ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པའི་དགོངས་གཏེར་བསྟན་བཅོས་རྣམས་ཀྱི་ངོ་སྤྲོད་སྙིང་བསྡུས།

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཞབས།

རྩོམ་སྒྲིག་པ།

དེ་ཡང་ཇི་སྐད་དུ། དོན་ལ་ངེས་པའི་གདེང་རྙེད་ན།། སེམས་ལས་ཆོས་གཏེར་འབུམ་ཕྲག་རྡོལ།  །ཞེས་པ་དང་མཐུན་པར་འོད་གསལ་སྙིང་ཐིག་བསྟན་པའི་ཤིང་རྟ་ཆེན་པོ་ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པའི་དགོངས་གཏེར་ལེགས་བཤད་ཀྱི་བསྟན་བཅོས་དུ་མ་ཞིག་བསྟན་འགྲོའི་གསོས་སུ་བཞུགས་ཡོད་པ་རྣམས་འདིར་ཉུང་ངུའི་ངག་གིས་གཞུང་གི་མཚན་བྱང་ཙམ་མཚམས་སྦྱོར་ཞུས་ན། སྤྱིར་ཀུན་མཁྱེན་གྱིས་མཛད་པའི་བསྟན་བཅོས་ཇི་ཙམ་ཡོད་མེད་ཀྱི་ཚད་ཐིག་ངེས་གཏན་གྱི་མཛད་བྱང་ལོ་རྒྱུས་སོགས་མ་ཡིག་གསལ་ཁ་ཅན་ཞིག་ལག་ཏུ་མ་སོན་ཀྱང་། འདིར་རྣམ་ཐར་དང་དཀར་ཆག་འགའ་ཞིག་ཏུ་གསལ་བ་རྣམས་ཁུངས་གཞི་གཙོར་བཟུང་གིས་བསྟན་བཅོས་རྣམས་ཐུན་མོང་ཕྱི་ཡི་གནས། ཐུན་མིན་ནང་གི་གནས། ངེས་དོན་གསང་བའི་གནས་བཅས་སྡེ་ཚན་གསུམ་དུ་བསྡུས་ནས་དགོད་པར་བྱ་སྟེ།

ཕྱིའི་གནས་སམ་ཐུན་མོང་ཕྱིའི་བསྟན་བཅོས།

འདི་ནི་གསུང་རབ་ལ་འཇུག་པའི་ཐེམ་སྐས་སམ་ཐུན་མོང་ཕྱིའི་ཕྱོགས་སུ་གཏོགས་པའི་བསྟན་བཅོས་རྣམས་ལ་གོ་བ་ཡིན། དེ་ཡང་རིག་གནས་ཀྱི་སྐོར་ལ་ཆོས་སྡེ་ཚན་པ་བཅུ། གཏམ་ཚོགས་ཆོས་སྡེ་བཞི་བཅུ་རྩ་ལྔ། བསྟོད་ཚོགས་ཆོས་སྡེ་བཞི་བཅུ་རྩ་གསུམ་བཅས་བཞུགས་ཡོད་པར་ཞེ་ཆེན་རབ་འབྱམས་འགྱུར་མེད་ཀུན་བཟང་རྣམ་རྒྱལ་མཆོག་གིས་མཛད་པའི་རྣམ་ཐར་དུ་གསལ་བ་ལྟར་ཡིན་མོད། འདིར་ཆོས་སྡེ་སོ་སོའི་གཞུང་མཚན་རྣམས་མཁྱེན་པའང་གལ་འགངས་སུ་དམིགས་ཏེ་རིམ་པར་བཀོད་ན། ཡི་གེའི་སྡེབ་སྦྱོར་ལ་འཇུག་པ་རིན་ཆེན་སྙེ་མ་ཆེ་ཆུང་གཉིས། རིག་པ་ཀློག་པའི་དོན་བསྡུས། སྒྲ་བཞིའི་མཚམས་སྦྱོར། ཀློག་གི་བསྟན་བཅོས་ཟླ་བ་གསལ་བྱེད། སྡེབ་སྦྱོར་ལ་འཇུག་པ་ཉི་མའི་ཤིང་རྟ། ལྕི་ཡང་གི་གནས་པ་རིན་པོ་ཆེའི་ལྡེ་མིག མངོན་བརྗོད་ལ་འཇུག་པ་མེ་ཏོག་གི་འཁྲི་ཤིང་། སྙན་ངག་གི་བསྟན་བཅོས་མེ་ཏོག་རྒྱས་པའི་སྐྱེད་མོས་ཚལ། དཔེར་བརྗོད་ཀྱི་གནས་ངེས་པ་ཀླུ་ཤིང་གི་མེ་ཏོག་སྤེལ་མའི་གནས་ལ་འཇུག་པ་ཚངས་པའི་གསུང་དབྱངས་ཏེ། གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་ཀྱི་རྣམ་པར་དབྱེ་བ་དང་།

འདི་མན་ཆད་ནི་ཐམས་ཅད་སྤེལ་མར་སྟོན་པ་འཕྲོས་པ་ཡན་ལག་གི་བསྟན་བཅོས་ཏེ། མིའམ་ཅི་ཀུན་ཏུ་དགའ་བའི་ཟློས་གར། གཞོན་ནུ་ཞི་བའི་རྟོགས་པ་བརྗོད་པ་མེ་ཏོག་གི་ཆུན་པོ། བློ་གསལ་རི་བོང་གི་རྟོགས་བརྗོད། ལེགས་པར་གདམས་པ་ལྷའི་རྔ་བོ་ཆེ་ལྟ་བུའི་གཏམ། པོ་ཏ་ལ་ཀུན་ཏུ་དགའ་བའི་གཏམ། ལེགས་པར་སྦྱར་བའི་སྙན་ངག་ཟླ་བའི་འཁྲི་ཤིང་རབ་ཏུ་བཟང་པོ། མེ་ཏོག་གི་ར་བ། ནགས་ཀྱི་གཏམ་པདྨ་དཀར་པོ། ནགས་ཀྱི་གཏམ་གངས་རིའི་རྒྱན། ནགས་ཀྱི་གཏམ་ཀུན་ཏུ་བཟང་པོ། ནགས་ཀྱི་གཏམ་ཀུ་མུ་དའི་འཁྲི་ཤིང་། ནགས་ཚལ་ཀུན་ཏུ་དགའ་བའི་གཏམ། ཆོས་ཀྱི་སྡོམ་བཞི་དྲི་མ་མེད་པའི་གཏམ། ཆོས་བཞི་རིན་པོ་ཆེའི་ཕྲེང་བ། སློབ་དཔོན་བརྟག་པའི་རབ་ཏུ་བྱེད་པ། རང་བྱུང་བརྟག་པའི་རབ་ཏུ་བྱེད་པ། སྐྱེ་བོ་བརྟག་པའི་རབ་ཏུ་བྱེད་པ། མཁས་བླུན་བརྟག་པའི་རབ་ཏུ་བྱེད་པ། བཤེས་གཉེན་བརྟག་པའི་རབ་ཏུ་བྱེད་པ། ཆོས་དང་ཆོས་མིན་བརྟག་པའི་རབ་ཏུ་བྱེད་པ། ཤིན་ཏུ་བྱ་དཀའ་བའི་གནས་ཀྱི་དཔེར་བརྗོད་ཡི་གེར་བཀོད་པ། དབྱངས་ངེས་པ་ཅན་གྱི་རྒྱན། དུས་ལ་མངོན་པར་སྐྱོ་བའི་རབས། རང་ལ་གྲོས་སུ་བཏབ་པའི་རབས། ཐར་པ་ལ་བསྐུལ་བའི་རབས། བདེ་བར་གཤེགས་པའི་ཐུགས་རྗེ་ལ་བསྐུལ་བའི་རབས། ཕྱོགས་ཀྱི་སྡེ་སྣོད་འཛིན་པ་རྣམས་ལ་གཏམ་དུ་སྦྱར་བའི་རབས།

བླ་མ་དམ་པ་ལ་ཞུ་བ་ཞུ་ཡིག་རིན་ཆེན་གསེར་གྱི་མཆོད་སྡོང་། ཞུ་ཡིག་པདྨ་སྟོང་ལྡན། ཞུ་ཡིག་ནོར་བུའི་དྲ་བ། ཞུ་ཡིག་རྨ་བྱའི་ང་རོ། ཕྱོགས་ཀྱི་སློབ་མ་ལ་བསྔགས་པ་ལྷའི་རྔ་སྒྲ། སྦྱིན་བདག་ལ་བསྔགས་པ་རིན་པོ་ཆེའི་བང་མཛོད། དྲི་བ་ཉི་ཤུ་པའི་ལན་རྒྱ་ཆེར་བཤད་པ། སེམས་དང་ཡེ་ཤེས་ཀྱི་དྲི་བའི་ལན་རྒྱ་ཆེར་བཤད་པ། མཁས་གྲུབ་དམ་པ་རྣམས་ཀྱི་མྱང་འདས་ཆེ་ཆུང་། བསྟན་པ་སྙིགས་པའི་སྐྱེ་བོ་བསམ་པ། རྒྱུ་ལ་ཁམས་འདུས་པ་མེ་ཏོག་ཕྲེང་ལྡན། རྐྱེན་ལ་ཁམས་འདུས་པ་ཀ་ཁ་སུམ་ཅུ། གཉིས་ཀ་ལ་ཁམས་འདུས་པ་དྲན་པའི་མེ་ལོང་། སྐྱེ་བོ་དགའ་བ་སྐྱེད་པ་གླུ་གར་གྱི་རྩེད་མོ། བྱིས་པ་བཞད་གད་སློང་བ་སྤྲེའུ་ཟློས་གར། འཇིག་རྟེན་ལུགས་ལ་འཇུག་པ་མཛངས་ཀྱི་འཕྲུལ་ཡིག  བདེ་བར་གཤེགས་པ་ལ་བསྟོད་པ་རྔ་བོ་ཆེའི་དབྱངས་སྙན། ཡུམ་ལ་བསྟོད་པ་ཡིིད་བཞིན་ནོར་བུ། ཡོན་ཏན་ཚད་མེད་པར་བསྟོད་པ། བསམ་གྱིས་མི་ཁྱབ་པར་བསྟོད་པ། དཔེ་ལས་འདས་པར་བསྟོད་པ།

སྤྱན་རས་གཟིགས་ལ་བསྟོད་པ་ལྷའི་སིལ་སྙན། རྟ་མགྲིན་ལ་བསྟོད་པ་གློག་གི་ཕྲེང་བ། འཇམ་དཔལ་དཀར་པོ་ལ་བསྟོད་པ་མུ་ཏིག་གི་ཕྲེང་བ། དམར་པོ་ལ་བསྟོད་པ་མིའམ་ཅིའི་དབྱངས་སྙན། སེར་པོ་ལ་བསྟོད་པ་དྲི་ཟའི་རྒྱུད་མངས། སྔོན་པོ་ལ་བསྟོད་པ་སྤྲིན་གྱི་ང་རོ། འཕགས་མ་དབྱངས་ཅན་མ་ལ་བསྟོད་པ་གཞོན་ནུ་མཆོག་དགའི་དབྱངས་ཀུ་མུ་ཏའི་ཕྲེང་བ་པདྨའི་དྲ་བ། འཕགས་མ་ནོར་རྒྱུན་མ་ལ་བསྟོད་པ་གསེར་གྱི་སྤྲིན་ཕུང་། ཀུ་རུ་ཀུལླེ་ལ་བསྟོད་པ་དབང་པོའི་རྒྱུད་མངས། དུག་སེལ་མ་ལ་བསྟོད་པ་ཀླུའི་གཙུག་རྒྱན། འོད་ཟེར་ཅན་མ་ལ་བསྟོད་པ་འཇིགས་པ་ཀུན་སེལ། དཔལ་མོ་ལ་བསྟོད་པ་དབང་པོའི་མེ་ཏོག ཕག་མོ་དཀར་མོ་ལ་བསྟོད་པ་དཔལ་གྱི་ཕྲེང་འཛིན། དམར་མོ་ལ་བསྟོད་པ་དུས་ཀྱི་ཕྲེང་བ། ནག་མོ་ལ་བསྟོད་པ་དངོས་གྲུབ་ཀུན་འབྱུང་། མི་གཡོ་དཀར་པོ་ལ་བསྟོད་པ་མལླི་ཀའི་ཕྲེེང་བ། དམར་པོ་ལ་བསྟོད་པ་དུས་ཀྱི་མཚམས་སྤྲིན། སྔོན་པོ་ལ་བསྟོད་པ་འབྱུང་པོ་ཀུན་འདུལ། སྒྲོལ་མ་ལ་བསྟོད་པ་དཔྱིད་ཀྱི་ང་རོ།

ཚོགས་བདག་ལ་བསྟོད་པ་ནོར་བུའི་བང་མཛོད། དབང་ཕྱུག་ལ་བསྟོད་པ་ལྷའི་མེ་ཏོག  ཁྱབ་འཇུག་ལ་བསྟོད་པ་ཀླུའི་ང་རོ། ཨུ་མ་ལ་བསྟོད་པ་ཀུ་མུ་ཏའི་གཉེན། ཚངས་པ་ལ་བསྟོད་པ་རྒྱ་མཚོའི་རྦ་རླབས།  དུས་ཀྱི་ལྷ་ལ་བསྟོད་པ་དཔྱིད་ཀྱི་ཐིག་ལེ། རི་དང་རྒྱ་མཚོ་ལ་བསྟོད་པ་ཕྱོགས་ཀྱི་ང་རོ། མཆིམས་ཕུའི་གནས་ལ་བསྟོད་པ་དུས་བཞིའི་མེ་ཏོག  ཡེར་བའི་གནས་ལ་བསྟོད་པ་པདྨ་དཀར་པོའི་ཕྲེང་བ། གངས་རི་ཐོད་དཀར་གྱི་གནས་ལ་བསྟོད་པ་རོལ་མོའི་དབྱངས་སྙན། ལུམ་པའི་གཙུག་ལག་ལ་བསྟོད་པ་རྒྱ་མཚོའི་རྦ་རླབས། བསམ་ཡས་ཀྱི་ཡུལ་གྱི་བཀོད་པ་གསལ་བར་བྱེད་པ་གངས་རིའི་རྒྱན། གསང་ཕུའི་ཆོས་གྲྭ་ལ་བསྔགས་པ་ཡོན་ཏན་ཕྲེང་ཚོགས། ཞྭ་པདྨ་དབང་ཆེན་གྱི་གཙུག་ལག་ཁང་ལ་བསྟོད་པ་རོལ་མོའི་སྤྲིན་ཕུང་། དཀར་ཆག་རྒྱས་པ་རྩིས་ཀྱི་ཡི་གེ་ཞིབ་མོ། བསྡུས་པ་ངོ་མཚར་དྲན་བྱེད་བཅས་དང་། གཞན་ཡང་གསོལ་འདེབས་དང་རྒྱན་གྱི་མེ་ཏོག་ལ་སོགས་པ་ཕྲ་མོའི་གནས་དཔག་ཏུ་མེད་པ་ཞིག་སྐྱེ་བོ་རྣམས་ཆོས་ལ་འཇུག་པའི་ཆེད་དུ་མཛད་པར་གྲགས་སོ། །དཀར་ཆག་ངོ་མཚར་སྐལ་བཟང་དང་། རྣམ་ཐར་དད་པ་གསུམ་གྱི་འཇུག་ངོགས་ན་གསལ་བའི་དཀར་ཆག རྣམ་ཐར་མཐོང་བ་དོན་ལྡན་དུ་གསལ་བའི་དཀར་ཆག་གསུམ་དུ་མ་འཁོད་པ། འཇམ་དཔལ་ལ་བསྟོད་པ་མེ་ཏོག་ཆུན་པོ། འཕགས་པ་འཇམ་དཔལ་གཞོན་ནུ་ལ་བསྟོད་པ། དབྱངས་ཅན་མ་ལ་བསྟོད་པ་གཞོལ་རོལ་དགའི་དབྱངས། བུམ་ཐང་ལྷའི་སྦས་ཡུལ་གྱི་བཀོད་པ་མེ་ཏོག་སྐྱེད་ཚལ། ཞྭ་པདྨ་དབང་གི་དཀར་ཆག་རྩིས་ཀྱི་ཡི་གེ་ཞིབ་མོ། རྡོ་རྗེའི་གླུའི་དཀར་ཆག་ལེགས་པར་བཀོད་པ། རྒྱལ་བ་རང་བྱུང་རྡོ་རྗེར་དྲི་ཚིག་ལེའུར་བྱས་པ། རང་ལ་གྲོས་སུ་གདམས་པའི་རྡོ་རྗེའི་མགུར། ངང་པའི་དྲི་ལན་སྤྲིན་གྱི་སྙིང་པོ། སྙིང་གཏམ་སུམ་ཅུ་པ་བཅས་སོ།།

ནང་གི་གནས་སམ་ཁྱད་པར་ནང་གི་བསྟན་བཅོས།

འདི་ལ་རྒྱུ་མཚན་ཉིད་ཐེག་པ་དང་། འབྲས་བུ་སྔགས་ཀྱི་ཐེག་པ་སྟེ་གཉིས་ལས། དེ་ལ་དང་པོའི་ཕྱོགས་སུ་གཏོགས་པའི་བསྟན་བཅོས་ལ། བྱམས་ཆོས་ལྔའི་སྤྱིའི་དོན་གྱི་འགྲེལ་པ་ས་ལམ་གྱི་རྣམ་པར་བཞག་པ་རིན་ཆེན་ཐེམ་སྐས་རྩ་འགྲེལ་དང་བཅས་པ། མངོན་རྟོགས་རྒྱན་གྱི་ལུས་རྣམ་བཞག་གི་གསལ་བྱེད་རྒྱན་གྱི་སྣང་བ། འདུལ་བ་ཀ་རི་ཀའི་གསལ་བྱེད་འོད་ཀྱི་སྙེ་མ། རང་རྒྱུད་ཤར་གསུམ་གྱི་དོན་བསྡུས་དེ་ཁོ་ན་ཉིད་ལ་འཇུག་པ། དབུ་མ་ཐལ་འགྱུར་བའི་གནས་གསལ་བ་རབ་ཏུ་མི་གནས་པའི་དོན་བསྡུས། བདེན་པ་གཉིས་རབ་ཏུ་བྱ་བ་ལ་འཇུག་པ། དེའི་མན་ངག་ལམ་རིམ་གསལ་བ། སེམས་སྤྱོད་དོན་གྱི་སྙིང་པོ། ལུང་སྦྱོར་རིན་པོ་ཆེའི་ཕྲེང་བ། སེམས་བསྐྱེད་རིན་པོ་ཆེ་གསེར་གྱི་མེ་ཏོག བསླབ་བྱ་རྒྱལ་སྲས་ལམ་བཟང་། ཟབ་མོ་མདོ་ལྔའི་དོན་བཤད། སྨོན་ལམ་རྒྱ་མཚོའི་སྙིང་པོ། གཅོད་ཡུལ་དག་པའི་ལམ་ཁྱེར། ཕུང་པོ་གསུམ་པའི་ཉམས་ལེན། འདའ་དཀའ་ཡེ་ཤེས་ཀྱི་སྒོམ་ཐབས་སོགས་སོ།།

གཉིས་པ་གསང་སྔགས་རྡོ་རྗེ་ཐེག་པའི་ཕྱོགས་སུ་གཏོགས་པའི་བསྟན་བཅོས་ལ། རྒྱུད་སྡེ་བཞིའི་གནས་ཟབ་ཅིང་རྒྱ་ཆེ་བར་བསྟན་པ་ལས། བཤད་པའི་གནས་གསལ་བར་བསྟན་པ་ཡིད་བཞིན་མཛོད། འགྲེལ་པ་པདྨ་དཀར་པོ་དང་བཅས་པ། སྒྱུ་འཕྲུལ་དྲ་བ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས། དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་སྤྱི་དོན་ཡིད་ཀྱི་མུན་སེལ། འགྲེལ་པ་ཕྱོགས་བཅུའི་མུན་སེལ། དེའི་བསྡུས་དོན་མ་རིག་མུན་སེལ། རིགས་ལྔ་ཡེ་ཤེས་སྣང་བ་རྣམས་དང་། ཆོས་སྤྱོད་ཐམས་ཅད་ཀྱི་མངོན་པར་རྟོགས་པའི་རྒྱུད་ཀྱི་བཤད་འགྲེལ་བྱང་ཆུབ་ལྗོན་ཤིང་། རྒྱུད་སྡེ་བཞིའི་སྤྱི་དོན་བཤད་པ་རྡོ་རྗེ་འབྱུང་བ། དམ་ཚིག་གསུམ་བཀོད་ཀྱི་རྣམ་བཤད་ཉི་མའི་འོད་ཟེར་རོ།།

ཕྲིན་སྒྲུབ་ཆོ་གའི་སྐོར་ལ། གནས་བརྟན་བཅུ་དྲུག་ཆོ་ག་གཞན་ཕན་ནོར་བུ། སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་བདེ་ལེགས་ཀུན་འབྱུང་། སྨན་བླའི་ཆོ་ག་ཡོན་ཏན་ཕྲེང་རྫོགས།  སྦྱོང་རྒྱུད་སྒྲུབ་ཐབས་ཟླ་བའི་ནོར་བུ།  རྣམ་སྣང་སྒྲུབ་ཐབས་ངན་སོང་ཀུན་སྦྱོར། ཀུན་རིག་རྩ་བའི་དཀྱིལ་འཁོར་དུ་སློབ་མ་འཇུག་ཅིང་དབང་བསྐུར་བའི་ཆོ་ག མི་འཁྲུགས་པའི་སྒྲུབ་ཐབས་སྡུག་བསྔལ་ཀུན་སྦྱོང་། ཤཱཀ་ཐུབ་སྒྲུབ་ཐབས་འོད་ཟེར་ཀུན་འབྱུང་། བྱམས་པའི་སྒྲུབ་ཐབས་པདྨ་བརྩེགས་པ། གཞན་ཡང་འཇམ་དཔལ། དབྱངས་ཅན་མ། ཕག་མོ། མི་གཡོ་བ། ཛམྦྷ་ལ། དེ་དག་རྣམས་ལས་དཀར་སེར་དམར་སྔོ་ནག་སོགས་སོ་སོའི་སྒྲུབ་ཐབས། དམར་པོ་སྐོར་གསུམ། འོད་ཟེར་ཅན། ནོར་རྒྱུན་མ། ཨཾ་བུ་མི། དུག་སེལ་ཅན་རྣམ་རྒྱལ་མ་སོགས་དང་། དབང་ཕྱུག་ཁྱབ་འཇུག་སོགས་འཇིག་རྟེན་པའི་སྟེ། གཞན་བྱ་སྤྱོད་རྣལ་འབྱོར་བླ་མེད་གསར་སྙིང་ཐམས་ཅད་ཀྱི་རྩ་གསུམ་ཆོས་སྲུང་ནོར་ལྷ་བཅས། རྒྱལ་བ་སྲས་བཅས་ཀྱི་སྒྲུབ་ཐབས་སྐོར་ཆོས་སྡེ་བརྒྱད་ཅུ་རྩ་ལྔའོ།།

ཕྲིན་སྒྲུབ་སྐོར་གྱི་གཞུང་གི་མཚན་བྱང་རྒྱས་པ་གཟིགས་འདོད་ན་རྣམ་ཐར་མཐོང་བ་དོན་ལྡན་དུ་གསལ་བའི་དཀར་ཆག་ཏུ་བཞུགས་ཡོད་ཅིང་། འདིར་ཡིག་ཚོགས་ལ་འཇིགས་ཏེ་དཀར་ཆག་ངོ་མཚར་སྐལ་བཟང་དུ་གསལ་བ་ལྟར་བསྡུས་ཏེ་བཀོད་པ་ལགས།

དེ་ཁོ་ན་ཉིད་ཀྱི་གནས་སམ་ངེས་དོན་གསང་བའི་བསྟན་བཅོས།

འདི་ལ་གསང་བའི་གནས་མདོ་སྤྱིར་བསྟན་པ་དང་། གསང་ཆེན་བླ་ན་མེད་པའི་གནས་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ལ། ཐེག་པ་མཐའ་དག་གི་དོན་རྫོགས་པ་ཆེན་པོའི་ལམ་དུ་འཇུག་པའི་སྔོན་འགྲོའི་ཐབས་ལམ་ཙམ་དུ་ཤེས་པར་བྱ་བའི་ཕྱིར་ཀུན་དང་མཐུན་ལ་གོང་དུ་འདྲེན་པའི་ལམ་འབྲས་བུ་དང་བཅས་སྟོན་པའི་བསྟན་བཅོས་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ། དེའི་འགྲེལ་པ་ཤིང་རྟ་ཆེན་པོ། ༼བསྡུས་དོན་ཉི་མའི་སྙིང་པོ། དེའི་བསྡུས་དོན་པདྨ་དཀར་པོའི་ཕྲེང་བ།༽1དེའི་གནས་གསུམ་དགེ་བ་གསུམ་གྱི་དོན་ཁྲིད་བྱང་ཆུབ་ལམ་བཟང་། ཆོས་འབྱུང་ཤེས་རབ་གསལ་བྱེད། ཁྲིད་ཡིག་འཁོར་བ་དོང་སྤྲུགས། རྫོགས་པ་ཆེན་པོ་བསམ་གཏན་ངལ་གསོ། དེའི་འགྲེལ་པ་ཤིང་རྟ་རྣམ་དག  ༼དེའི་བསྡུས་དོན་པུཎྜ་རཱི་ཀའི་ཕྲེང་བ། བསྡུས་དོན་ཟླ་བའི་སྙིང་པོ།༽2  དེའི་དོན་ཁྲིད་སྙིང་པོ་བཅུད་བསྡུས། ཁྲིད་ཡིག་ཐར་གླིང་གསལ་བྱེད། རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོ། ༼དེའི་འགྲེལ་པ་ཤིང་རྟ་དྲི་མེད། དེའི་འགྲེལ་པ་ཤིང་རྟ་བཟང་པོ།༽3  དེའི་བསྡུས་དོན་མནྡཱ་ར་བའི་ཕྲེང་བ། དེའི་དོན་ཁྲིད་ཡིད་བཞིན་ནོར་བུ། ཁྲིད་ཡིག་ངེས་དོན་སྙིང་པོ། ངལ་གསོ་སྐོར་གསུམ་གྱི་སྤྱི་དོན་ལེགས་བཤད་རྒྱ་མཚོ། ངལ་གསོ་སྐོར་གསུམ་གྱི་དཀར་ཆག་པདྨ་སྟོང་ལྡན།

སེམས་སྡེའི་སྤྱིའི་དོན་བཤད་པ་ལ།  ༼ བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་དོན་ཁྲིད་རིན་ཆེན་གྲུབ། བྱང་ཆུབ་སེམས་ཀུན་བྱེད་རྒྱལ་པོའི་སེམས་འགྲེལ་ཉི་མའི་འོད་ཟེར།༽4  ཁྲིད་ནམ་མཁའ་ཀློང་གསལ། མན་ངག་གི་དོན་འགྲེལ་རང་གྲོལ་སྐོར་གསུམ། རྫོགས་པ་ཆེན་པོ་སེམས་ཉིད་རང་གྲོལ།  ༼འགྲེལ་པ་འོད་ཀྱི་དྲ་བ།  འགྲེལ་པ་འོད་ཀྱི་འཁོར་ལོ།༽5  རྫོགས་པ་ཆེན་པོ་སེམས་ཉིད་རང་གྲོལ་གྱི་ལམ་རིམ་སྙིང་པོའི་དོན་ཁྲིད།  རྫོགས་པ་ཆེན་པོ་སེམས་ཉིད་རང་གྲོལ་གྱི་གསོལ་འདེབས།  ཁྲིད་ཡིག་ཆོས་སྐུ་རང་ཤར། རྫོགས་པ་ཆེན་པོ་ཆོས་ཉིད་རང་གྲོལ།  འགྲེལ་པ་འོད་ཀྱི་སྙེ་མ། ཁྲིད་ཡིག་ཆོས་སྐུ་རང་བབས། རྫོགས་པ་ཆེན་པོ་མཉམ་ཉིད་རང་གྲོལ། འགྲེལ་པ་འོད་ཀྱི་དྲ་བ། ཁྲིད་ཡིག་ཆོས་སྐུ་ལྷུན་གྲུབ་རྣམས་དང་།  རྫོགས་པ་ཆེན་པོ་ཆོས་ཉིད་རང་གྲོལ་གྱི་ཁྲིད་ཡིག་ཡིད་བཞིན་སྙིང་པོ། མཉམ་ཉིད་རང་གྲོལ་གྱི་དོན་ཁྲིད་རིན་ཆེན་སྙིང་པོ།

ཀློང་སྡེ་སྤྱིའི་དོན་བཤད་པ་ལ།   ཀློང་གསུམ་སྤྱིའི་དོན་བཤད་ཆིངས་ནམ་མཁའ་རབ་འབྱམས།  འགྲེལ་པ་ཡངས་དོག་མེད་པའི་རྒྱ་གྲོལ། མན་ངག་གི་དོན་འགྲེལ་ཆོས་དབྱིངས་རིན་པོ་ཆེའི་མཛོད། ༼དེའི་འགྲེལ་པ་ལུང་རིགས་གཏེར་མཛོད། འགྲེལ་པ་ཆོས་དབྱིངས་གསལ་བ།༽6 ཁྲིད་ཡིག་ཁྱབ་བརྡལ་ཀློང་ཡངས།

མན་ངག་སྡེའི་སྤྱི་དོན་བཤད་པ་ལ། སྐུ་དང་ཡེ་ཤེས་རྒྱས་པ་ལྷུན་གྲུབ་སྙིང་པོ། འགྲེལ་པ་མི་ནུབ་རྒྱལ་མཚན། མཚན་དཔེ་སྐུ་གསུམ་ལག་ཁྲིད། མན་ངག་གི་དོན་འགྲེལ་ཀུན་འདུས་རིག་པའི་གལ་མདོ། ཀུན་གསལ་སྙིང་གི་དོན་འགྲེལ། བར་དོ་འོད་ཀྱི་སྙེ་མ་ལ་སོགས་པའོ།།

དོན་གཉིས་པ་གསང་ཆེན་བླ་ན་མེད་པའི་གནས་མདོ་སྤྱི་དང་བྱེ་བྲག་ཏུ་བཤད་པ་ལ། སྤྱིའི་ཆིངས་རྒྱ་ཆེར་བསྟན་པ་དང་། བྱེ་བྲག་ཟབ་དོན་སྙིང་པོ་བསྡུ་བ་གཉིས་ལས། དང་པོ་ལ། མདོ་དང་སྔགས་རྒྱུད་སྡེ་བཞི་སོགས་ཐེག་པ་མཐའ་དག་གི་དོན་གསལ་བར་བྱེད་པ་གྲུབ་མཐའ་མཛོད། རྒྱུད་བཅུ་བདུན་མན་ངག་བརྒྱ་དང་བཅུ་དགུའི་དོན་འགྲེལ་ཐེག་མཆོག་མཛོད། ལམ་ཁྱེར་གནད་ཀྱི་དོན་འགྲེལ་ཚིག་དོན་རིན་པོ་ཆེའི་མཛོད། ཆིངས་ངེས་པ་མན་ངག་རིན་པོ་ཆེ་གསེར་གྱི་སྒྲོམ་བུའོ། །གཞན་ཡང་གནས་ལུགས་མཛོད་དང་མན་ངག་མཛོད་བཅས་སོ།།

གཉིས་པ་ལ། ཁྲིད་ཀྱི་ཡི་གེ་སེམས་བསྐྱེད་བདུན་པ། སངས་རྒྱས་མཉམ་སྦྱོར། ཁྱུང་ཆེན་གཤོག་རྫོགས། མན་ངག་གི་ལུང་རྫོགས་པར་སྟོན་པ་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུ་ཆོས་སྡེ་ལྔ་བཅུ་རྩ་བཞི་པ། དེ་ལས་ཤིན་ཏུ་ཟབ་པའི་གནས་བསྡུས་པ་ཟབ་མོ་ཡང་ཏིག་ཆོས་ཚན་སུམ་ཅུ་རྩ་ལྔ་པ་རྣམས་ནི་བླ་མ་ཡང་ཏིག་བྱིན་རླབས་ལག་ཁྲིད་ཀྱི་སྐོར་དང་། ཁྱད་པར་དུ་སྨོན་ལམ་ལུང་བསྟན་དང་འབྲེལ་བ་མཁའ་འགྲོ་ཡང་ཏིག་གི་སྐོར་ལ་མན་ངག་དུས་ལ་བབས་པ། མཁའ་འགྲོ་ལུང་བསྟན་གྱི་བབས་ལུགས་ངོ་བོ་ལག་ཁྲིད་དུ་བསྟན་པ། དབང་ཁྲིད་གདམས་པའི་མཚོན་ཚུལ། བྱིན་རླབས་སེམས་ལ་ཤར་བ་ངེས་དོན་སྙིང་པོའི་གདམས་པ་སྟེ་གནད་གསུམ་ཆོས་སྡེ་ལྔ་བཅུ་རྩ་ལྔར་གཏན་ལ་ཕབ་པ་ནི་མཁའ་འགྲོ་ཡང་ཏིག་གི་ཆོས་ཀྱི་རྣམ་གྲངས་སོ།།

ཞར་ལ་ཆོས་སྤྱོད་ལས་རིམ་གསོལ་འདེབས་དྲུག་པ། སྙིང་པོ་དོན་གྱི་མགུར། རྡོ་རྗེའི་གླུ་སུམ་ཅུ་དང་བཅས་པ་རྣམས་ནི་དེ་དག་གི་ཆ་ལག་ཏུ་བསྟན་པ་སྟེ་དཀར་ཆག་ཏུ་ཐེབས་པ་ཆོས་ཚན་ཉིས་བརྒྱ་དང་ལྔ་བཅུ་རྩ་གསུམ་བཞུགས་ཡོད་པ་དང་། ཡང་དཀར་ཆག་དང་རྣམ་ཐར་འགའ་ཞིག་ལ་གཞན་ཡང་རྩ་ཤེས་སོགས་གཞུང་འགྲེལ་དུ་མ་ཞིག་མཛད་ཚུལ་གསུངས་པར་སྣང་ངོ་།།

ཀུན་མཁྱེན་ཆེན་པོའི་གཞུང་ཡིན་མིན་གྱི་དཔྱད་གཞི།

བསྟན་པའི་སྦྱིན་བདག་ཆེན་པོ་ཐང་རིན་པོ་ཆེ་མཆོག་ནས་མངོན་རྟོགས་རྒྱན་གྱི་རྣམ་བཤད་ལེགས་པར་བཤད་པ་རིན་པོ་ཆེའི་སྣང་བ་ཞེས་བྱ་བ་ཆོས་སྦྱིན་དུ་བསྩལ་ཅིང་། ཀུན་མཁྱེན་ཉིད་ཀྱིས་མཛད་པ་ལྟར་གསུངས་མོད། འོན་ཀྱང་དཀར་ཆག་ཏུ་གསལ་བ་ནི་མངོན་རྟོགས་རྒྱན་གྱི་ལུས་རྣམ་གཞག་གི་གསལ་བྱེད་རྒྱན་གྱི་སྣང་བ་ཞེས་པ་ལས་གཞུང་མཚན་ཡང་མི་མཐུན་པར་སྣང་བ་དང་། འགའ་ཞིག་གིས། བློ་གྲོས་མཚུངས་མེད་ནི་ཀུན་མཁྱེན་ཆེན་པོའི་མཚན་གྱི་རྣམ་གྲངས་སུ་བཤད་པས་རྒྱུད་བླའི་འགྲེལ་པ་བློ་གྲོས་མཚུངས་མེད་ཀྱིས་མཛད་པའང་ཀུན་མཁྱེན་གྱིས་བརྩམས་པ་ཡིན་མིན་རྟོག་ཞིབ་བྱེད་པ་དང་། གཞན་ཡང་དཀར་ཆག་ཏུ་མི་གསལ་བ་ཚད་མ་དེ་ཁོ་ན་ཉིད་བསྡུས་པ་ཞེས་པའི་གཞུང་ཡང་ཀུན་མཁྱེན་གྱི་ཡིན་པར་བཤད་པ་དང་། ཀློང་ཆེན་ཆོས་འབྱུང་དུ་གྲགས་པ་ཡང་འཇིགས་གླིང་གིས་ཀུན་མཁྱེན་གྱིས་མཛད་པ་ལྟར་གསུངས་ཤིང་།

ཡང་ཨ་འཛོམ་རྒྱལ་སྲས་རིན་པོ་ཆེ་འགྱུར་མེད་རྡོ་རྗེ་དང་། གོ་འཇོ་མཁར་ལེགས་སྤྲུལ་སྐུ་པདྨ་བདེ་ཆེན་གཉིས་ནས་ཆོས་འབྱུང་འདི་ཀཿཐོག་རྒྱ་ར་ཀློང་ཆེན་ནམ་མཁའ་ཆོས་ཀྱི་རྒྱལ་མཚན་གྱི་ཡིན་པའི་ངོས་འཛིན་གནང་ཚུལ་ཡང་མཁས་པ་དག་གི་བཤད་སྲོལ་ཞིག་ཀྱང་སྣང་ངོ་། །རྣམ་ཐར་དང་དཀར་ཆག་འགའ་ཞིག་ཏུ་ཀུན་མཁྱེན་གྱིས་མཛད་པའི་རྒྱན་འགྲེལ། རྩ་ཤེས་འགྲེལ་པ། འཇུག་འགྲེལ་སོགས་ཡོད་པར་བཤད་ཀྱང་། དུས་ཀྱི་དབང་གིས་ད་ལྟ་མཇལ་དུ་མེད་པར་གསུངས་ཤིང་། གཞན་ཡང་བལ་ཡུལ་ཨ་སུ་རའི་བྲག་ཕུག་ཏུ་རྗེ་འདི་ཉིད་ཀྱིས་མཛད་པའི་གསུང་ཆོས་པོ་ཏི་བརྒྱ་ལྷག་ཙམ་ཡོད་པར་གྲགས་ལ། བོད་པ་འགའ་ཞིག་གིས་བཙལ་ཅིང་ལེན་གྲབས་བྱེད་ཚེ་གཟའ་གྲིབ་ཀྱིས་གནོད་ནས་ལེན་མ་ནུས་པར་བཤད་སྲོལ་ཡོད་ཚུལ་རྣམ་ཐར་དད་པ་གསུམ་གྱི་འཇུག་ངོགས་སུ་གསལ་འདུག

རྒྱལ་བ་ཀློང་ཆེན་རབ་འབྱམས་པའི་བསྟན་བཅོས་ཀྱི་ཆེ་བ།

དེ་ཡང་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་བཀའ་ནི་རྒྱ་ཆེ། ལུང་གྲངས་མང་། མན་ངག་གབ་ཅིང་སྦས་པ་སོགས་དྲང་ངེས་ཀྱི་དགོངས་པ་བསམ་གྱིས་མི་ཁྱབ་པ་རྣམས་ཀུན་མཁྱེན་ཆེན་པོས་ཐོར་བ་རྣམས་བསྡུས། འཁྲུགས་པ་རྣམས་བསྡེབས། རྒྱས་པ་རྣམས་དྲིལ། གབ་སྦས་རྣམས་མངོན་དུ་ཕྱུང་སྟེ། རྟོགས་སླ་མན་ངག་གི་གནད་བསྡུས་པའི་དགོངས་འགྲེལ་གྱི་བསྟན་བཅོས་རྣམས་རྟོག་གེའི་རིག་པས་བཙིར་ནས་རྗེས་དཔག་གིས་སྦྱར་བ་མ་ཡིན་པར། ལྷག་པའི་ལྷ་རྣམས་ཀྱི་གནང་བ་ཐོབ་སྟེ་མཛད་པ་ཞིག་ཆགས་ཡོད་ཅིང་། དཔེ་མཚོན་ཙམ་ཞུས་པ་ཡིན་ན། ཞེ་ཆེན་རབ་འབྱམས་འགྱུར་མེད་ཀུན་བཟང་རྣམ་རྒྱལ་མཆོག་གིས་མཛད་པའི་ཀུན་མཁྱེན་གྱི་རྣམ་ཐར་ལས། གངས་རི་ཐོད་དཀར་དུ་བཞུགས་དུས་བི་མས་ཞལ་གཟིགས་ནས། ངའི་སྙིང་ཐིག་འདི་དོན་འདུས་གོ་སླའི་ཉིང་ཁུ་ཞིག་རྩོམས། ཆོས་འདི་ཁྱོད་ལ་སྟོན་པའི་བླ་མ་ཀུ་མཱ་རཱ་ཛའི་སྐྱེ་བ་ད་ལྟའི་སློབ་མ་གཞོན་ནུ་སངས་རྒྱས་འདི་ལ་སྟོན། དེ་ནས་ཀྱང་སྣ་ལ་ཨ་ཡིག་གིས་མཚན་པའི་ཀུ་མཱའི་མིང་ཅན་བདུན་འབྱུང་བས་ཆོས་འདི་འཛིན་སྤེལ་བྱེད་པར་ལུང་བསྟན་པས་མཁའ་འགྲོ་ཡང་ཏིག་བརྩམས། གཞན་ཡང་དུས་ཀུན་ཏུ་རྩ་གསུམ་ལྷ་ཚོགས་སངས་རྒྱས་བྱང་སེམས་ཏིལ་གྱི་གོང་བུ་ལྟར་གཟིགས་ཤིང་། བསྟན་བཅོས་བརྩམ་དགོས་ཚུལ་སོགས་བཀའི་གནང་བ་ཐོབ་ཚུལ་མཐའ་དག་ནི་བརྗོད་ཀྱིས་མི་ལང་ངོ་། །(ཞེས་པ་ལྟར་རེད།)  འདི་ལྟར་ཀུན་མཁྱེན་བླ་མས་རྒྱལ་བ་རྡོ་རྗེ་འཆང་གི་བསྟན་པའི་སྙིང་པོ་མཐར་ཐུག་པ་འོད་གསལ་རྫོགས་པ་ཆེན་པོའི་ཆོས་ཀྱི་དགོངས་པ་རྨ་མེད་པ་སྙིང་ཐིག་རྣམ་གཉིས་ཀྱི་བཀའི་བསྡུ་བ་ཡང་ཏིག་གསུམ་དུ་གཏན་ལ་ཕབ་པའི་རྒྱབ་ཆོས་སུ་མཛོད་བདུན་དང་། ཤིང་རྟ་རྣམ་གསུམ། ངལ་གསོ་སྐོར་གསུམ། རང་གྲོལ་སྐོར་གསུམ་སོགས་ཟབ་རྒྱས་ཀྱི་བསྟན་བཅོས་དག་མཛད་དོ། །འདིར་ཀུན་མཁྱེན་ཆེན་པོའི་གསུང་འབུམ་གྱི་དཀར་ཆག་ངོ་མཚར་སྐལ་བཟང་དང་། རྣམ་ཐར་མཐོང་བ་དོན་ལྡན། རྣམ་ཐར་དད་པ་གསུམ་གྱི་འཇུག་ངོགས་གསུམ་དུ་གསལ་བའི་དཀར་ཆག་གཙོར་བཟུང་གི་ཐོག་གཞུང་ཆེན་གྲགས་ཆེ་བ་འགའ་གཞན་ནས་ཁ་བསྣོན་བྱས་ཏེ་བཀོད་པ་ཡིན།

སྐོར་ཚོ་བདུན་གྱི་ནང་གསེས་ཁྱད་པར་ནང་སྐོར་གྱི་གནས་སུ་མདོ་སྔགས་གཉིས་ལས། གསང་སྔགས་རྡོ་རྗེ་ཐེག་པའི་ཕྱོགས་སུ་གཏོགས་པའི་ཕྲིན་སྒྲུབ་སྐོར་གྱི་མཚན་བྱང་སྔ་མའི་འཕྲོ་མུ་མཐུད་ནས་འགོད་པར་བྱེད་པ་ལ། དེ་ཡང་སྒྱུ་འཕྲུལ་ཞི་ཁྲོའི་སྐོང་བཤགས་ཀྱི་ཆོ་ག་རྒྱས་པ། དེའི་ལེའུ་ལག་བསྡུས་པ། བླ་མའི་ཕྲིན་སྒྲུབ་རིན་པོ་ཆེའི་སྒྲོན་མེ། ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་ཆོ་ག་པདྨ་ཅོད་པན། རྡོ་རྗེ་སློབ་དཔོན་གྱི་ལས་རིམ་རྒྱས་པ། སློབ་མའི་ལས་རིམ་བསྡུས་པ། རབ་ཏུ་གནས་པའི་ཆོ་ག་ཀུན་ཏུ་བཟང་པོ། ཆ་གསུམ་རྒྱས་པ་འོད་ཀྱི་སྙེ་མ། བསྡུས་པ་རིན་ཆེན་སྙིང་པོ། སྲེག་སྦྱོང་དོན་རབ་གསལ་བ། ཐིག་རྩ་འོད་ཀྱི་ཕྲེང་བ། ཁྲི་མུན་ལས་ཐར་བའི་ཆོ་ག་ཡིད་བཞིན་ནོར་བུ། འཇིགས་པ་བརྒྱད་སྐྱོབ་ཀྱི་ཆོ་ག་པདྨའི་དྲ་བ། འཕགས་མ་དུག་སེལ་གྱི་ཆོ་ག་བདུད་རྩིའི་ལྗོན་ཤིང་། འཕགས་མ་དབྱངས་ཅན་མའི་ཁྲུས་ཀྱི་ཆོ་ག་རིན་ཆེན་ནོར་བུ། རྣམ་པར་རྒྱལ་བའི་ཆོ་ག་ཡིད་བཞིན་ཕྲེང་བ། རྣམ་པར་རྒྱལ་བའི་ཆོ་ག་བར་ཆད་ཀུན་སེལ། ཁ་འབར་མའི་གཏོར་ཆེན་བར་ཆད་ཀུན་སེལ། ཁྲོ་བོ་བཅུའི་སྲུང་བཟློག་གི་ཆོ་ག་གནམ་ལྕགས་འཁོར་ལོ། གཙུག་ཏོར་ཆོ་ག་བགེགས་དཔུང་ཞི་བྱེད། དྲེགས་པ་སྤྱིའི་བསྐང་གསོ་དངོས་གྲུབ་ཀུན་འབྱུང་། སྤྱི་གསོལ་ཆེན་མོ། ཕུད་རབས་རྒྱས་པ། རྔན་ཡིག་ཆེན་མོ། བྱེ་བྲག་མ་མོའི་བསྐང་གསོ་ཁྲག་མཚོ་ཁོལ་མ། གཟའ་ཡི་བསྐང་གསོ་དགྲ་ལས་རྣམ་རྒྱལ། དམ་ཅན་གྱི་བསྐང་གསོ་ལས་བཞི་ལྷུན་གྲུབ། མ་མགོན་སྤྱིའི་བསྐང་གསོ་ཡིད་བཞིན་ལྷུན་གྲུབ་རྣམས་དང་།

བསྐྱེད་རིམ་གཙོ་བོར་སྟོན་པ་སྒྲུབ་ཐབས་ཀྱི་སྐོར་ལ་བླ་མའི་སྤྱི་སྒྲུབ་དངོས་གྲུབ་འབྱུང་གཏེར། བྱེ་བྲག་བི་མ་ལའི་སྒྲུབ་པ་དངོས་གྲུབ་ཆར་འབེབས། པདྨ་ཞི་བར་སྒྲུབ་པ་རིན་ཆེན་ཁང་བརྩེགས། པདྨ་དྲག་པོར་སྒྲུབ་པ་གནམ་ལྕགས་འབར་བ། ཡི་དམ་ཞི་ཁྲོ་སྤྱི་སྒྲུབ་ཡང་དག་དོན་གྱི་སྙིང་པོ། རྟ་མགྲིན་དྲེགས་པ་མཐར་བྱེད། ཕུར་པ་སྐུ་གསུམ་འདུས་པ། བདེ་མཆོག་ཡིད་བཞིན་འཁོར་ལོ། འཇམ་དཔལ་བདུད་རྩི་འབྱུང་བ་རྣམས་དང་། མཁའ་འགྲོ་མ་སྤྱིའི་སྒྲུབ་ཐབས་གསེར་གྱི་དྲ་བ། བྱེ་བྲག་གཙོ་བོ་རྐྱང་པར་སྒྲུབ་པ་ཐབས་ཀྱི་འཁོར་ལོ། དཔའ་བོ་རྐྱང་པར་སྒྲུབ་པ་ཤེས་རབ་འཁོར་ལོ། སྦྲག་མར་སྒྲུབ་པ་བདེ་ཆེན་འཁོར་ལོ། གསང་བ་སྙིང་གི་སྒྲུབ་པ་གནད་ཀྱི་ཕྲེང་བ། ཡང་གསང་ཐོད་རྒལ་དུ་སྒྲུབ་པ་སྲོག་གི་ཐིག་མ་རྣམས་དང་། ཕྲ་མོའི་སྒྲུབ་པ་ལ་ཚེ་སྒྲུབ་བདུད་རྩིའི་བུམ་པ། འཆི་མེད་དབང་པོའི་ཕྲེང་བ། ངན་སོང་སྦྱོང་བ་ལྷ་ལྔའི་སྒྲུབ་ཐབས་ཟླ་བའི་ནོར་བུ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་སྒྲིབ་པ་རྣམ་སེལ། སྨྲ་བའི་སེང་གེའི་སྒྲུབ་ཐབས་བློའི་མུན་སེལ།

ཨ་ར་པ་ཙ་ན་དཀར་པོའི་སྒྲུབ་ཐབས་ཤེས་རབ་འཁོར་ལོ། སེར་པོའི་སྒྲུབ་ཐབས་འོད་ཀྱི་སྣང་བ། རལ་གཅིག་མ་དཀར་མོའི་སྒྲུབ་ཐབས་དགའ་བ་བསྐྱེད་པ། དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་ཟླ་བ་འདོད་འཇོ། དམར་མོའི་སྒྲུབ་ཐབས་ཉི་མའི་འདོད་འཇོ། ཀུ་རུ་ཀུལླེའི་སྒྲུབ་ཐབས་རིན་པོ་ཆེའི་མེ་ཏོག ཚོགས་བདག་དམར་པོའི་སྒྲུབ་ཐབས་ནོར་བུའི་བང་མཛོད། རྣམ་ཐོས་ཀྱི་སྒྲུབ་ཐབས་རྒྱལ་མཚན་རྩེ་མོ། ནག་པོའི་སྒྲུབ་ཐབས་འབྱོར་པ་རྒྱ་མཚོ། ལྷ་མོ་གཟུངས་ཀྱི་སྙེ་མ་སྒྲུབ་ཐབས་དཀར་མོའི་ཕྲེང་བ། བྱེ་བྲག་མ་མགོན་ལྕམ་དྲལ་གྱི་སྒྲུབ་ཐབས་དུས་ཀྱི་མཚོན་ཆ། འཇིགས་པ་མ་མོའི་སྒྲུབ་པ་སྲོག་གི་སྤུ་གྲི། དྲག་པོ་གཟའི་སྒྲུབ་ཐབས་འཇིག་རྟེན་ཕུང་བྱེད། ཤན་པ་གནོད་སྦྱིན་གྱི་སྒྲུབ་ཐབས་རོ་ལངས་སྐར་མདའ། སྐྱེས་བུ་དམ་ཅན་གྱི་སྒྲུབ་ཐབས་གིང་ཆེན་འབར་བ། ཆོ་འཕྲུལ་གནམ་ལྕགས་ཀྱི་སྒྲུབ་པ་ལྟས་ངན་འཕྲུལ་གྱི་བང་མཛོད། འགལ་བྱེད་ཁྲམ་ལ་འདེབས་པ་རྒྱ་མཚོ་དུ་རུ་ཀའི་གཏད་ཁྲམ་ལ་སོགས་ཏེ་ཕྲིན་ལས་རྣམ་བཞིས་བསྟན་པ་ཡུན་རིང་དུ་གནས་པའི་ལས་རིམ་སྒྲུབ་པ་རྣམས་དང་།

ངེས་དོན་རྫོགས་རིམ་མཐར་ཐུག་སྙིང་པོའི་དོན་ལ་སྒྱུ་འཕྲུལ་རིམ་པ། ཡང་གསང་ཐིག་ལེའི་གནད་ཡིག་བསྟན་པ་ལ། ཡང་དག་བྱང་ཆུབ་སྙིང་པོའི་རྫོགས་རིམ་ཡེ་ཤེས་འཁོར་ལོ། བདེ་མཆོག་རིམ་པ་ལྔ་པ་ཟབ་དོན་སྙིང་པོའི་ཡང་ཞུན། གསང་འདུས་རིམ་པ་ལྔ་པའི་ཟབ་དོན་འོད་གསལ་འཁོར་ལོ། སྦྱོར་བ་ཡན་ལག་དྲུག་གི་བསྡུས་དོན་དེ་ཉིད་འདུས་པ། ལམ་འབྲས་བུ་དང་བཅས་པའི་རིམ་གཉིས་འཁོར་ལོ། ཆོས་དྲུག་གི་སྙིང་པོ་ཡང་ཞུན། བསྡུས་པ་འོད་གསལ་རྣམ་སྦྱོང་། ཐབས་ལམ་ཟབ་མོའི་དོན་བསྡུས་གསང་བའི་དེ་ཉིད། ཤེས་རབ་ཀྱི་ལམ་རིམ་སེམས་ཁྲིད་སྙིང་པོར་བསྟན་པ། ཕྱག་རྒྱ་ཆེན་པོའི་ལམ་རིམ་གྱི་ཟབ་དོན་རྣལ་འབྱོར་བཞིའི་སྙིང་པོ། ཅིག་ཅར་བའི་ཟབ་དོན་ཐོག་བབས། དམར་ཁྲིད་གཉིས་ཀའི་སྐུ་གསུམ་དོན་ཁྲིད་ནམ་མཁའ་སྐོར་གསུམ། མེ་ལོང་བཞིའི་གནས་ལུགས། སེམས་ཀྱི་རྡོ་རྗེའི་གླུ། སྣང་བ་ལམ་ཁྱེར་འཁོར་འདས་ཁ་སྦྱོར། རྐྱེན་སྣང་རང་གྲོལ་ཟབ་དོན་འདུས་པ་རྣམས་དང་། གཞན་ཡང་ཞི་བྱེད་དོན་གྱི་སྙིང་པོ། གཅོད་ཡུལ་གནས་ལུགས་རང་བབས་ལ་སོགས་ཏེ། བོད་འདིར་གྲགས་སོ་ཅོག་གི་ཟབ་དོན་རྫོགས་རིམ་རྣམས་བསྡུས་ཏེ་བཀོད་པ་ཡིན་ནོ།།

གཞན་ཡང་རྒྱུད་ལས། ཐོས་ཆུང་གསར་བུ་ཡིད་ཆེས་བྱ་བའི་ཕྱིར། །སྤྱི་དོན་རྩིས་མགོའི་མན་ངག་ཀླད་ནས་གཞོམ། །ཞེས་གསུངས་པ་བཞིན་གསུང་རབ་འདི་རྩིས་མགོ་ཡན་ལག་ལྔའི་སྒོ་ནས་བྱུང་ཚུལ་སྟོན་པ་ལས། མཛད་པ་པོ་ནི། ཆོས་ཉིད་ཀྱི་བདེན་པ་གཟིགས་ནས་རྒྱུ་འབྲས་གཤིས་སུ་མ་གྲུབ་པར་ཀ་ནས་དག་པའི་ཡིན་ལུགས་ཐོག་ཏུ་སླེབས་ནས་བཏགས་ཆོས་གཉིས་སྣང་ཐམས་ཅད་གཉིས་མེད་ཀློང་དུ་ཞིག་སྟེ་རྡོ་རྗེ་གད་མོ་རྒོད་པ། ངོ་མཚར་བའི་གླུ་བླངས་པ། འཁོར་འདས་མཉམ་པར་བརྡལ་བའི་བརྟུལ་ཞུགས་ཀློང་རྡོལ་ཞིང་གང་ལའང་རེ་དོགས་དང་བག་ཚ་མེད་པའི་སེང་གེའི་སྒྲ་ཆེན་པོ་བསྒྲགས་ཤིང་དགོངས་པའི་བཙན་ས་ཟིན་ནས་གདེང་བཞི་མཐར་ཕྱིན་པ་དང་། ཡི་དམ་ལྷས་གནང་བ་ཐོབ་པ། རིག་པའི་གནས་ལྔ་ལ་མཁས་པ་སྟེ་བསྟན་བཅོས་རྩོམ་པའི་རྒྱུ་གསུམ་ལེགས་པར་ཚང་བའི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་སམ་དྲི་མེད་འོད་ཟེར་གང་ཉིད་ཀྱིས་སོ།།

ལུང་གང་ནས་བཏུས་ཤེ་ན། ཕྱི་ནང་གསང་བའི་གཞུང་ལུགས་གང་ཡིན་ཡང་། ཕྱོགས་དེ་དང་དེ་དག་ནས་རྒྱལ་བའི་བཀའ་ཟབ་མོོའི་དོན་མ་ནོར་བར་ཚུལ་བཞིན་དུ་བཏུས་པའོ། །ཕྱོགས་གང་དུ་གཏོགས་ཤེ་ན། ཐ་སྙད་རིག་གནས། རྒྱུ་མཚན་ཉིད་ཀྱི་ཐེག་པ། སྔགས་གསར་མའི་སྒྲུབ་ཕྲིན་ཕྱག་བཞེས་དགོངས་འགྲེལ་གདམས་ཁྲིད་ཀྱི་སྐོར་རྣམས་ནི། གཞུང་རྩ་བ་གང་ལ་བརྟེན་པའི་ཕྱོགས་དེ་དང་དེར་གཏོགས་ཤིང་། ཟབ་གསང་གི་རྒྱུད་སྡེའི་དགོངས་འགྲེལ་དང་། གསང་ཆེན་བླ་མེད་ཀྱི་གནས་རྣམས་ནི་འོད་གསལ་རྫོགས་པ་ཆེན་པོར་གཏོགས་ཏེ། བློ་རིམ་བརྒྱད་ཀ་མཐར་ཐུག་གི་སྐྱེལ་སོ་ཐེག་མཆོག་རྡོ་རྗེ་སྙིང་པོའི་ཁང་བཟང་དུ་འཁྲིད་པའི་ཡན་ལག་གོ།

དགོས་ཆེད་སུ་ཞིག་གི་དོན་དུ་མཛད་ཅེ་ན། ཤེས་བྱ་རིག་པའི་གནས་ཐམས་ཅད་ལ་བློ་གྲོས་ཀྱི་པདྨོ་རྣམ་པར་རྒྱས་པའི་ཕྱིར་དང་། མདོ་སྔགས་གསར་རྙིང་གི་གཞུང་ལུགས་ཕལ་མོ་ཆེའི་གནད་ཁོང་དུ་ཆུད་པའི་དོན་དང་། སྔགས་ཀྱི་ལམ་སོ་སོའི་བགྲོད་ཚུལ་དང་། འབྲས་བུའི་གྲོལ་ས་ཤེས་པའི་གནད་དང་། དེ་དུས་དང་ཕྱི་རབས་ཀྱི་གང་ཟག་རིམ་གྱིས་པ་དང་ཅིག་ཅར་བ་ཐམས་ཅད་སྐྱེལ་སོ་མཐུན་པར་བྱེད་པའི་དགོས་ཆེད་དོ།།

དབུ་ཞབས་ཀྱི་བསྡུས་དོན་གང་ཞེ་ན། ལུགས་སོ་སོའི་རྗོད་བྱེད་ཚིག་གིས་བརྗོད་བྱའི་དོན་སྟོན་ནུས་ཤིང་ཐོས་བསམ་སྒོམ་གསུམ་དང་། ལམ་རིམ་པ་གཉིས་ཀྱི་ལྟ་སྒོམ་སྤྱོད་གསུམ་ལ་བརྟེན་ནས། ཡང་དག་པའི་ལམ་དུ་འཇུག་པའི་ཐབས་དང་། ལམ་དངོས་དང་། ལམ་གྱི་འབྲས་བུ་གཞི་ཐོག་ཏུ་གྲོལ་བ་མཐར་ཕྱིན་པ་སྟེ་རིམ་པ་གསུམ་གྱི་སྒོ་ནས་སྟོན་པའི་བསྟན་བཅོས་རྨད་དུ་བྱུང་བ་རྣམས་སོ།།

གསུང་རབ་རྣམས་སུ་རྩོམ་པ་པོའི་མཚན་གྱི་རྣམ་གྲངས་ཐ་དད་པར་འབྱུང་བ་ལས་གཞུང་དེ་དག་གི་བརྗོད་བྱ་ཉེ་བར་སྟོན་ཚུལ་ནི། དཔེར་ན། སྙན་ངག་དང་། སྡེབ་སྦྱོར་དང་། མིང་གི་མངོན་བརྗོད་ལ་སོགས་པ་འཇིག་རྟེན་པའི་གཙུག་ལག་དང་མཐུན་པས་དྲང་དོན་གཙོ་ཆེར་སྟོན་པ་དག་ཏུ་ནི། བསམ་ཡས་པ་ངག་གི་དབང་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་སྦྱར་བ་ཞེས་དང་། གསང་སྔགས་ཕྱི་ནང་གི་གནས་ཐུན་མོང་དུ་སྟོན་པ་རྣམས་སུ་ནི། རྡོ་རྗེ་གཟི་བརྗིད་ཀྱིས་ཞེས་དང་། ཟབ་མོའི་གནས་གང་ཞིག་ཐེག་པའི་རིམ་པ་སྟོན་པ་དང་། དོན་དང་ཚིག་གི་གནས་ཏིང་ངེ་འཛིན་གྱི་ཚོམ་གཙོ་བོ་སྟོན་པ་དག་ཏུ་ནི། དྲི་མེད་འོད་ཟེར་གྱིས་ཞེས་དང་། གནས་ལུགས་བསམ་གྱིས་མི་ཁྱབ་པའི་ཀློང་ཡངས་པར་སྟོན་པ་དག་ཏུ་ནི་ཀློང་ཆེན་རབ་འབྱམས་ཀྱིས་ཞེས་དང་། ཐེག་པ་དང་། གྲུབ་པ་དང་། དེ་ཁོ་ན་ཉིད་ལ་སོགས་རྒྱ་ཆེར་འབྱུང་བ་རྣམས་སུ་ནི། ཀུན་མཁྱེན་ངག་གི་དབང་པོས་སྦྱར་བ་ཞེས་འབྱུང་ངོ། །དེ་དག་གི་སྟེང་དུ་གྲུབ་མཐའ་མཛོད་ལས་གསལ་བ་ལྟར། ཀློང་གསལ་དྲི་མེད། རྡོ་རྗེ་སེམས་དཔའ། བློ་གྲོས་མཆོག་ལྡན། པདྨ་ལས་གྲོལ་ཏེ་མཚན་གྱི་རྣམ་གྲངས་བཅུ་གཅིག་གོ།

གསུང་རབ་སྤྱིའི་ཆེ་བ་རྒྱལ་བ་གོང་མའི་ཞལ་རྒྱུན་ལྟར་ན། བྱང་པ་བདག་པོས། དྲི་མེད་འོད་ཟེར་ཀུན་མཁྱེན་ཐུགས་གཏེར་མཛོད། །སྒོ་འཕར་འབྱེད་ལ་གཞན་གྱིས་འགྲན་ཟླ་བྲལ། །ཞེས་དང་། ཀོང་སྤྲུལ་རིན་པོ་ཆེས། ལས་འབྲེལ་སྤྲུལ་པ་གྲྭ་ནང་མཆོག་དབྱིངས་གདུང་། །གངས་རི་ཐོད་དཀར་ལོངས་སྐུའི་ཞིང་ཁམས་ཉུལ། །ཀུན་བཟང་དགོངས་པའི་གཏེར་འབྱེད་ཀློང་ཆེན་པ། །ཞེས་དང་། ཡང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་ནི་རྫོགས་པ་ཆེན་པོའི་གསང་བ་བླ་ན་མེད་པ་སྙིང་ཐིག་རྣམ་པ་གཉིས་ཀྱིས་མཚོན་ཏེ་ཟབ་པ་དང་རྒྱ་ཆེ་བའི་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་གཏན་ལ་ཕབ་པ་འབྱམས་ཀླས་ཤིང་ཟབ་མོའི་དགོངས་གཏེར་ཐམས་ཅད་ཀྱི་མཆོག་དང་རབ་དང་ཕུལ་དུ་གྱུར་པའོ།།

ཞེས་གསུངས་པ་བཞིན། ཀུན་མཁྱེན་རིག་པའི་གཏེར་སྟོན་དེས་སྐྱེ་བ་མེད་པའི་དོན་ལ་བཟོད་པ་ཟད་པ་མེད་པ་ཐོབ་པ་སྒྲུབ་པའི་གཏེར་རམ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱི་ངང་ལས། ཤེས་བྱ་ལ་བློ་གྲོས་ཀྱི་འབྱེད་པ་རབ་ཏུ་འཇུག་པའི་ཇི་སྙེད་མཁྱེན་པའི་བདག་ཉིད་བློ་གྲོས་ཀྱི་གཏེར་སོགས་སྤོབས་པ་མི་ཟད་པའི་གཏེར་བརྒྱད་ཀྱི་སྒོ་ལས་བྱུང་ཞིང་། ཤེས་རབ་རྒྱ་མཚོའི་ཀློང་ནས་གཏེར་དུ་བླངས་པའི་ཟབ་ཆོས་ཡིད་བཞིན་ནོར་བུ་རིན་པོ་ཆེའི་བྱེད་ལས་ཀྱི་ཁྱད་པར་ནི། སོར་བཞག་ལྷ་མིའི་ཐེག་པ་ནས་བཟུང་སྟེ་རྩེ་རྒྱལ་ཨ་ཏིའི་ཐེག་པའི་བར་ཐེག་པ་ཐམས་ཅད་ཀྱི་རྣམ་གཞག གྲུབ་མཐའ་ཐམས་ཅད་ཀྱི་སྤྱི་ཆིངས། བསྟན་པ་ཐམས་ཅད་ཀྱི་སྲོག་ཤིང་། མདོ་རྒྱུད་ཐམས་ཅད་ཀྱི་དགོངས་འགྲེལ། དགོངས་འགྲེལ་ཐམས་ཅད་ཀྱི་གཙུག་རྒྱན། མན་ངག་ཐམས་ཅད་ཀྱི་སྙིང་པོ། ལམ་ཐམས་ཅད་ཀྱི་བགྲོད་བྱ། འབྲས་བུ་ཐམས་ཅད་ཀྱི་མཐར་ཐུག དགོངས་གཏེར་ཐམས་ཅད་ཀྱི་རྒྱལ་པོ་སྟེ་ཁྱད་ཆོས་དགུ་དང་ལྡན་པ།

གཞན་ཡང་། མཁས་པ་དགྱེས་པའི་ཚིག་གི་སྡེབ་སྦྱོར། སྐལ་ལྡན་གྲོལ་བའི་དོན་གྱི་ཟབ་གནད། རྗེས་འཇུག་ཚིམ་པའི་རྟོགས་པའི་འདྲ་འབག བླང་དོར་གནས་སྟོན་དགེ་བའི་བཤེས་གཉེན། གཞན་རྒོལ་ཟིལ་གནོན་སེང་གེའི་སྒྲ་དབྱངས། རྒྱལ་བསྟན་གསལ་བྱེད་ཉི་ཟླའི་སྒྲོན་མེ། བསྟན་པ་ཡོངས་རྫོགས་རིན་ཆེན་བང་མཛོད། ཐེག་པའི་ཡང་རྩེ་ནོར་བུའི་ཏོག་གིས་བརྒྱན་པ་ཞིག་གོ།

གཞན་ཡང་ས་དགེ་བཀའ་རྙིང་སོགས་ཀྱི་མཁས་དང་གྲུབ་པའི་དབང་ཕྱུག་ཟོལ་མེད་དུ་བཞུགས་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ། ཨེ་མ་སྙིགས་དུས་འགྲོ་བའི་མགོན་པོ་སྐྱབས་རྗེ་རྡོ་རྗེ་འཆང་ཆེན་པོ་རྒྱལ་བའི་རྒྱལ་ཚབ་དམ་པ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྒྱལ་བ་གཉིས་པ་ཡོངས་རྫོགས་བསྟན་པའི་བཀའ་བབ་ཆེན་པོ་ཞེས་སྟོན་པ་དང་། རྒྱལ་བའི་དགོངས་འགྲེལ་ཡོངས་རྫོགས་ཀྱི་གཙུག་རྒྱན་དམ་པ་ཀློང་ཆེན་སྙིང་ཐིག་གི་བསྟན་པ་ཞེས་བསྟན་དང་སྟོན་པའི་ཞབས་རྡུལ་དྲི་མ་མེད་པ་སྤྱི་བོར་གཙུག་ཏུ་བླངས་ནས་དོན་དང་མཐུན་པའི་བསྔགས་བརྗོད་རིན་ཆེན་མཎྜལ་ཡང་ཕུལ་བའི་ཚུལ་མང་དུ་བཞུགས་སོ།།

ཞར་བྱུང་དུ་ཞུ་འདོད་བྱུང་བ་ནི། དེང་སང་དཔེ་རྙིང་ཞིབ་འཇུག་པ་དུ་མས་གསུང་རབ་རེ་རེར་རྩད་གཅོད་དང་ཞིབ་འཇུག་བྱེད་ཚུལ་སྣ་ཚོགས་ཀྱིས་ཡིན་ལུགས་བརྒྱ་དང་མིན་ལུགས་སྟོང་གིས་ཕྱོགས་བསྡོམས་བྱས་པ་ལས་མི་མཐུན་པ་རེ་ཟུང་སྣང་ཡང་། ངོ་སྤྲོད་འདི་ན་ནི་གསུང་རབ་ཀྱི་མཚན་བྱང་རྣམས་རྣམ་ཐར་མཐོང་བ་དོན་ལྡན་དང་། རྣམ་ཐར་ངོ་མཚར་སྐལ་བཟང་། རྣམ་ཐར་དད་པ་གསུམ་གྱི་འཇུག་ངོགས་གསུམ་ན་གསལ་བ་གཞིར་བཟུང་བཀོད་པ་ཡིན་སྟབས། དེ་ལ་ཡིན་མིན་གྱི་དཔྱད་ར་བྱེད་པའི་སྤྲོས་པ་བསྐྱུངས་ཏེ་རེ་ཞིག་དེ་ཙམ་གྱིས་མཇུག་བསྡུ་བར་བྱས་སོ།།


  1. རྣམ་ཐར་མཐོང་བ་དོན་ལྡན་དུ། བསྡུས་དོན་ཉི་མའི་སྙིང་པོ་དང་། དཔལ་བརྩེགས་ལས་དེའི་བསྡུས་དོན་པདྨ་མ་དཀར་པོའི་ཕྲེང་བ་ཞེས་གསལ་བས་མིང་གི་རྣམ་གྲངས་ཡིན་དང་གཞུང་སོ་སོ་ཡིན་གསལ་ཁ་མེད།
  2. རྣམ་ཐར་མཐོང་བ་དོན་ལྡན་དུ། བསྡུས་དོན་ཟླ་བའི་སྙིང་པོ། དཔལ་བརྩེགས་ལས་བསྡུས་དོན་པུཎྜ་རཱི་ཀའི་ཕྲེང་བ་ཞེས་གསལ་བས་མིང་གི་རྣམ་གྲངས་ཡིན་དང་གཞུང་སོ་སོ་ཡིན་གསལ་ཁ་མེད།
  3. རྣམ་ཐར་མཐོང་བ་དོན་ལྡན་དུ། དེའི་འགྲེལ་པ་ཤིང་རྟ་དྲི་མེད་དང་། དཔལ་བརྩེགས་ལས་དེའི་འགྲེལ་པ་ཤིང་རྟ་བཟང་པོ་ཞེས་གཞུང་མཚན་མི་མཐུན་པར་སྣང་།
  4. རྣམ་ཐར་མཐོང་བ་དོན་ལྡན་དུ།  བྱང་ཆུབ་སེམས་ཀུན་བྱེད་རྒྱལ་པོའི་སེམས་འགྲེལ་ཉི་མའི་འོད་ཟེར་དང་། དཔལ་བརྩེགས་ལས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་དོན་ཁྲིད་རིན་ཆེན་གྲུབ་ཅེས་གསལ་བས་མིང་གི་རྣམ་གྲངས་ཡིན་དང་གཞུང་སོ་སོ་ཡིན་གསལ་ཁ་མེད།
  5. རྣམ་ཐར་དད་པ་གསུམ་གྱི་འཇུག་ངོགས་སུ། འགྲེལ་པ་འོད་ཀྱི་དྲ་བ་དང་། རྣམ་ཐར་མཐོང་བ་དོན་ལྡན་དུ། འགྲེལ་པ་འོད་ཀྱི་འཁོར་ལོ་ཞེས་མཚན་མི་འདྲ་བར་སྣང་ཡང་དང་པོ་ནོར་སྙམ།
  6. རྣམ་ཐར་མཐོང་བ་དོན་ལྡན་དུ།  འགྲེལ་པ་ཆོས་དབྱིངས་གསལ་བ་དང་། དཔལ་བརྩེགས་ལས་དེའི་འགྲེལ་པ་ལུང་རིགས་གཏེར་མཛོད་ཅེས་གསལ་བས་མིང་གི་རྣམ་གྲངས་ཡིན་དང་གཞུང་སོ་སོ་ཡིན་གསལ་ཁ་མེད།
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།