བསྒྱུར་རྩོམ་ཚན་པ་གཉིས།

སློབ་སྤྲུལ་ངག་དབང་མཐར་ཕྱིན།

ཁོང་ལ་སྡུག་སྐད་བརྒྱག་རྒྱུའི་རྒྱུ་མཚན་ཆ་ཚང་ལྡན།

ལོ་མང་པོའི་སྔོན་དུ་ང་རང་གཞུང་ལས་ཁང་ནང་དོན་དག་འགའ་ཞིག་འཆར་གཞི་ལྟར་འགྲོ་ཡི་མེད་པའི་སྐོར་ལ་བསམ་བློ་གཏོང་བཞིན་ཡོད།  དེ་ནི་ཁྱེད་ཀྱིས་ཤེས་གསལ་བཞིན་ཚོང་ལས་བྱེ་བྲག་པའི་སྐོར་ལ་ངའི་རེ་འདོད་ལྟར་གྲུབ་འབྲས་ལམ་སང་ཐོན་གྱི་མེད་པས་རེད།  སྐབས་དེ་དུས་ངས་རང་གི་གནས་སྟངས་འགྲིག་མིན་གྱི་སྐོར་ལ་སྡུག་ཡུས་འདོན་བཞིན་པའི་སྒང་ཡིན།

དེ་རྗེས་པེ་ཌོརོ་གཞུང་ལས་ཁང་དུ་སླེབས་སོང་། པེ་ཌོརོ་ལོ་ཉི་ཤུ་ལོན་སྐབས་ཧོན་ཌོ་རོས་ནས་འདི་གར་སླེབས་ཏེ་ད་ལྟ་ལོ་དྲུག་ཙམ་ཕྱིན་ཡོད། ཁོས་གཞུང་ལས་ཁང་དང་ཁང་མིག་གཙང་མ་བཟོ་བའི་ལས་ཡུལ་ཆེད་བྱ་བ་གཉེར་གྱིན་ཡོད། གལ་སྲིད་ཁྱེད་ཀྱིས་ལྟ་ཚུལ་བཟང་པོའི་སྐོར་གླེང་བ་ཡིན་ན། པེ་ཌོརོ་ནི་ད་བར་ངས་ཐུག་མྱོང་བའི་ནང་ནས་ལྟ་ཚུལ་བཟང་ཤོས་ལྡན་མཁན་ཞིག་རེད། ནམ་ཡང་འཛུམ་གྱིས་ཁེངས་ཤིང་དཔའ་ངར་དང་ལྡན།

གང་ལྟར་ཡང་ཉིན་འདིར་ངས་པེ་ཌོརོ་ལ་ཁོའི་ཕ་ཡུལ་ན་བྱུང་བའི་རླུང་འཚུབ་དང་དེའི་གནོད་སྐྱོན་སྐོར་ལ་དྲིས་ཚེ། ཁོའི་ངོ་ལས་འཛུམ་མདངས་ལམ་སང་ཡལ་འགྲོ། ཁོས་ཕ་ཡུལ་དུ་རླུང་འཚུབ་ཀྱིས་གཏོར་སྐྱོན་ཐེབས་པའི་སྐོར་ལ་བཤད་པ་ལྟར་ན། མི་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་ཡོད་པ་དང་། མི་འབུམ་ཚོ་བརྒལ་བས་ཁྱིམ་གཞིས་བརླགས་ཏེ་ལུས་འདུག

པེ་ཌོརོས་བཤད་ན། ཁོའི་ཕ་མ་གཉིས་དང་ནུ་བོ་ད་ལྟ་ཡང་ཧོན་ཌོརོས་ལ་བསྡད་ཡོད་ནའང་ཁ་པར་བརྒྱུད་ལམ་ཆད་དེ་འབྲེལ་བ་བྱེད་ཐབས་བྲལ་བས་ཤི་གསོན་གང་བྱུང་གི་གནས་ཚུལ་ཤེས་ཐབས་བྲལ། ཁོས་ཉིན་རྒྱུན་རང་གི་ནང་མིའི་སྐོར་ལ་སེམས་ཁྲལ་བྱེད་ཀྱིན་ཡོད། གོད་ཆགས་དེའི་ཁྲོད་རང་གི་ནང་མི་གསོན་ཡོད་མེད་གང་ཡང་ཧ་མ་གོ་བའི་སྡུག་བསྔལ་དེ་ཁྱེད་ཀྱིས་བསམ་ཕོད་དམ།

དེ་རྗེས་པེ་ཌོརོས་ཧོན་ཌོ་རོས་ཡུལ་མི་ཚོར་རོགས་སྐྱོར་བྱེད་ཚུལ་སྐོར་བཤད་འགོ་ཚུགས། ཁོས་དངུལ་དང་གོས་ལྭ་དེ་མིན་དགོས་ངེས་ཀྱི་ཆ་རྐྱེན་གཞན་རྣམས་གྲ་སྒྲིག་བྱས་ཤིང་། དཀའ་ངལ་ལ་སྦར་འཐམ་བྱ་རྒྱུའི་ཚབ་ལ་ཐུབ་ཚོད་ཀྱིས་ཡུལ་མིའི་དཀའ་སྡུག་སེལ་ཐབས་སུ་ཧུར་བརྩོན་དང་ལྡན་པའི་ངང་རོགས་སྐྱོར་སྡེ་ཚན་གྱི་ལས་འགུལ་ནང་ཞུགས།

པེ་ཌོརོ་མཉམ་དུ་ཁ་བརྡ་བྱས་རྗེས་ངས་སྒེར་གྱི་དཀའ་ངལ་རྣམས་གལ་ཆེན་མིན་པ་དང་རང་ཉིད་བསོད་བདེ་ཅན་ཞིག་ཡིན་པའང་ཚོར་བྱུང་། དེ་ནས་བཟུང་ཁྱེད་ཀྱིས་ཡིད་ཆེས་བྱ་འོས་པ་ཞིག་ལ་ངས་རང་གི་གནས་སྟངས་ལ་སྡུག་ཡུས་གདོན་རྒྱུ་མཚམས་བཞག་སྟེ་ཉིན་ལྟར་སྟོབས་ཤུགས་འཕར་མ་དང་ལྟ་ཚུལ་བཟང་པོའི་སྒོ་ནས་རང་གི་གནས་སྟངས་ལ་གདོང་ལེན་བྱས།

གང་ལྟར་ཡང་བདུན་ཕྲག་མང་པོའི་རྗེས་སུ་ངས་པེ་ཌོརོ་ཡང་བསྐྱར་མཐོང་བྱུང་། ཁོ་ནི་རྒྱུན་ལྡན་བཞིན་རྒྱལ་ཁའི་འཛུམ་གྱིས་ཁེངས་ཤིང་ལྟ་ཚུལ་བཟང་པོ་དང་འགྲོགས་ཡོད་པའང་བཤད་མི་དགོས། སྟབས་ལེགས་པ་ལ་ཁོའི་ནང་མི་གང་པོ་གསོན་ཡོད་རུང་ཁྱིམ་གཞིས་ཆུ་ལོག་གིས་ཁྱེར་ཏེ་ད་ལྟ་ཉེན་སྐྱོབ་སྡོད་ཁང་ནང་གནས་བཞིན་པ་ནི་ཡིད་སྐྱོ་བའི་གནས་ཚུལ་ཞིག་རེད།

ཆུ་ལོག་གི་རྗེས་སུ་ཉེན་ཁ་ཆེ་ཤོས་འཐུང་ཆུ་ཡིན་པ་དང་ནད་ཡམས་ཕྱོགས་གང་སར་འཕེལ་འགོ་ཚུགས། ངས་ཁྱོན་ནས་ཚད་འཇལ་བྱེད་མི་ཐུབ་པ་ནི། རང་ལ་དབང་བ་ཡོད་ཚད་ཤོར་བའི་རྗེས་སུ་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་འོག་གཞི་ནས་བསྐྱར་གསོ་བྱ་རྒྱུ་དེ་རེད། ཁྱེད་ཀྱིས་དེའི་སྐོར་བསམ་གཞིག་བྱེད་ནུས་སམ།

ཐེ་ཚོམ་ཁྱོན་ནས་མེད་པ་ཞིག་ལ། ཡ་ང་བའི་ནང་མིའི་གོད་ཆགས་ཁྲོད་པེ་ཌོརོ་ལ་སྨྲེ་སྔགས་གདོན་རྒྱུའི་གནས་ལུགས་ལྡན་ཡོད་རུང་། ཡིན་ནའང་ཁོས་དེ་ལྟར་བྱས་མེད། ཁོས་གསལ་པོར་ཤེས་ཡོད་པ་ནིི།རང་ཉིད་ཀྱི་གནས་སྟངས་མ་འགྲིག་པའི་སྡུག་སྐད་འདོན་པ་དེ། ནུས་ཤུགས་དང་ཆུ་ཚོད་ཟད་བྱེད་ཙམ་ཡིན་པ་དེའོ།།

པེ་ཌོརོ་ལགས། ཁྱེད་ཀྱིས་ང་ཚོར་སྡུག་ཡུས་དང་སྨྲེ་སྔགས་འདོན་པ་ནི་མི་ཚེའི་འགྲན་རྩོད་ནང་ཁ་གཏད་གཅོག་པའི་ལན་ཡང་དག་མིན་པ་ཤེས་སུ་བཅུག་ཡོད། བཀའ་དྲིན་ཆེ།

བསྒྱུར་གཞི། Attitude is everything
By Jeff Keller

བྱ་བ་ནི་བརྩེ་བས་བསྐྲུན་པའི་ཚུར་སྣང་ཞིག་ཡིན།

ང་ལ་ཨ་བྷ་རམ་ལིན་ཀོ་ལོན་གྱིས་དྲན་སྐུལ་ཐེབས་སུ་བཅུག་པ་ལ། ཁོང་ནི་ལྷམ་བཟོ་བའི་བུ་ཨ་རིའི་སྲིད་འཛིན་ཆགས་པ་དེ་རེད། ལིན་ཀོ་ལོན་ནི་དེ་དུས་ཀྱི་སྐུ་དྲག་ཚོ་ལ་རང་བཞིན་གྱིས་བློ་ལས་འགོངས་པའི་འགོག་རྐྱེན་དང་སུན་གཙེར་ཞེ་སྡང་བཅས་སློང་བའི་རྐྱེན་དུ་གྱུར། མི་རིང་བར་ལིན་ཀོ་ལོན་ལྐོག་གསོད་བཏང་བ་ཡང་གློ་བུར་ཐོག་རྒྱག་གི་དོན་རྐྱེན་ཞིག་ག་ལ་ཡིན། ཁོང་ཚོས་བཟོད་སྒོམ་གཏན་ནས་བྱེད་མི་ཐུབ་པའི་བསམ་བློ་ནི། ལྷམ་བཟོ་བའི་བུ་ཞིག་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་གྱུར་པ་དེའོ།།

ཉིན་དང་པོར། གྲོས་ཚོགས་ནང་མཛད་སྒོའི་གསུང་བཤད་ཆེད་ལིན་ཀོ་ལོན་ཡར་བཞེངས་གྲབས་བྱས་པ་ན། རང་སྣང་མཐོ་བའི་སྐུ་དྲག་ཅིག་ཡར་ལངས་ཏེ། “སྐུ་ཞབས་ལིན་ཀོ་ལོན། སྟེས་དབང་གིས་ཁྱོད་རང་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་གྱུར་པ་རེད། ཡིན་ནའང་། སྔ་མ་ཁྱོད་རང་ང་ཚོའི་ནང་མིའི་ཆེད། ཨ་ཕ་དང་ལྷན་ངའི་ནང་ལ་རྐང་ལྷམ་བཟོ་རུ་སླེབས་ཀྱིན་ཡོད་པ་དྲན་པ་མ་བརྗེད། གྲོས་ཚོགས་ཚོགས་མིའི་ནང་དུའང་ཁྱོད་ཀྱི་ཨ་ཕས་བཟོས་པའི་ལྷམ་གྱོན་མཁན་མང་པོ་ཡོད། དེ་བས་ཁྱོད་ཀྱིས་རང་གི་རུས་ཁུངས་ནམ་ཡང་མ་བརྗེད་པར་གྱིས་ཤིག’’

སྐུ་དྲག་དེའི་བསམ་པར་ཁོས་ལིན་ཀོ་ལོན་ལ་མཐོང་ཆུང་བྱས་ཡིན་བསམས་མོད། ཡིན་ནའང་ཁྱོད་ཀྱིས་ལིན་ཀོ་ལོན་ལྟ་བུའི་མི་ལ་མཐོང་ཆུང་བྱེད་མི་ཐུབ་སྟེ། མཐོང་ཆུང་ནི་དམའ་འབེབས་ལ་བཟོད་མི་ནུས་པའི་བཅོལ་ཆུང་ཁོ་ནར་བྱེད་ནུས་པ་ལས། རླབས་ཆེན་གྱི་སྐྱེས་བུ་རྣམས་ནི་ཁྱད་གསོད་ཀྱི་མཚམས་ལས་བརྒལ་བའོ།།

ལིན་ཀོ་ལོན་གྱིས་ང་ཚོས་ངེས་པར་དུ་བརྗེད་མི་ཉན་པ་ཞིག་བཤད་པ་ལ། “ཁྱེད་ཀྱིས་ང་ལ་གྲོས་ཚོགས་ནང་གཏམ་བཤད་འགོ་མ་བཙུགས་སྔོན་རང་གི་ཨ་ཕ་དྲན་དུ་བཅུག་པར་བཀའ་དྲིན་ཆེ་ཞུ། ངའི་ཨ་ཕ་ནི་ཆེས་ཡིད་དུ་འོང་བ་ཞིག་དང་། གསར་གཏོད་རང་བཞིན་ལྡན་པའི་བཟོ་པ་ཞིག་ཡིན། ངའི་ཨ་ཕ་ནང་བཞིན་རྐང་ལྷམ་སྙིང་རྗེ་པོ་བཟོ་ནུས་མཁན་མི་གཞན་དག་མེད་པ་རེད། ངས་གང་འདྲ་བྱས་ནའང་། ངའི་ཨ་ཕ་ཕུལ་བྱུང་གི་གསར་གཏོད་པར་གྱུར་པ་ནང་བཞིན་ང་རང་ནམ་ཡང་རྒྱལ་ཁབ་ཀྱི་སྲིད་འཛིན་ཕུལ་བྱུང་ཞིག་ཆགས་ཐབས་མེད་པ་གསལ་པོར་ཤེས་ཡོད། ང་ནམ་ཡང་ཁོང་གི་གནས་ཚད་ལས་འདའ་མི་ནུས། གང་ལྟར་ཡང་། ངས་སྐུ་དྲག་ཚང་མར་དྲན་གསོ་ཞུ་རྒྱུ་ལ། གལ་སྲིད་ངའི་ཨ་ཕས་བཟོས་པའི་ལྷམ་གྱིས་ཁྱེད་ཚོའི་རྐང་པ་གཅུར་གྱི་ཡོད་ན། ངས་ཀྱང་ཁོང་དང་མཉམ་དུ་ལྷམ་བཟོའི་ལག་རྩལ་སྦྱངས་ཡོད། ང་རང་ཕུལ་བྱུང་གི་ལྷམ་བཟོ་བ་ཞིག་མིན་རུང་། མ་མཐའ་ཡང་ངས་རྐང་ལྷམ་བཟོ་བཅོས་རྒྱག་ནུས། ང་ལ་བརྡ་ལན་ཙམ་ཐོང་དང་། ང་ཁྱེད་ཚོའི་ནང་ལ་རྐང་ལྷམ་བཟོ་བར་ཡོང་ཆོག” དེ་མཚམས་གྲོས་ཚོགས་འཇམ་ཐིང་ངེར་གྱུར་པ་དང་། ཚོགས་མི་ཚོས་ཁོང་ལ་མཐོང་ཆུང་ནམ་ཡང་བྱེད་མི་ནུས་པ་གསལ་པོར་ཤེས།

ཡིན་ནའང་ཁོང་གིས་གསར་གཏོད་ཀྱི་ཤེས་རབ་ལ་ཚད་མཐོན་པོའི་སྒོ་ནས་གདེང་འཇོག་དང་བརྩི་བཀུར་བྱས་ཡོད་པ་གསལ་པོར་མངོན་དུ་བཅུག

ཁྱེད་ཀྱིས་རི་མོ་འབྲི་བ་དང་ལྡེར་བཟོ་ལས་པ། རྐང་ལྷམ་བཟོ་བ་གང་བྱས་ནའང་ཆོག མ་ཟད་ཁྱེད་རང་ལྡུམ་ར་བ་དང་ཞིང་པ། ཉ་པ་དང་ཤིང་བཟོ་བ་གང་ཡིན་ནའང་ཆོག དེ་ནི་གནད་དོན་ཆེན་པོ་ཞིག་མིན། ཁྱད་ཆེ་བའི་གནད་དོན་ནི། ཁྱེད་ཀྱིས་ལས་བཞིན་པའི་བྱ་བ་དེའི་ཆེད་དུ་དགའ་ཞེན་ཆེན་པོའི་ངང་ནུས་ཤུགས་ཆ་ཚང་བཏོན་ཡོད་མེད་དེ་ཡིན། གཞི་ནས་ཁྱོད་ཀྱི་གསར་གཏོད་ཀྱི་གྲུབ་འབྲས་ལ་ཁྱད་དུ་འཕགས་པའི་རིན་ཐང་ལྡན།

གསར་གཏོད་ཀྱི་ཤེས་རབ་ལས་ཁྱད་དུ་འཕགས་པ་གཞན་གང་ཡང་མེད།

བསྒྱུར་གཞི། Word is love made visible
Osho: – The Messiah Volume 1

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

This Post Has One Comment

  1. བསྟན་འཛིན།

    བསྒྱུར་རྩོམ་འདི་ཐེངས་གཅིག་བཀླགས་ཡི་ཏེ། ཡག་པོ་བྲིས་འདུག

དཔྱད་མཆན་སྤེལ།