་བརྒྱ་དང་བཞི་ ༡༠༤ བོད་རྒྱལ་ལོ་ ༢༡༤༢ ཟླ་ ༡༡ ཚེས་ ༢༠ དང་། སྤྱི་ལོ་ ༢༠༡༥ ཟླ་ ༡༢ པའི་ཚེས་ ༣༠ དགོང་མོ་ཕྱག་ཚོད་ ༥ པ་ཙམ་ལ་ཡང་ལེ་ཤོད་དུ་ཕྱི་གསལ་གཟུགས་སྐུའི་བཀོད་པ་ནང་དབྱིངས་གཞོན་ནུ་བུམ་སྐུའི་ཀློང་དུ་ཐིམ་པའི་ཚུལ་བསྟན་ཅིང་འདའ་ཁའི་ཞལ་ཆེམས་དོན་ཚན་གཉིས་ཏེ། ང་ཤི་བའི་རྗེས་སུ་ཁྱེད་ཚོས་སྡུག་བསྔལ་བྱེད་མི་དགོས། ང་ལ་ཡང་སྲིད་མེད། ཅེས་གསུངས། ཉིན་གསུམ་གྱི་རིང་འོད་གསལ་རྫོགས་པ་ཆེན་པོའི་དོན་ལ་མཉམ་པར་བཞག་ནས་ཐུགས་དམ་ལ་བཞུགས་པ་དང་། ཐུགས་དམ་གྲོལ་རྗེས་ཉིད་ཀྱི་སློབ་བུ་རྣམས་པས་གསེར་དངུལ་མུ་ཏིག་ལ་སོགས་ཀྱིས་བཞེངས་པའི་སྤུར་སྒམ་ནང་དུ་བཞུགས་སུ་གསོལ།

གསང་ཡུམ་ཀ་མ་ལ། སྲས་མོ་ས་ར་སྭསྟི་དང་ཏཱ་ར་བཅས་ཀྱིས་རིན་པོ་ཆེ་མཆོག་ཞིང་གཤེགས་ཚུལ་སྐོར་ཉིན་འགའི་རིང་སྦ་གསང་བྱས་ཤིང་། སྤྱི་ཟླ་ ༡ ཚེས་ ༥ ཉིན་གསང་རྒྱ་བཀྲོལ་ནས་རིན་པོ་ཆེ་མཆོག་གི་ཐུགས་སྲས་གཉིས་ཏེ། ཀཿཐོག་སི་ཏུའི་ཡང་སྲིད་རིན་པོ་ཆེ་དང་བདུད་འཇོམས་ཡང་སྲིད་སངས་རྒྱས་པདྨ་བཞད་པ་རིན་པོ་ཆེ་རྣམ་གཉིས་ཀྱིས་གཙོས་སློབ་མ་རྣམས་ཀྱིས་མྱུར་དུ་རིན་པོ་ཆེའི་འདས་མཆོད་འཚོག་འགོ་བཙུགས་ཤིང་། ཐུགས་སྲས་རྣམ་གཉིས་ཀྱིས་ཞག་ ༤༩ བར་སྔ་དྲོ་ཕྱག་ཚོད་ ༨ ནས་ཕྱི་དྲོ་ ༥ བར་ཀློང་ཆེན་སྙིང་གི་ཐིག་ལེ་ལས་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་འཚོགས།
བོད། རྒྱ་གར། བལ་ཡུལ། འབྲུག འབྲས་ལྗོངས། ཨ་རི། ཐེ་ཝན། སོགས་ཀྱི་རྡོ་རྗེ་འཛིན་པའི་རྣལ་འབྱོར་པ་ཆེན་པོ་རྣམས་སྐུ་གདུང་རིན་པོ་ཆེ་མཇལ་ཁ་དང་། རིན་པོ་ཆེའི་སྐུ་འཁོར་རྣམས་ལ་སེམས་གསོ་སོགས་ཀྱི་ཆེད་དུ་རྒྱུན་མ་ཆད་པར་ཕེབས།
བོད་ཀཿཐོག་དགོན་པའི་མཁན་པོ་དང་སྤྲུལ་སྐུ། དད་ལྡན་གྱི་སློབ་མ་བརྒྱ་ཕྲག་ལྷག་ཕེབས་ནས་སྐུ་གདུང་རིན་པོ་ཆེའི་མདུན་དུ་ཉིན་ལྔའི་རིང་ཀཿཐོག་ལུགས་ཀྱི་ཞི་ཁྲོ་འཚོགས།
དེ་བཞིན་དུ་དཔལ་ཡུལ་༸སྐྱབས་རྗེ་གྱང་ཁང་སྤྲུལ་སྐུ་ཐུབ་བསྟན་དཔལ་བཟང་རིན་པོ་ཆེ། རྨུགས་སངས་སྐུ་ཆེན་རིན་པོ་ཆེ་བཅས་ཆེད་ཕེབས་ཀྱིས་བླ་མ་མཆོད་པའི་སྒོ་ནས་གདུང་མཆོད་ཕུལ།
ཉིན་རེར་ Japan, Indonesia, China, Cambodia, Vietnam, Thailand, Sri Lanka སོགས་ཀྱི་གྲྭ་པ་དང་སློབ་མ་ཚོ་ཡང་རྒྱུན་མ་ཆད་པར་སླེབས།
རི་དགོན་ནམ་མཁའ་དྲི་མེད་རིན་པོ་ཆེ། ཆོས་ཀྱི་ཉི་མ་རིན་པོ་ཆེ། མཆོག་གླིང་རིན་པོ་ཆེ། འཕགས་མཆོག་རིན་པོ་ཆེ། ཚོགས་གཉིས་རིན་པོ་ཆེ། མི་འགྱུར་རིན་པོ་ཆེ་སོགས་བླ་མ་རྣམས་ཕེབས་ནས་འདས་མཆོད་འཚོགས།
མ་ཟད་ཕྱི་རོལ་པའི་བླ་མ་རྣམས་ཀྱང་རྒྱུན་མ་ཆད་པར་སླེབས་ཤིང་། དེའི་ནང་ནས་གཙོ་བོ་ཡང་ལེ་ཤོད་དཀྵིན་ཀཱ་ལི་ལྷ་ཁང་གི་བླ་མ་ཡིན།
ཨེ་ཤི་ཡ་དང་བྱང་ཕྱོགས་ཀྱི་ཁྲོས་མ་ཚོགས་པའི་སློབ་མ་རྣམས་ཀྱིས་ཁྲོས་མའི་སྒོ་ནས་མཆོད་པ་རྒྱ་ཆེར་ཕུལ།

མཐའ་མའི་འདས་མཆོད་ཉིན་གསུམ་ནི་རྒྱ་གར་ལྷོ་ཕྱོགས་སྔ་འགྱུར་རྙིང་མའི་གདན་ས་ཆེན་མོ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་གོ་སྒྲིག་འོག་སྐུ་གདུང་ལྷ་ཁང་ནང་དུ་༸སྐྱབས་རྗེ་ཀཿཐོག་སི་ཏུ་རིན་པོ་ཆེ་དང་། ༸སྐྱབས་རྗེ་བདུད་འཇོམས་ཡང་སྲིད་རིན་པོ་ཆེ་རྣམ་པས་རྡོར་སེམས་དང་། ལྷ་ཁང་ཕྱི་རོལ་དུ་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ། མཁན་ཆེན་རྣམ་གྲོལ་ཚེ་རིང་། མཁན་ཆེན་ཚེ་དབང་རྒྱ་མཚོས་གཙོས་རྣམ་གླིང་མཁན་སྤྲུལ་བླ་སློབ་བརྒྱ་ཕྲག་བརྒལ་བས་ཀར་གླིང་ཞི་ཁྲོའི་སྒོ་ནས་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་རྒྱ་ཆེར་ཕུལ། དེ་བཞིན་དུ་གྲྭ་བཙུན་ ༢༠༠༠ བརྒལ་བ་དང་དད་ལྡན་གྱི་སློབ་མ་མང་པོ་ཞིག་དེ་གར་འབྱོར་ཡོད།

དམིགས་བསལ་སྐུ་མགྲོན་ལ་འབྲས་ལྗོངས་རྒྱལ་པོ་ཆོས་རྒྱལ་རྣམ་རྒྱལ་དབང་ཕྱུག རྒྱ་ནག རྒྱ་གར། ཤྲཱི་ལངྐ། འབར་མ་བཅས་ཀྱི་གཞུང་ཚབ། བལ་ཡུལ་ཉེན་རྟོག་པ་དང་དམག་མི་ཚོགས་པའི་ཚོགས་གཙོ་བཅས་ཀྱང་དེར་སླེབས།

དམ་པ་གང་ཉིད་སྐུ་ཞི་བར་གཤེགས་པའི་ཚུལ་བསྟན་པ་འདི་རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་བ་ཡོངས་ལ་བསུབ་ཏུ་མེད་པའི་གྱོང་རྒུད་ཚབས་ཆེན་ཕོག་པས་བླ་ཆེན་དང་མི་ཆེན། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་སོགས་དད་ལྡན་དུ་མས་མྱ་ངན་དང་རྗེས་དྲན་གྱི་གསུང་འཕྲིན་དུ་མ་ཞིག་ཕུལ་ཡོད་པ་དེ་དག་ལས་མཁས་དང་གྲུབ་པའི་དབང་ཕྱུག་སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་གསུངས་དོན། བྱ་བྲལ་རིན་པོ་ཆེ་ཞི་བར་གཤེགས་པ་ནི་དུས་རབས་ཤིག་གི་མཇུག་བསྡུས་པ་རེད་ལ། སྤྱིར་སངས་རྒྱས་ཀྱི་བསྟན་པ། བྱེ་བྲག་ཏུ་རྡོ་རྗེ་ཐེག་པ། དམིགས་བསལ་བོད་བརྒྱུད་ནང་བསྟན་དང་། སྔ་འགྱུར་རྙིང་མའི་བསྟན་པ་སྲུང་བའི་འགན་ཁུར་བ་ཆེན་པོ་ཞིག་ང་ཚོས་བོར་བརླག་ཤོར་བ་རེད། སྤྱིར་བྱ་བྲལ་ཞེས་པའི་མཚན་གྱི་དོན་ནི། འཇིག་རྟེན་གྱི་བྱ་བ་ཡོད་ཚད་བློས་བཏང་བའི་རྣལ་འབྱོར་པ་ཞིག་རེད་ལ། ནམ་རྒྱུན་ལྟར་ན་མཚན་འདི་ནི་མཚན་དུ་བཏགས་པ་རང་རེད། ཡིན་ནའང་ཞི་བར་གཤེགས་པའི་དམ་པ་ཁོང་ལ་བྱ་བྲལ་ཞེས་པའི་མཚན་དེ་མཚན་ཙམ་དུ་མ་གྱུར་པ། བྱ་བྲལ་ཞེས་མཚན་གྱི་དོན་ངོ་མའི་སྙིང་པོ་ཀུན་བསྡུས་པ་ཞིག་རེད། དགུང་ལོ་བརྒྱ་དང་གཉིས་ལྷག་ལ་བཞུགས་པའི་སྐུ་ཚེ་རིང་པོ་དེའི་ནང་ལ། མཛད་ཕྲིན་མང་པོ་ཞིག་བསྐྱངས་པ་སྟེ། སྐྱེས་ཆེན་དམ་པ་མང་པོ་དང་འགྲོགས་ནས། ༸གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བཙལ་རྙེད་མཛད་མཁན། རྒྱལ་ཚབ་རྭ་སྒྲེང་ཁྲི་ཆེན་གྱི་དབུ་བླར་གྱུར་ཅིང་བཀའ་ཆོས་གནང་བས་མཚོན། བླ་མ་རྣམས་ཀྱི་བླ་མར་གྱུར་པ་རེད་དེ། དགོན་པ་དང་། བཤད་གྲྭ། ཆོས་ཚོགས་སོགས་ཕྱག་འདེབས་པའི་འུད་ཤོབ་ཚ་པོ་གང་ཡང་ཕལ་ཆེར་མ་གནང་བ་རེད། ཁོང་གི་ཉེ་འཁོར་གང་ནའང་། སྒེར་གྱི་མཁོ་ཆས་ལས། གསེར་གྱི་ཁྲི་དང་། གསེར་གྱི་དབུ་གདུགས་ཟེར་བ་གཅིག་ཀྱང་མཐོང་རྒྱུ་ཡོད་མ་རེད། དེས་ན་ཁོང་ནི་ངེས་པ་དོན་གྱི་བྱ་བྲལ་བ་ཞིག་རེད།

ཤེས་དགོས་རྒྱུ་ཞིག་ལ་ང་དང་ང་འདྲའི་བླ་མ། འཛམ་གླིང་གི་ས་ཆ་མ་སོང་བའི་ས་ཞིག་དང་། མ་འཁྱམས་སའི་ཁུག་ཅིག་མེད་པར་བྱས་ཏེ། སྐད་ཅོར་ཆེ་ཐག་ཆོད་རྒྱག ཁྲ་ཁྲ་ཟིང་ཟིང་གི་སྣང་བརྙན་ཁྱབ་བསྒྲགས་གང་ཐུབ་བྱེད་མཁན་སུ་དང་གང་གིས་ཀྱང་། ཕར་བལྟས་ན་སྒོམ་སྟན་དེ་ནམ་ཡང་གྲང་མ་བཅུག་པར་ཉར་བ་ཙམ་མ་གཏོགས་གཞན་གང་ཡང་མ་མཛད་པའི་བྱ་བྲལ་དམ་པ་འདི་དང་བསྡུར་ན། ང་ཚོས་ལས་དོན་མ་འགྲུབ་པ་ལྟ་བུ་རེད། གལ་སྲིད་དམ་པ་འདིས་ཕྱག་ལས་ཤིག་གནང་ནས་བརྒྱ་ཆ་གོ་དགུའི་ཕྱག་ལས་དེ་ཉམ་ཆུང་སེམས་ཅན་སྲོག་བླུ་མཛད་པ་ཤ་སྟག་རེད། ཅེས་དང་། ངའི་མི་ཚེ་ཚད་ཅན་འདིའི་ནང་ལ། ཚུལ་འཆོས་རིང་ལུགས་ལ་མཐའ་གཅིག་ཏུ་བཀག་འགོག་མཛད་མཁན་ཁ་ཤས་མཇལ་མྱོང་བ་ལས། བྱ་བྲལ་རིན་པོ་ཆེ་དེ་དག་ལས་གཅིག་རེད། ཁོང་ནི་ཁ་དོན་ཚིག་ལ་གནས་པ་ཞིག་ལས་ཕན་ཚུན་ཚོང་ལས་ལྟ་བུའི་གྲོས་མོལ་གཏན་ནས་མེད་པ་རེད་ལ། དངུལ་དངོས་ཀྱི་ཆེད་དུ་ཆོས་ཀྱི་ཚིག་གཅིག་ཀྱང་མི་ཤོད་མཁན་དང་། ཆེན་པོ་གཉན་པོ་སུ་ལའང་མགོ་བོ་གཏན་ནས་མི་སྒུར་མཁན་ཞིག་རེད། ང་ཚོ་ཟོག་པོ་རྫུ་བག་ཅན་མང་པོར་མཇལ་ཁ་གཏན་ནས་གནང་གི་མེད་ཀྱང་། དམ་པ་འདིའི་དབུགས་ཀྱི་རྒྱུ་བ་དེ་སཱི་ལི་གྷུ་རི་དང་ཡང་ལེ་ཤོད་ཀྱི་བར་ལ་རྒྱུ་བཞིན་པ་ཤེས་པ་ཙམ་གྱིས་ང་ཚོར་འཇིགས་སྔངས་བསྐྱེད་ནས་སྙིང་ལ་འདར་སིག་སློང་གི་ཡོད་རེད། ཅེས་དང་།

ཡང་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་ས་སྐྱའི་བདག་ཆེན་ཕུན་ཚོགས་ཕོ་བྲང་དགོངས་པ་རྫོགས་པའི་སྐོར་གླེང་ཞོར་དུ་སླར་ཡང་བྱ་བྲལ་རིན་པོ་ཆེའི་སྐོར་ལ་གླེང་སློང་མཛད་ཡོད་པ་འདི་ལྟར།
ཉེ་ཆར་༸སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་དགོངས་པ་རྫོགས་པ་རེད། བྱ་བྲལ་རིན་པོ་ཆེ་ཁོང་མཁས་བཙུན་བཟང་པོ་བླ་མ་རྡོ་རྗེ་སློབ་དཔོན་ཚད་དང་མཚན་ཉིད་ལྡན་པ་ཡིན་ཚུལ་བཤད་མི་དགོས། བཤད་ནའང་མང་ཆེ་བས་ཧ་གོ་ཡི་མ་རེད། འོན་ཀྱང་དཔལ་སྤྲུལ་རིན་པོ་ཆེའི་ཀུན་བཟང་བླ་མའི་ཞལ་ལུང་སོགས་ཁྲིད་ཡིག་ནང་དུ་གསུངས་པའི་ཆོས་པ་རྣམ་དག་ཟེར་མཁན་དེ་ངས་བསམས་ན་བྱ་བྲལ་རིན་པོ་ཆེ་ཚད་བཞག་ས་རེད། ང་ཚོས་དཔེ་ཆའི་ནང་དུ་འདི་འདྲ་གསུངས་བཞག་པ་རེད་མ་གཏོགས་འདི་ནང་བཞིན་ངོ་མ་ལག་ལེན་སྟར་མཁན་རང་ཨེ་ཡོད་བསམ་པ་འདྲ་བོ་འདི་འདྲ་རེད།
ང་ཚོ་བྱ་བྲལ་རིན་པོ་ཆེ་མཇལ་མྱོང་མཁན་ཚོ་ལ་རྒྱུས་ཡོད། ཁོང་ནི་སྐད་གྲགས་དང་ཟང་ཟིང་དཔལ་འབྱོར་སོགས་ཀྱི་ཆེད་དུ་ཆོས་སྒྲུབ་མཁན་མ་རེད། ཁ་ཞེ་ངོ་ལྐོག་མེད་པར་ཐུགས་ལ་གང་འཆར་བ་དེ་དངོས་སུ་ལག་ལེན་སྟར་མཁན་རེད། སྐུ་ཚེ་ཧྲིལ་པོ་ལ་ཁོང་རང་གི་བླ་བྲང་དགོན་པ་རེད་ཟེར་བའི་ཟང་ཟིང་གི་སྒྲིག་འཛུགས་དེ་འདྲ་གང་ཡང་མཇལ་རྒྱུ་ཡོད་པ་མ་རེད། མཐའ་ན་གསུར་ཞིག་བཏང་ནའང་ཧ་ལམ་གཟིམ་ཆུང་དུ་ཡོད་པའི་ཅ་ལག་ཚང་མ་སྲེག་གིན་ཡོད་པ་རེད། སེམས་ཅན་གྱི་སྲོག་བླུ་ཚེ་ཐར་གཅིག་པུར་བསམས་ནའང་བསམ་གྱིས་མི་ཁྱབ་པ་རེད། ད་ལྟ་ང་ཚོ་མཇལ་མྱོང་མཁན་ཚོའི་བསམ་བློའི་ནང་དུ་ཤོང་ནའང་། ཕྱིས་སུ་ན་གཞོན་གྱི་རིགས་ཚོ་ལ་བྱ་བྲལ་རིན་པོ་ཆེའི་སྐོར་ལོ་རྒྱུས་བཤད་ན་ཕལ་ཆེར་གཏམ་རྒྱུད་ནང་བཞིན་མ་གཏོགས་བདེན་པར་འཛིན་ཁག་པོ་རེད། ཅེས་ཡང་ནས་ཡང་དུ་གླེང་བར་མཛད་པ་ནི་དམ་པ་འདི་ལ་དམིགས་བསལ་ཡིད་སྨོན་ཚད་མེད་བཅངས་ཡོད་པ་དཔོག་ཐུབ་ལ། རིན་པོ་ཆེ་གང་གི་སྐུ་ཚེ་གཅིག་གི་རྣམ་ཐར་སྙིང་པོ་རྣམས་དོན་ཟབ་ཅིང་ཚིག་ཉུང་ངུར་བསྡུས་ནས་གསུངས་འདུག་པས་འདིར་བཀོད་པ་ལགས་སོ།།

དམ་པའི་རྣམ་ཐར་རིན་ཆེན་ནོར་བུའི་ཕྲེང་།།
དད་ལྡན་སེར་སྐྱ་དགའ་བའི་མགུལ་རྒྱན་ཏེ།།
བདེ་ནས་བདེ་བར་འགྲོ་བའི་ཐར་འདོད་རྣམས།།
མཚན་ལྡན་སྐྱེས་བུའི་ཤུལ་ལམ་བསྙེག་པར་འཚལ།།

གསལ་བཤད། 
ཁུངས་གཏུག་ས་གཙོ་བོ་དགེ་རྩེ་བཀྲ་ལེགས་དགོན་གྱི་མཁན་པོ་བསྟན་འཛིན་འོད་ཟེར་གྱིས་མཛད་པའི་སྐྱབས་རྗེ་རིན་པོ་ཆེའི་རྣམ་ཐར་འབྲིང་པོ་ཞིག་དང་། འདས་མཆོད་སྐོར་རྣམས་ནང་པའི་འཇུག་སྒོ་ཞེས་པའི་དབྱིན་ཡིག་དྲ་ཚིགས་ནས་བསྒྱུར་ཅིང་། གཞན་ཡང་དམ་པ་འདིའི་སྐོར་ཐོར་བུ་གང་མཇལ་རྣམས་བཏུས་ནས་ཕྱོགས་སྒྲིག་ཞུས་པའོ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།