ལོ་རིམ་དྲུག་པའི་སློབ་གཉེར་བ། ཕྲིན་ལས་མཐར་ཕྱིན།
རི་སྤྱང་གི་ངུ་སྐད་གྲག་པའི་མཚན་མོ་དེར།
ང་རང་འཇིགས་ཤིང་སྐྲག་ནའང་།
རྡོག་སྒྲ་ཆ་མི་མཉམ་པའི་ཁྲོད་ནས་ག་ལེར་ལམ་ལ་ཆས།
རྣ་བར་ལྷུང་བའི་རི་སྤྱང་གི་ངུ་ཟུག་ནི་སྨག་རུམ་གྱི་དབྱངས་རྟར་ངེས་ཀྱང་།
ང་རང་མཚན་མོའི་དབྱངས་རྟ་དེར་སྤྲོ་སྣང་དང་བྲལ།
མཚན་མོ་དེར།
སེམས་པ་ཟ་ཟི་རུ་གྱུར་ནས་འཇིགས་ཤིང་གཡེར་ཡོད་ནའང་།
ལངས་མ་འགྱེལ་གྱི་ཁྲོད་ནས་ད་དུང་གོག་བཞིན་པ་དེ་ནི་མཚན་མོའི་འགྲུལ་བཞུད་པ་དེ།
རྒྱབ་ཕྱོགས་སུ་གྲག་གིན་པ་ནི་རི་སྤྱང་གི་ངུ་ཟུག་གཅོང་པོ་དེ།
གདོང་ཐུག་རྒྱག་ས་ནི་ཤིན་ཏུ་སྟུག་པའི་སྨག་རུམ་དེ།
ད་དུང་འདར་སིག་གི་ངང་ནས་རྡོག་སྒྲ་འཇགས་མེད།
མཚན་མོ་དེར།
ལམ་འཕྲང་དོག་པོ་ཞིག་ཏུ་གོམ་ཁ་རེ་རེ་ནས་སྔུན་ལ་བོར་བས།
ངུ་ཟུག་ཐན་ཐུན་དེ་དང་ཇེ་ཉེ་ཇེ་ཉེར་སོང་ནའང་།
ཡ་ཐོད་ནས་འགྲིལ་བའི་རྔུལ་ཆུའི་རྡོག་པ་རྣམས་དལ་གྱིས་འབྱིད་ཞོར།
ད་དུང་གོམ་པའི་འདེགས་འཇོགས་ལྷོད་མེད།
མཚན་མོ་དེར།
མཁའ་དབྱིངས་ཀྱི་སྐར་ཚོགས་དག་ཀྱང་རི་བོའི་ཕག་ཏུ་གབ་སྟེ་ཡོད།
སྙིང་རྩ་ལྷོག་ལྷོག་ཏུ་འཕགས་ཤིང་བ་སྤུ་རྣམས་ཀྱིས་མགོ་བོ་བཀྱགས་ཏེ་ཡོད་པས།
ང་རང་རི་སྤྱང་གི་ངུ་ཟུག་དང་མུན་པའི་སྨག་རུམ་ལ་ཅིས་ཀྱང་སྔངས་ནའང་།
ལམ་འཕྲང་གི་སྣེ་མོ་ཞིག་ཏུ་ཟིན་པར་ད་དུང་བསྒུགས་ཤིང་གནས།
མཚན་མོ་དེར།
སྨག་རུམ་གྱིས་བཏུམས་པའི་འཇིག་རྟེན་དེ་ན།
རི་སྤྱང་ངུ་ཟུག་གི་སྨྲེང་གླུ་ད་དུང་ཐོས་ཀྱི་ཡོད་ནའང་།
སྐྱོ་བ་ཁྲི་ཕྲག་ཁུར་བའི་ཁེར་རྐྱང་གི་ལྡོམ་པོ་ཞིག
རྡོག་སྣེ་ཐོགས་ཞོར་འགྲུལ་བཞུད་ཀྱི་ལམ་བུར་ཡོད།
གོམ་འགྲོས། སྨག་རུམ། རི་སྤྱང་གི་ངུ་ཟུག་ད་དུང་རྫོགས་མེད།
2016/10/08