གྲོལ་མདུད།

ལོ་རིམ་བརྒྱད་པའི་སློབ་གཉེར་བ། སྤྲུལ་སྐུ་འཆི་མེད་ཚེ་དབང་།

འགྲོ་དུས་སྣུམ་ནག་ལམ་ལ་མི་རྟེན་ཞིང་།།
སྡོད་དུས་སྒོ་རའི་ནང་དུ་མི་འཇོག་པར།།
ཁ་ལོ་མེད་ཀྱང་ཁ་ཕྱོགས་འཚོལ་ནུས་པའི།།
གངས་རི་ཁྲོད་ཀྱི་དོས་སྐྱེལ་རླངས་འཁོར་གང་།།

རྟ་ལས་སྐྱེས་ཀྱང་རྟ་རིགས་མི་གཏོགས་ཤིང་།།
རང་གིས་རང་རིགས་སྤེལ་བར་མི་འཇོན་པས།།
རབས་ཆད་ཡིན་ཡང་རིགས་རྒྱུད་མི་སྟོངས་པའི།།
རྒྱུ་འབྲས་འགྲོ་ལུགས་གཏོར་བའི་ཟོག་དེ་ཅི།།

ར་ལུག་མིན་ཡང་རྐུབ་ནས་རིལ་མ་གཏོང་།།
བོང་བུ་མིན་ཡང་རྣ་བ་རིང་ཞིང་ཀེར།།
གཅན་གཟན་མིན་ཡང་ཁ་ལ་མཆེ་བ་ཅན།།
མི་འདྲ་དགུ་མཐུད་ཅན་དེ་གང་ཞིག་ཡིན།།

དགུན་གྱི་དུས་སུ་ནང་དུ་མཉམ་པར་འཇོག །
དབྱར་གྱི་དུས་སུ་སྤང་ལ་ལྗོངས་རྒྱུར་འགྲོ།།
རགས་པའི་ཟས་ལ་ཞེན་པ་ཕྲ་ན་ཡང་།།
ལུས་པོ་ཚིལ་གྱིས་བརྒྱན་པའི་སྒོམ་ཆེན་སུ།།

སྟག་ལྤགས་སློག་པ་གྱོན་པའི་དམག་དཔོན་ཞིག །
མུན་པ་གྲོགས་སུ་སྦྲན་ནས་གཡུལ་དུ་འཇུག།
གསེར་གྱི་མིག་ཤེལ་ཟེར་མདས་མ་བཅག་ཚེ།།
དགྲ་བོ་གྲི་གུག་ཅན་ལས་རྒྱལ་ངེས་གང་།།

མཐོན་པོའི་བྲག་ལ་སྒྲུབ་པ་བྱས་བྱས་ནས།།
རྒྱང་རིང་ཁ་ཟས་མཐོང་བའི་ཤ་མིག་ཐོབ།།
དཀར་ཟས་རིང་ལུགས་གཏན་ནས་མ་ཡིན་ཡང་།།
རྣམ་གསུམ་དག་པར་ངེས་པའི་གྲུབ་ཐོབ་སུ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།