སློབ་དཔོན། ཚུལ་ཁྲིམས་ནོར་བུ།
དུས་རབས་ཉེར་གཅིག་པའི་སློབ་གཉེར་བ་དང་། དེའི་ཁ་ཕྱོགས་ཞེས་པའི་བརྗོད་གཞི་སྤྱི་ལྡོག་པ་འདི་ལ་བསམ་བློ་དང་། ལོ་རྒྱུས་དང་། སྙིང་སྟོབས་བཅས་ཀྱིས་འགྲེལ་ཞིག་འཕངས་ན། དང་པོ་དུས་རབས་ཉེར་གཅིག་པ་ཞེས་པའི་གོ་ཕྱོགས་དང་། སྒྲ་དོན་གྱིས་མདོར་བསྟན་པའི་འགྲེལ། གཉིས་པ་དུས་རབས་ཉེར་གཅིག་པའི་སློབ་གཉེར་བའི་འབྱུང་རྩ་དང་། འཕེལ་རིམ་སྤྱིར་བཤད་པའི་འགྲེལ། གསུམ་པ་ཤར་ནུབ་ཀྱི་རིག་གནས་དང་། སློབ་ར་དངོས་ཀྱི་བྱུང་རབས་བྱེ་བྲག་ཏུ་བཤད་པའི་འགྲེལ། བཞི་པ་དུས་རབས་ཉེར་གཅིག་པའི་སློབ་གཉེར་བའི་གདགས་གཞི་དང་། དེའི་ཁ་ཕྱོགས་ཀྱི་གནད་བཙལ་ཏེ་མཇུག་བསྡུས་པའི་འགྲེལ།
དང་པོའི་འགྲེལ་ནི་དེ་ཡང་དུས་རབས་ཉེར་གཅིག་པ་ཟེར་བ་འདིའི་ཐ་སྙད་ཀྱི་ངོ་གདོང་ལ་གཅིག་བལྟས་ན་བསྡུས་མིང་ཞིག་ཡིན་ཅིང་། ཡེ་ཤུའི་སྟོན་པ་མ་ཤི་ཀ་འཁྲུངས་ལོ་ནས་སམ་འཁྲུངས་པའི་ལོ་བཞི་ནས་དུས་ལྟ་ལ་ཐུག་གི་བར་གྱི་སོང་ཟིན་པའི་ལོ་གྲངས་ཧྲིལ་པོ་ལ་རྗོད་བཞིན་པ་དང་། དེ་ཡང་བགྲང་སྟངས་ལ་ཕྱི་ལོའམ་སྤྱི་ལོ་ཟེར་ནས་ལོ་རེ་རེ་བྱས་ནས་ཞིབ་མོའི་ཚུལ་གྱིས་རྩི་ཚུལ་གཅིག་དང་ལོ་བརྒྱ་སྐོར་རེ་ལ་དུས་རབས་རེ་ཟེར་ནས་རྩིང་པོའི་ཚུལ་གྱིས་རྩི་ཚུལ་གཅིག་བཅས་གཉིས་ཡོད་པ་ལས་དུས་རབས་ཉེར་གཅིག་པ་ཟེར་ན་ཕྱི་མ་ལྟར་བརྗོད་པ་ལགས་སོ།།
འོན་ཀྱང་དོན་དངོས་སུ་བསམས་ན་ཉེར་གཅིག་པ་ཟེར་བཞིན་པའི་དུས་འདིའི་སྔོན་ན་ལོ་ངོ་བརྒྱ་ཕྲག་ཉི་ཤུས་སྐྱེལ་མ་ཙམ་གྱིས་མི་ཚད་པར་མ་མཐའ་ཡང་ཚན་རིག་པ་ཚོས་རྙེད་དོན་ལྟར་འབར་གས་ཆེེན་མོའི་དོན་རྐྱེན་བྱུང་བའི་རྗེས་ཀྱི་འཇིག་རྟེན་འདི་གྲུབ་ནས་ལོ་ངོ་དུང་ཕྱུར་ཞེ་དྲུག་ནས་ཞེ་བདུན་ཡས་མས་ཤིག་སོང་ཟིན་པས་ང་ཚོའི་མིག་སྔུན་ལ་ཡོད་པའི་ཕྱི་དངོས་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན།1དེ་བཞིན་སྐྱེ་དངོས་དང་།2 འཚོ་གནས། བསམ་བློ་སོགས་ཀྱི་འབྱུང་རྩ་ལ་དེ་འདྲ་བའི་བརྒྱུད་རིམ་དང་ལོ་རྒྱུས་རིང་པོ་ཞིག་ཡོད་པའི་ཚོད་དུ་འདུག་གོ།
གཉིས་པའི་འགྲེལ་ནི། དེ་བཞིན་བསམ་གཞིག་དང་། རྟོག་སྣང་། གཏན་ཚིགས། ལོ་རྒྱུས་བཅས་རྒྱབ་རྩར་བཟུང་ནས་དུས་རབས་ཉེར་གཅིག་པའི་སློབ་གཉེར་བ་དང་། དེའི་ཁ་ཕྱོགས་ཀྱི་རྨང་གཞི་བཙལ་ན། གོང་དུ་དུས་བརྗོད་པ་ལྟར། དེའི་འབྱུང་རྩ་དང་། འཕེལ་རིམ་ལ་དུས་རབས་ཉི་ཤུ་ཙམ་ལས་མེད་པ་མ་ཡིན་པར་གོ་ལ་རྡོག་རྡོག་འདི་གྲུབ་ནས་བཟུང་། མི་ཡི་འཇིག་རྟེན་འདི་བྱུང་ནས་བཟུང་། རྣམ་དཔྱོད་ཀྱི་ནུས་པ་འདི་ཡོད་ནས་བཟུང་། སྐད་དང་ཡི་གེ་འདི་དར་ནས་བཟུང་། དང་པོ་ས་བོན་ལྟ་བུའི་གཞི་བྱས་ཡོད་ལ། བར་དུ་ཆུ་ལུད་དྲོད་གཤེར་ལྟ་བུའི་རྐྱེན་བྱས་ཡོད་པས་ད་གཟོད་དུས་རབས་ཉེར་གཅིག་པའི་སློབ་གཉེར་བ་ཟེར་བ་ཞིག་ཡོད་སོང་བར་མངོན་ནོ།།
གལ་སྲིད་བརྒྱུད་རིམ་དེ་འདྲའི་རིང་པོ་ཞིག་མེད་ན་དུས་རབས་ཉེར་གཅིག་པའི་མིའི་སྤྱི་ཚོགས་ཀྱི་དཔལ་ཡོན་བཀྲག་མདངས་ལྡན་པ་དེ་དག་ཡོད་པར་མི་སེམས་ཏེ། བཟོ་མི་དང་འཇོན་མི་ཟེར་བའི་3མི་རབས་དང་པོ་ལྟ་བུའི་ལོ་རྒྱུས་ལ་ཕྱིར་མིག་ཕྱོགས་དང་། སྐབས་དེ་དུས་སྐད་དང་ཡི་གེ་མེད་ལ། བཟོ་དང་གསོ་བའི་རྣམ་གཞག་ཀྱང་མེད། དེ་བཞིན་ཚད་མ་རིག་པ་དང་། ཆོས་ལུགས། ལྟ་གྲུབ། ལོ་རྒྱུས་སོགས་མདོར་ན་ང་ཚོའི་ཤོད་སྟངས་ལྟར་བྱས་ན་རིག་པའི་གནས་བཅུ་གང་ཡང་མེད་པས་སློབ་སྦྱོང་བྱེད་པ་པོ་ཡང་ག་ལ་ཡོད་དོ།།
འོན་ཀྱང་མི་དང་མིའི་སྤྱི་ཚོགས་གྲུབ་པ་ནས་བཟུང་དེ་དང་དེའི་ཀླད་པའི་གཡོ་འགུལ་དང་། ལུས་ཀྱི་འགུལ་སྐྱོད། དེ་བཞིན་འཚོ་གནས་དང་། ལྟ་སྤྱོད་བཅས་ཀྱི་གནས་བབ་ལ་ལྟོས་བཅས་ཀྱིས་བཤད་ན། སྲོག་ཆགས་གཞན་དག་དང་མི་འདྲ་བར་འཕེལ་རྒྱས་ཀྱི་མགྱོགས་ཚད་མ་འདྲ་བ་ཞིག་བརྒྱུད་ནས་ང་ཚོའི་མིག་སྔུན་དུ་སླེབས་ཡོད་པ་དེ་རེད། དཔེར་ན། གཤོག་ཐོགས་ཀྱི་བྱ་བྱེའུ། སྡེར་ཆགས་ཀྱི་གཅན་གཟན། རྩ་གཟན་གྱི་རི་དྭགས། སྒོ་ཕྱུགས་ཀྱི་སེམས་ཅན། ཉ་སྲམ་དང་འབུ་སྲིན་ཏེ་མིའི་འགྲོ་བ་ལས་གཞན་པའི་སྲོག་ཆགས་དེ་དག་ལ་ཞིབ་མོས་དཔྱོད་དང་། མིག་གིས་ལྟོས་དང་། བློ་ཡིས་འཇོལ་དང་། སྔ་ཕྱི་མེད་པར། ཐོག་མཐའ་མེད་པར། མགོ་རྔ་མེད་པར། རང་བཞིན་གཅིག་དང་། རྣམ་པ་གཅིག འཚོ་བ་གཅིག གནས་ཁང་གཅིག་གི་གོ་ས་ལས་འགྱུར་ལྡོག་མེད་པར། བཟང་ངན་མེད་པར། དགའ་སྡུག་མེད་པར་གནས་བཞིན་པ་མ་ཡིན་ནམ། གསོན་བཞིན་པ་མ་ཡིན་ནམ། འཚོ་བཞིན་པ་མ་ཡིན་ནམ། རེད་དེ་མི་དང་མིའི་སྤྱི་ཚོགས་ཟེར་བ་ནི་དེ་ལྟ་བུ་ཞིག་གཏན་ནས་མིན་པར་དང་པོ་སྒུར་ནས་འགྲོ་མཁན་གྱི་4ཟོག་ལུག་ལྟ་བུ་ཞིག་ཡིན་ཡང་རིམ་པས་རྐང་གཉིས་ཀྱི་སྟེང་ལ་ལངས་ནས་སོང་བས་ལུས་ལ་འགྱུར་ལྡོག་བྱུང་ཡོད་པར་ཤེས་ངེས་ལ། དེ་བཞིན་དང་པོར་རི་དང་ནགས་ལ་གནས་འཆའ་མཁན་གྱི་སྤྲེའུ་དང་མི་རྒོད་ལྟ་བུ་ཞིག་ཡིན་ཀྱང་རིམ་པས་ཀླུང་ལ་བབས་ཏེ་སྤྱིལ་བུ་དང་ཁང་ཁྱིམ་གྱི་སྡོད་གནས་བཙུགས་པས་འཚོ་གནས་ལ་འགྱུར་ལྡོག་དང་། དང་པོ་གནས་ངེས་མེད་དུ་འགྲོ་མཁན་གྱི་འཁྱམ་པོ་དང་སྤྲང་པོ་ལྟ་བུ་ཞིག་ཡིན་ཀྱང་རིམ་པས་གནས་ངེས་ཅན་དུ་འདུས་སྡོད་བྱས་ཏེ་འཚོ་བ་སྐྱེལ་བས་འགྲོ་འདུག་ལ་འགྱུར་ལྡོག་དང་། དང་པོར་ལག་ཤེས་ཀྱི་ཁྱད་ལས་མེད་པའི་སེམས་ཅན་གཞན་དག་དང་འདྲ་བ་ལྟ་བུ་ཞིག་ཡིན་ཡང་རིམ་པས་རྡོ་དང་ཤིང་གིས་ལག་ཆ་བསྡུ་སྒྲུག་གིས་5འཚོ་ཐབས་ལ་འགྱུར་ལྡོག་དང་། དང་པོར་ངོ་ཚ་དང་ཁྲེལ་ཡོད་མི་ཤེས་པར་གཅེར་རྗེན་དུ་འགྲོ་མཁན་གྱི་སྤྲེའུ་དང་མི་རྒོད་ལྟ་བུ་ཞིག་ཡིན་ཡང་རིམ་པས་ཤིང་ལོ་དང་སེམས་ཅན་གྱི་པགས་པ། སྣམ་བུ་སོགས་ཀྱིས་གོས་གྱོན་པ་སོགས་བསམ་བློ་དང་ཀུན་སྤྱོད་ལ་འགྱུར་ལྡོག་བྱུང་བ་སོགས་མདོར་ན་མི་དང་མིའི་སྤྱི་ཚོགས་ནི་ཆེས་འགྱུར་ལྡོག་ཆེ་བའི་རང་བཞིན་ཞིག་ཏུ་མཐོང་ཡོང་། འགྱུར་ལྡོག་དེ་དག་གི་སྟེང་ནས་རྙེད་ཡོང་བ་ནི། སྤྱི་ཡོངས་ནས་འཚོ་གནས་ཡར་རྒྱས། བསམ་བློ་ཡར་རྒྱས། ཀུན་སྤྱོད་ཡར་རྒྱས་བཅས་སུ་ཕྱིན་ཡོད་པ་མཚོན་ཡོད་པས་ད་ལྟའི་དུས་རབས་ཉེར་གཅིག་པའི་མིའི་སྤྱི་ཚོགས་ཀྱི་མཛེས་སྡུག་དང་ཕུགས་བསམ། རིག་གནས། སྒྱུ་རྩལ་སོགས་ནི་གཅིག་ལ་གཅིག་བརྒྱུད་ཀྱིས་ཚུལ་དུ་ལོ་ངོ་ས་ཡ་མང་པོ་དང་མི་རབས་ཁྲི་ཕྲག་མང་པོའི་བར་གྱི་ཉམས་མྱོང་དང་། བསམ་བློ་དང་། གཏན་ཚིགས་བཅས་ཀྱིས་གསོ་སྐྱོང་བྱས་པའི་བསྲེག་བཅད་བརྡར་བའི་གསེར་བཙོ་མ་དང་མཚུངས་པའི་མཇུག་འབྲས་ཤིག་ཡིན་དགོས་པར་སྙམ་མོ།།
དེ་ཡང་གདོད་མའི་མི་རྣམས་ཀྱིས་བསྐྲུན་པའི་འཚོ་ཐབས་སོགས་ཀྱིས་དུས་རབས་རྗེས་མ་དང་མི་རབས་རྗེས་མ་རྣམས་ཀྱི་འཚོ་བ་དང་བདེ་སྐྱིད་ཀྱི་གཞི་དང་རྩ་བ་བྱས་ཡོད་པ་ལས་འགྱུར་ལྡོག་མ་བྱུང་བར་རང་སོར་གནས་པ་ནི་གཅིག་ཀྱང་མེད་དེ། འགའ་ཞིག་ལ་དུས་ཀྱིས་དབང་གིས་འགྱུར་ལྡོག་ཐེབས་པ་དང་། འགའ་ཞིག་ལ་དུས་སུ་ལྟོས་ནས་འགྱུར་ལྡོག་བཏང་ཡོད་པར་མངོན་ཏེ། དཔེར་ན། འཚོ་ཐབས་ཀྱི་ཡོ་བྱད་ལ་བསམ་བློ་བཏང་རུང་། དང་པོ་ཤིང་དང་རྡོ་ཡིས་6བྱས་ཤིང་། རིམ་པས་ལྕགས་དང་ཟངས་སོགས་ཀྱིས་མཁོ་སྒྲུབ་བྱས་པ་དང་། དེ་ལ་ལྟོས་ནས་ལྕགས་མགར་དང་ཤིང་བཟོ་བ་སོགས་ཀྱང་ཡོད་སོང་བ་ཤུགས་ལ་མཚོན་པ་དང་། ཁྱད་པར་དུ་དང་པོ་འཚོ་ཐབས་ཙམ་ལ་དམིགས་པ་ལས་མ་འདས་མོད་རིམ་པས་འཚོ་ཐབས་ཙམ་གྱི་དམིགས་འདུན་ལས་བརྒལ་ཏེ་ཡོ་བྱད་དེ་དག་སྒྱུ་རྩལ་གྱི་རང་བཞིན་དུ་བཞེངས་ཏེ་མི་སེམས་འཕྲོག་པའི་དབྱིབས་བདེ་ལ་རི་མོ་ལེགས་པ་སོགས་ཀྱིས་མཚོན་ཐབས་ཁྱད་པར་བ་བཀོལ་ཡོད་པ་ས་འོག་ནས་ཐོན་པའི་དངོས་རྫས་རྙིང་པ་དག་གིས་གསལ་འདོན་བྱས་ཡོད། དེ་བཞིན་གོས་ལ་བསམ་བློ་བཏང་རུང་དང་པོ་གསང་གནས་སྦེད་བྱེད་ཙམ་དང་ཚ་གྲང་གཡོལ་བྱེད་ཙམ་ཁོ་ན་ལས་མཛེས་ཆོས་རྩལ་འདོན་གྱི་དམིགས་ཡུལ་ཞིག་རྒྱབ་ཏུ་ཡོད་པར་མི་སེམས་ཡང་རིམ་པས་གྲང་ལྷགས་འགོག་བྱེད་ཙམ་གྱི་ཕ་རོལ་ན་མཛེས་པ་དང་འཇམ་པ་སོགས་ཀྱི་བློས་བསླངས་ཀྱང་ཡོད་སོང་བས་སྔར་གྱི་ཤིང་ལོ་ཙམ་གྱི་སར་མ་བཞག་པར་གོས་ཀྱི་རྒྱུ་ཆ་དང་བཟོ་རྩལ་སོགས་ལ་འགྱུར་ལྡོག་བྱུང་འགོ་བཙུགས་ཡོད་པ་གསལ་པོ་རེད་སྙམ། དེ་བཞིན་ནང་བསམ་བློའི་ཤེས་ཡོན་དར་ཚུལ་ལ་བསམས་རུང་། སེམས་ཅན་གཞན་དག་དང་མཚུངས་པར་དང་པོ་སྨྲ་བ་མེད་པའི་ལྐུག་པ་ལྟ་བུ་ཞིག་ཡིན་ཡང་རིམ་པས་གཏམ་འཁྲོལ་བའི་ནུས་པ་ཐོབ་པ་7དང་། དུས་དེ་ནས་བཟུང་སེམས་ཅན་གཞན་དག་དང་མི་མཚུངས་པར་ཐ་སྙད་དང་བརྡ་སྤྲོད་ཀྱི་ནུས་པ་ཉིན་རེ་ནས་ཉིན་རེ་དང་། ཟླ་རེ་ནས་ཟླ་རེ། ལོ་རེ་ནས་ལོ་རེ་བྱས་ཏེ་ཡར་རྒྱས་སུ་ཕྱིན་ཡོད་པས་བདེ་སྡུག་དང་། འགལ་འབྲེལ། དགའ་སྐྱོ། ཆགས་སྡང་སོགས་ཕན་ཚུན་གྱིས་རྟོགས་དཀའ་བའི་བརྗོད་བྱ་མང་པོ་ཞིག་གི་མདུད་པ་རང་གྲོལ་དུ་སོང་བ་དང་། རིམ་པས་ཚོང་ལས་པ་རྣམས་ཀྱིས་སྐྱེལ་འདྲེན་དགོས་པའི་དངོས་ཟོག་གི་གྲངས་དང་། ཆེ་ཆུང་། བཟོ་དབྱིབས། རིང་ཐུང་སོགས་གང་ཡིན་མ་ནོར་བ་དང་མ་འཕྱུགས་པ་སོགས་ཀྱི་ཆེད་དུ་རི་མོ་བཀོད་དེ་གཅིག་གིས་གཅིག་ལ་སྤྲོད་ལེན་བྱེད་དགོས་པའི་བབ་དང་བསྟུན་ནས་གདོད་མའི་ཡི་གེ་8དང་། གནའ་རབས་ཀྱི་ཡི་གེ་9སོགས་དར་འགོ་ཚུགས་པ་དང་། དེ་བཞིན་གཟུགས་མཚོན་ཡི་གེ་སོགས་ཀྱི་ཕ་རོལ་ནས་སྒྲ་མཚོན་ཡི་གེའི་10རབས་ཤིག་ཀྱང་བྱུང་བས་སྔར་གྱི་རྗོད་བྱེད་ལས་ནུས་པ་ཇེ་ཟབ་དང་ཐ་སྙད་ཀྱི་རྣམ་གྲངས་ཇེ་རྒྱས་སུ་སོང་བ་སོགས་མདོར་ན་སྐད་དང་ཡི་གེའི་རབས་ཡོད་པ་ནས་འཚོ་བ་ལེགས་བཅོས་ཀྱི་ཆེད། མི་ཚེའི་བདེ་སྐྱིད་ཀྱི་ཆེད། བཟང་ངན་བཅོས་བསྒྱུར་གྱི་ཆེད། དཀའ་ངལ་འཕྲལ་སེལ་གྱི་ཆེད། ཕུགས་འདུན་མངོན་གྱུར་གྱི་ཆེད། སྡུག་བསྔལ་རྩ་བྲལ་གྱི་ཆེད་དུ་རྣམ་དཔྱོད་དང་། གཏན་ཚིགས་དང་། ཚོར་སྣང་དང་། དགག་སྒྲུབ་བཅས་ཀྱིས་སྐབས་དང་དུས་ལ་ལྟོས་ནས་རིག་པའི་གནས་མང་པོ་ཞིག་རྡོལ་ཡོད་པ་འདྲ་སྟེ། རྒྱ་གར་གྱི་གནའ་བོའི་ལུགས་གཞིར་བཞག་ན། རིག་པའི་གནས་བཅོ་བརྒྱད་ཟེར་བ་དང་། བོད་ཀྱི་དེང་སྐབས་བརྩི་སྟངས་ལྟར་བྱས་ན་རིག་པའི་གནས་བཅུ་ཟེར་བ་ལྟ་བུ་སོགས་དར་བ་དང་། དེ་བཞིན་གནའ་ནས་ད་ལྟའི་བར་དུ་འཛམ་གླིང་འདིའི་གཙོ་རྒྱུགས་རིག་གནས་སྤྱི་ལ་བསམ་བློ་བཏང་ན། སྒྲུང་གི་རབས་དང་། ཆོས་ལུགས་ཀྱི་རབས། མཚན་ཉིད་རིག་པའི་རབས། ཚན་རིག་གི་རབས་བཅས་དུས་རབས་སྔ་ཕྱི་རྣམས་སུ་རིག་གནས་ཆེ་ཕྲ་ཆུང་གསུམ་སྟེ་ཤེས་བྱ་ཡོན་ཏན་གྱི་ཕུང་པོ་ཇི་སྙེད་ཅིག་དང་པོ་འབུས་པ་དང་། བར་དུ་སྨིན་པ་དང་། ཕྱིས་སུ་དར་བ་དང་། ཕྱོགས་སུ་རྒྱས་པ་དང་། ཡོངས་སུ་འགྲེམས་པ་ དང་། ཆེད་དུ་སྤེལ་བ་བཅས་ཀྱི་འཇིག་རྟེན་ཞིག་ཡོད་སོང་བས་དུས་རབས་ཉེར་གཅིག་པའམ་ཉེར་གཅིག་པའི་སློབ་གཉེར་བ་འདི་དག་ནི་ཞི་བདེ་དང་། ཤེས་ཡོན་དང་། བརྡ་འཕྲིན་དང་། གྲོས་མོལ་དང་། སྒྱུ་རྩལ་བཅས་ཀྱི་ལམ་དུ་བསྐྱོད་འགོ་ཚུགས་པ་ཞིག་ཡིན་པར་སེམས་སོ།།
གལ་སྲིད་སྲོག་ཆགས་གཞན་དག་ལྟར་འཇོན་མི་དང་། བཟོ་མི། འགྲེང་མི། མཛངས་མི་སོགས་མི་རབས་དང་པོ་རྣམས་ཀྱི་རྣམ་དཔྱོད་ཀྱིས་གསར་བརྗེ་དང་སྙིང་སྟོབས་ཀྱིས་བཅོས་བསྒྱུར་དེ་འདྲ་ཞིག་བཏང་མེད་ན་ནེ་ཨན་ཏིར་ཐུ་ཞེས་པའི་མིའི་རབས་11ལ་འོད་སྣང་ཞིག་ཡོང་དཀའ་ལ། ནེ་ཨན་ཏིར་ཐུའི་མི་རབས་ཀྱིས་དེ་བཞིན་གནང་མེད་ན། དེང་རབས་ཀྱི་མིའི་12དུས་སྐབས་འདིར་འོད་སྣང་ཞིག་མཐོང་དཀའ་བར་སེམས་སོ།།
གསུམ་པའི་འགྲེལ་ནི། དེ་ཡང་ཨེ་ཅིབ་དང་། ཀེ་རི་སི་འམ་པ་པི་ལོན། རྒྱ་གར། རྒྱ་ནག་བཅས་གནའ་བོའི་ཤེས་རིག་དར་བའི་རྒྱལ་ཁབ་བཞི་ཞེས་ཡོངས་སུ་གྲགས་པ་ལྟར་གནའ་བོའི་དུས་སུ་ནུབ་ཕྱོགས་ནས་བདེ་བའི་གཞི་ཕྱི་ལུས་ཀྱི་འཚོ་ཐབས་ལ་རྩལ་འདོན་དང་། རྒྱ་གར་ནས་ནང་སེམས་ཀྱི་བདེ་སྐྱིད་ལ་རྩལ་འདོན་དང་། རྒྱ་ནག་ནས་སྤྱི་ཚོགས་ཀྱི་བདེ་ཐབས་ཀུན་སྤྱོད་ལ་རྩལ་འདོན་བྱས་པ་བཅས་ཀྱིས་འཇིག་རྟེན་འདིའི་ཤེས་རིག་གི་མེ་ཁ་གསོས་ཏེ་རིམ་པས་ས་ཁྱབ་རྡོ་ཁྱབ་ཏུ་སོང་བ་ནས་སློབ་ར་ཆེ་འབྲིང་ཆུང་གསུམ་གྱི་ཁོར་ཡུག་ཀྱང་བསྐྲུན་ཡོད་པ་ངེས་ཅན་ཡིན་མོད། ཆེ་ཆུང་ལ་མ་ལྟོས་པའི་འཛམ་གླིང་འདིའི་སློབ་རའི་ཐོག་མ་འདི་ཡིན་ཞེས་གསལ་ཁ་ཅན་གྱི་ལོ་རྒྱུས་ཤིག་ནི་དར་རབས་མེད་པར་སྙམ་མོ།།
འོན་ཀྱང་ད་བར་ཡོད་པའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་སྔ་ཤོས་ཀྱི་ཨང་དང་པོ་ནི། སྤྱི་ལོ་ ༨༥༩ ལོར་རྟེན་གཞི་བཙུགས་པའི་མོ་རོ་ཀོ་རྒྱལ་ནང་གི་ཁེར་ལེན་ (University of Al Quaraouiyine) ཞེས་པའི་སློབ་ཆེན་ཡིན་པ་དང་། འཛམ་གླིང་འདིའི་སློབ་ཆེན་རྙིང་ཤོས་ཨང་གཉིས་པ་དང་དབྱིན་ཇི་ཡི་ཨང་དང་པོ་ནི། སྤྱི་ལོ་ ༡༠༩༦ ཙམ་ནས་འགོ་འཛུགས་བྱས་པའི་ཨོ་སུ་ཧྤོར་ཌི་ (Oxford University) ཞེས་པའི་གཙུག་ལག་སློབ་གཉེར་ཁང་འདི་ཉིད་ཡིན་པར་གླེང་ཡོད། དེ་བཞིན་རྒྱ་གར་ལ་ཆག་བཞག་ནས་བཤད་ན་དུས་རབས་ལྔ་པ་ནས་བཟུང་སློབ་ར་ཆེད་འཛུགས་ཀྱིས་སློབ་སྦྱོང་བྱེད་སའི་ཁོར་ཡུག་ཡོད་དེ། དཔེར་ན་ནང་པའི་སློབ་གྲྭ་དཔལ་ནཱ་ལེནྡྲ་ཞེས་པ་དུས་རབས་ལྔ་པ་ཙམ་ནས་ཡོད་པ་ལོ་རྒྱུས་ཀྱི་བྱིངས་ན་གསལ་བ་དང་། བོད་གངས་ཅན་པའི་ལོ་རྒྱུས་ནང་གི་སློབ་ར་ཆེས་སྔ་ཤོས་ནི་དུས་རབས་བདུན་པའི་ནང་མཁན་སློབ་ཆོས་གསུམ་གྱིས་བཞེངས་པའི་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཡིན་པ་དང་། དེའི་ནང་དུ་གཙོ་བོ་ནང་ཆོས་སློབ་ས་དང་། ལོ་ཙཱ་སྦྱོང་ས། དེ་བཞིན་དཔེ་སྒྱུར་བྱེད་ས་སོགས་གླིང་བརྒྱད་ལས་གྲུབ་པར་བཤད་ཡོད། དུས་དེ་ནས་བཟུང་འཆད་རྩོད་རྩོམ་གསུམ་དང་། འཛིན་སྐྱོང་སྤེལ་གསུམ། བཤད་སྒྲུབ་ལས་གསུམ་གྱིས་ནང་པའི་བསྟན་པ་ཡོངས་སུ་སྤེལ་བའི་སྔགས་བཙུན་གྱི་སྡེ་དབྱར་གྱི་ཆུ་བོ་འཕེལ་བ་བཞིན་དར་རྒྱས་སུ་ཕྱིན་པ་དང་བསྟུན་ནང་བསྟན་སློབ་སྦྱོང་མཛད་སའི་སློབ་རའམ་དགོན་སྡེ་གསར་རྒྱག་གི་ཁ་གྲངས་ཀྱང་ཇེ་མང་ལ་སོང་ནས་ང་དགུའི་ལོ་ནག་མ་ཚེས་པའི་ཡར་སྔོན་ལ་བོད་ཆོས་ལྡན་གྱི་ཞིང་དེར་དགོན་སྡེ་ཁྲི་ཕྲག་ལས་བརྒལ་བ་ཡོད་པར་གླེང་ངོ་།།
དེ་བཞིན་སྤྱི་ཚོགས་ཀྱི་སློབ་རའམ་སློབ་གྲྭ་ལ་བསམ་བློ་བཏང་ན། སྤྱི་ལོ་ ༧༦༢ ལོར་གཡུ་ཐོག་ཡོན་ཏན་མགོན་པོས་ཀོང་པོ་སྨན་ལུང་དུ་གསོ་བ་རིག་པའི་སློབ་གྲྭ་ཞིག་བཙུགས་ཏེ། སློབ་མ་སུམ་བརྒྱ་ཙམ་བསྡུས་ནས་སློབ་མཐར་ཕྱིན་པ་ན། ཡོན་ཏན་ལ་དཔགས་ནས་འབུམ་རམས་པ་དང་། རབ་འབྱམས་པ། དཀའ་བཅུ་པ་བཅས་ཀྱི་མཚན་གསོལ་ཡང་མཛད། ཕྱིས་སུ་རྒྱལ་མཆོག་ལྔ་པ་ཆེན་པོའི་སྐབས་ལྷ་སའི་ལྕགས་པོ་རིར་སྨན་པ་གྲྭ་ཚང་ཞེས་པའི་སྨན་སྦྱོང་ས་ཞིག་དང་། སྤྱི་ལོ་ ༡༩༡༦ ལོར་གོང་ས་བཅུ་གསུམ་པ་ཆེན་པོས་ཀྱང་སྨན་རྩིས་ཁང་ཞེས་པའི་སྨན་གྱི་སློབ་གྲྭ་ཞིག་བཙུགས་པར་མཛད་པ་སོགས་དང་། དེ་བཞིན་ཨིན་ཇིའི་སྐད་ཡིག་སྦྱོང་སའི་སློབ་ར་ཐོག་མ་ནི། ༸གོང་ས་བཅུ་གསུམ་པ་ཆེན་པོས་སྤྱི་ལོ་ ༡༩༢༨ ལོར་རྒྱལ་རྩེ་ནས་དང་། སྤྱི་ལོ་ ༡༩༤༥ ལོར་ལྷ་ལྡན་དྲུང་སྤྱི་གླིང་ཁ་ནས་ཏེ་ཐེངས་གཉིས་ལ་དབྱིན་ཡིག་གི་སློབ་གྲྭ་བཙུགས་ཀྱང་། གདན་ས་ཁག་གི་གནོན་ཤུགས་ལ་བརྟེན་ནས་དང་པོ་ལ་ལོ་གསུམ་དང་། རྗེས་མ་ལ་ཟླ་འགའ་ཤས་ལས་རྒྱུན་འཁྱོངས་མ་ཐུབ་པར་ཕྱིར་སྡུ་བྱེད་དགོས་བྱུང་བའི་ཤོག་ངོས་ནག་པོ་ཞིག་ཀྱང་འདུག་གོ །དེང་སྐབས་ཀྱི་སློབ་རའི་སྐྱེ་འཕེལ་ནི་སྤྱི་དང་བྱེ་བྲག་གང་ཐད་ནས་གླེང་དགོས་རུང་རང་གཞན་སུ་ལ་ཡང་རྒྱུས་ཡོད་ཡིན་པས་འདིར་བཤད་པའི་ངལ་བ་མི་བརྟེན་ནོ། །མདོར་ན་ཤེས་རིག་གི་ལམ་བུ་ནི་ཕུན་སུམ་ཇེ་ཚོགས་དང་། རྣམ་པ་ཇེ་ལེགས། རྒྱ་ཇེ་ཆེ། གྲངས་ཇེ་མང་། གཏིང་ཇེ་ཟབ་ཀྱི་ཚུལ་གྱིས་མི་རབས་ནས་མི་རབས་བརྒྱུད་དེ། འོད་ཀྱུག་གེ བཀྲ་ལམ་མེ། གསལ་ལིང་ངེ་། མདངས་མེར་རེ་ང་ཚོའི་སྒོ་སྔུན་དུ་ཐོན་ཟིན་པའི་ཕྱིར་ན། དུས་རབས་ཉེར་གཅིག་པའམ་ཉེར་གཅིག་པའི་སློབ་གཉེར་བ་ནི་དུས་རབས་སྔ་མ་པའམ་སྔ་མའི་སློབ་གཉེར་བ་དག་ལས་ལྷག་པའི་རྣམ་དཔྱོད་དང་། ཤེས་ཡོན་དང་། སྙིང་སྟོབས་དང་། འཇོན་ཐང་དང་། ཆོད་སེམས་བཅས་ཀྱིས་ཕྱུག་པ་ཞིག་ཡིན་དགོས་སོ།།
བཞི་པའི་འགྲེལ་ནི། འོལ་སྤྱི་ཙམ་གྱི་གོ་བ་ཞིག་བླངས་ན་ད་ལྟའི་དུས་འདིར་སློབ་སྦྱོང་ལ་འབད་བརྩོན་བྱེད་བཞིན་པའི་སློབ་ཕྲུག་ཅིག་ཡིན་ནས་བཟུང་དུས་རབས་ཉེར་གཅིག་པའི་སློབ་གཉེར་བ་ཟེར་ནས་མིང་ཞིག་འདོགས་དགོས་པ་འདྲ་ཡོད་ཀྱང་། བསམ་བློ་ཞིབ་ཕྲ་བཏང་ན་ཉེར་གཅིག་པའི་སློབ་གཉེར་བ་ཟེར་བའི་གོ་བ་དེ་ཙམ་མིན་པར་སྙམ་མོ།།
རྒྱུ་མཚན་ནི་དུས་རབས་ཉི་ཤུ་པའི་སྐབས་ནས་དར་བའི་ཅ་དངོས་ཤིག་ད་ལྟའི་དུས་སུ་ཡོད་ཀྱང་དེ་ལ་ད་ལྟའི་ཐོན་རྫས་དང་ཐོན་དངོས་ཟེར་ནས་མིང་མི་འདོགས་པ་བཞིན་དུས་རབས་སྔོན་མ་རྣམས་སུ་དར་བའི་སློབ་སྦྱོང་དང་། ལང་ཕྱོགས། ཆོད་སེམས་སོགས་དེ་ཙམ་ལས་རྒྱབ་གཉེར་མེད་པའི་སློབ་གཉེར་བ་ཞིག་ཡིན་ན་དེ་ལ་སྔར་མེད་པའི་ད་ལྟའི་དུས་ཀྱི་སློབ་གཉེར་བའི་དགོས་ཆོས་དམིགས་བསལ་བ་ཅི་ཡང་མེད་པའི་ཕྱིར་ན་དེའི་སློབ་གཉེར་བ་ཟེར་བའི་མིང་འོག་གི་བརྗོད་བྱ་མི་ཚང་བར་སེམས་སོ།།
དེ་བཞིན་ད་ལྟའི་དུས་འདིར་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་ཙམ་ལ་དུས་རབས་ཉེར་གཅིག་པའི་སློབ་གཉེར་བ་དང་། དེ་ཚོའི་ཁ་ཕྱོགས་སམ་དམིགས་ཡུལ་ལ་ཉེར་གཅིག་པའི་སློབ་གཉེར་བའི་ཁ་ཕྱོགས་ཟེར་ནས་གླེང་དགོས་ན་དུས་རབས་ཉེར་གཅིག་པའི་སློབ་གཉེར་བ་དང་དེའི་ཁ་ཕྱོགས་ལ་དམིགས་བསལ་གྱི་ནུས་པ་ཅི་ཡང་མེད་དེ། རྒྱུ་མཚན་ནི་ད་ལྟའི་དུས་འདིར་ཡང་སློབ་གཉེར་བ་མང་པོ་ཞིག་གི་སློབ་སྦྱོང་དང་། ཀུན་སྤྱོད། བསམ་བློ། སྒྱུ་རྩལ་བཅས་ཀྱི་ཆུ་ཚད་དང་སྤུས་ཚད་ཀྱིས་མ་འདང་བ་སོགས་ཀྱི་དོན་རྐྱེན་མང་པོ་ཞིག་མངོན་ཡོང་བ་དེ་རེད། དཔེར་ན་སྤྱི་ལོ་ཉིས་སྟོང་བཅོ་ལྔ་ལོའི་ཟླ་གསུམ་པ་ནས་ད་ལྟའི་བར་དུ། སློབ་རའི་དྲག་སྤྱོད་བརྙས་བཅོམ་གྱི་དོན་རྐྱེན་ཁག་ཉི་ཤུ་ལྷག་བྱུང་ཡོད་པ་དང་། ཉེ་ཆར་རང་ལ་བསམ་བློ་བཏང་རུང་། ཨ་རི་ན་སློབ་གཉེར་བྱེད་བཞིན་པའི་རྒྱ་ནག་པའི་སློབ་གཉེར་བ་གཉིས་ཀྱིས་ནག་ཉེས་བསགས་པའི་མཇུག་འབྲས་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་སོགས་ཀྱི་གནས་ཚུལ་དག་ལ་གཟིགས་ན་གང་འཚམས་ཤིག་དཔོག་ཐུབ་པར་སྙམ་མོ།།
དེ་བཞིན་དྲག་སྤྱོད་ལ་སློབ་སྦྱོང་བྱེད་བཞིན་པ་དང་། རྐུན་ཇག་ལ་སློབ་སྦྱོང་བྱེད་བཞིན་པ། ནག་ཚོང་ལ་སློབ་སྦྱོང་བྱེད་བཞིན་པ། མི་གསོད་ཁྲག་སྦྱོར་གྱི་ལས་ལ་སློབ་སྦྱོང་བྱེད་བཞིན་པའི་སློབ་གཉེར་བའི་གྲངས་ཀ་ལ་བསམ་བློ་བཏང་ན་དུས་རབས་ཉི་ཤུ་པ་ཡན་ཆད་ལས་མ་མང་ཡང་མི་ཉུང་བའི་ཚོད་དུ་ཡོད་ཀྱང་དེ་ཚོ་ལ་དུས་རབས་གཉེར་གཅིག་པའི་སློབ་གཉེར་བ་ཟེར་བའི་མིང་ཞིག་བཏགས་མེད་ལ་ཐོགས་ཀྱང་མེད། དེ་བཞིན་དུས་རབས་ཉེར་གཅིག་པའི་སློབ་གཉེར་བ་ཟེར་ནས་འབོད་མཁན་ཞིག་ཀྱང་ཡོད་ཨེ་སྲིད་སྙམ་མོ།།
ང་ཚོ་བོད་གངས་ཅན་པར་མཚོན་ན་ཡང་ད་ལྟའི་དུས་འདིར་སློབ་གཉེར་བ་ཡོད་པས་དེའི་ཁ་ཕྱོགས་ཀྱང་ཡོད་ངེས་ཅན་ཡིན་མོད། བསམ་བློ་ཞིབ་ཕྲ་བཏང་ན་དེ་ཙམ་གྱིས་དུས་རབས་ཉེར་གཅིག་པའི་སློབ་གཉེར་བ་དང་། དེའི་ཁ་ཕྱོགས་ཟེར་ནས་མཚོན་དགོས་ན་ཅུང་དཀའ་བར་སྣང་སྟེ། ང་ཚོའི་མཁས་རྒན་རྣམས་ཀྱིས་མགྲིན་བརྒྱ་དབྱངས་གཅིག་ཐོག་ཉེར་གཅིག་པའི་རྗེས་ཟིན་དགོས་པའི་བཀའ་སློབ་དང་ཞལ་གདམས་ཆར་པ་འབབ་འབབ་མ་ཡིན་ནམ། དེ་བཞིན་དུས་རབས་ཉེར་གཅིག་པ་བྱེད་དགོས་པའི་བཀའ་སློབ་དང་ཞལ་གདམས་འོད་ཟེར་འཕྲོ་འཕྲོ་མ་ཡིན་ནམ། གལ་སྲིད་ང་ཚོ་ལ་ཡོད་པའི་སློབ་གཉེར་བ་དེ་དག་ཉེར་གཅིག་པའི་སློབ་གཉེར་བ་ཤ་སྟག་དང་རྐྱང་རྐྱང་ཡིན་ན། བཀའ་སློབ་དེ་འདྲ་ཞིག་གནང་མི་སྲིད་པའི་ཚོད་དུ་འདུག་གོ།
འོ་ན་ཉེར་གཅིག་པའི་སློབ་གཉེར་བ་ཟེར་སའི་གདགས་གཞི་གང་འདྲ་ཞིག་ལ་ངོས་འཛིན་དགོས་སྙམ་ན། དཔེར་ན་ནང་པའི་ཆོས་གཞུང་རྣམས་སུ་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་ལམ་གྱི་རིམ་པ་དང་། སོ་སོའི་ལམ་ལྔའི་རིམ་པ་དང་། སྡོམ་པ་གསུམ་གྱི་རིམ་པ་འཆད་པའི་སྐབས་འདི་འདྲ་ཞིག་ཡོད་དེ། འོག་མ་འོག་མའི་ཡོན་ཏན་གྱི་ཆ་མི་འདོར་བར་གོང་མ་གོང་མར་ཡར་ལྡན་གྱི་ཚུལ་དུ་ཡོད་པར་བཤད་པ་ལྟར་དེ་བཞིན་ད་ལྟའི་སློབ་གཉེར་བ་རྣམས་ལ་ཡང་དུས་རབས་སྔ་མ་སྔ་མའི་ཡོན་ཏན་གྱི་ཆ་དཔེར་ན་བྱམས་སྙིང་རྗེ་དང་། འདོད་ཆུང་ཆོག་ཤེས། སེམས་གནས་ཐབས། རྒན་བཀུར་གཞོན་སྐྱོང་། ཡ་རབས་སྲོལ་བཟང་སོགས་སྔོན་གྱི་ཆོས་ལུགས་དང་རིག་གཞུང་ཁག་ལས་བསྡུ་ལེན་བྱས་ཏེ་དེ་དག་ཡར་ལྡན་གྱི་ཚུལ་དུ་ཡོད་དགོས་ལ། དེ་བཞིན་ནང་པའི་ལུགས་ཀྱི་གྲུབ་མཐའི་རྣམ་གཞག་འཆད་པའི་སྐབས་བྱེ་བྲག་སྨྲ་བའི་གྲུབ་མཐའི་འཛིན་མཚམས་ལ། ལུང་རིགས་དང་འགལ་བའི་སྐྱོན་ཡོད་པ་དེ་དག མདོ་སྡེ་པས་སུན་འབྱིན་བྱས་ཡོད་ལ། མདོ་སྡེ་པའི་གྲུབ་མཐའི་འཛིན་མཚམས་ལ། སེམས་ཙམ་པས། སེམས་ཙམ་པར། དབུ་མ་པས་སུན་འབྱིན་བྱས་ཏེ་གྲུབ་མཐའ་གོང་མ་གོང་མས་འོག་མ་འོག་མའི་སྐྱོན་གྱི་ཆ་གང་ཡོད་ལ་དགག་གཞག་དང་ཐེར་འདོན་མཛད་པ་ལྟར། དུས་རབས་སྔ་མ་སྔ་མའི་སྐབས་སུ་དར་བའི་རིགས་རུས་དབྱེ་འབྱེད་དང་། ཆོས་ལུགས་དབྱེ་འབྱེད། ཁ་དོག་དབྱེ་འབྱེད། ཕོ་མོ་དབྱེ་འབྱེད་སོགས་དབྱེ་འབྱེད་ཀྱི་རབས་13དང་། དེ་བཞིན་འཛམ་གླིང་དམག་ཆེན་དང་པོ་14དང་། གཉིས་པ།15 ཆོས་ལུགས་ནང་འཁྲུག་སོགས་དམག་འཁྲུག་གི་རབས། གཞན་ཡང་བྲན་གཡོག་ལམ་ལུགས16།བཀས་བཀོད་རྒྱུད་འཛིན། དམར་པོའི་སྲིད་ཇུས་སོགས་དབང་བསྒྱུར་བའི་རབས་ལྟ་བུས་མཚོན་པའི་སྐྱོན་གྱི་རིགས་དེ་དག་ལ་དུས་དང་སྐབས་ལ་ལྟོས་ནས་དགག་གཞག་བྱེད་པ་སྟེ་སྙིགས་དོར་བཅུད་ལེན་གྱི་ཚུལ་གྱིས་མདུན་སྐྱོད་བྱེད་མཁན་ཞིག་ཡིན་ལོས་དགོས་སྙམ་མོ།།
ཁྱད་པར་དུ་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཐོག་དེར་མཉམ་འབྲེལ་རྒྱལ་ཚོགས་དང་། ཡོ་རོབ་མཐུན་ཚོགས་སོགས་བཙུགས་ཏེ་འཇིག་རྟེན་འདིའི་དཀའ་རྙོག་གྲོས་མོལ་ལ་བཅོལ་ཡོད་ཅིང་། མང་གཙོ་དང་། རང་དབང་། ཞི་བདེ་སོགས་ཀྱི་ཆེད་དུ་ཕྱག་ལས་གནང་མཁན་དང་གཏམ་བཤད་སྤེལ་མཁན། རྩོམ་ཡིག་འབྲི་མཁན་རྣམ་པར་རྒྱལ་ཁབ་འདྲ་མིན་དང་། ཚོགས་སྡེ་འདྲ་མིན་ནས་དཔེར་ན་ནོར་ཝེ་ཞི་བདེའི་གཟེངས་རྟགས། ཨ་རིའི་གསེར་གྱི་རྟགས་མ། སོག་པོའི་པདྨ་དཀར་པོ་སོགས་གཟེངས་རྟགས་དང་། བསྔགས་བརྗོད་ཀྱིས་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། དེ་བཞིན་ཚན་རིག་དང་། ཁྲིམས་ལུགས། རང་དབང་། མང་གཙོ་སོགས་ཀྱི་ཤེས་བྱ་དང་། རྩ་འཛིན། ཐོབ་ཐང་། ཆབ་སྲིད་བཅས་ཀྱི་ལམ་ལུགས་ཁག་རྒྱ་ཁྱབ་ཏུ་སྤེལ་བཞིན་པ་སོགས་ནི་ཉེར་གཅིག་པའི་དུས་འདིར་དམིགས་བསལ་གྱིས་ཤུགས་གནོན་བྱེད་ས་དང་གལ་འགངས་ཆེས་ཆེ་བའི་གནས་ཤིག་ཆགས་བཞིན་ཡོད་ན་དེ་དག་ལ་སློབ་གཉེར་དང་། བགྲོ་གླེང་དང་། དཔེ་ཀློག་བཅས་ཀྱིས་རྒྱུས་མངའ་གཏིང་ཟབ་ཅན་གྱི་མི་ཞིག་བྱེད་དགོས་པ་ནི་བཤད་ཅི་ལ་དགོས་སོ།།
དེ་དག་གི་ཁ་ཕྱོགས་ལ་བསམ་བློ་ཅུང་ཟད་གཏོང་ཁུལ་བྱས་ན། དེ་ཡང་དུས་རབས་ཉི་ཤུ་པའི་དམིགས་ཡུལ་ལས་ལྷག་པའི་ཁ་ཕྱོགས་ཤིག་ད་ལྟའི་སློབ་གཉེར་བ་རྣམས་ལ་ཡོད་དགོས་པ་ལས་གལ་སྲིད་དེ་ལྟར་གང་ཡང་མེད་ན་དུས་རབས་ཉི་ཤུ་པ་དང་ཐུན་མོང་དུ་སོང་བ་ཡིན་པས་ཉེར་གཅིག་པའི་ཁ་ཕྱོགས་ཟེར་ནས་ཟུར་དུ་བརྒལ་ཐབས་མེད་དོ།།
དེ་བཞིན་དུ། མི་སུམ་ཅུར་བསམ་པ་སུམ་ཅུ། མཛོ་སུམ་ཅུར་རྭ་ཁ་དྲུག་ཅུ། ཞེས་པ་ལྟར་སློབ་གཉེར་བ་རེ་རེ་ནས་ཁ་ཕྱོགས་རེ་རེ་ཡོད་ངེས་ལ། ཁོར་ཡུག་དང་སྤྱི་ཚོགས་ཀྱི་གནས་བབ་ལ་ལྟོས་ནས་བསམ་བློ་གསར་པ་དང་། ཆོད་སེམས་གསར་པ། དམིགས་ཡུལ་གསར་པ། ཐབས་ལམ་གསར་པ་སོགས་ལོ་རབས་རེ་རེ་ནས་འགྱུར་ལྡོག་བྱུང་དང་འབྱུང་བཞིན་ཡོད་པས་སྔར་ལས་ལྷག་པའི་ཁ་ཕྱོགས་ཤིག་མེད་ཟེར་ན་ཡང་གཏན་ནས་མི་འགྲིག་པར་སེམས་སོ།།
གང་ལྟར་ཡང་། ཆོས་དང་། ཚན་རིག སྐད་ཡིག ཚོང་ལས། གསོ་དཔྱད་སོགས་བསླབ་གཞིའི་བརྗོད་བྱ་མི་འདྲ་བ་ཁག་ཤིན་ཏུ་མང་རུང་། གནས་སྐབས་ལ་བསམ་བློ་བཏང་ན། ཁྱད་ལས་པ་དང་། ཉམས་ཞིབ་པ། རབ་འབྱམས་པ། འབུམ་རམས་པ་བཅས་འཐོན་རྒྱུ་ནི་ད་ལྟའི་སློབ་གཉེར་བའི་ཁ་ཕྱོགས་ཤིག་ཡིན་ཟེར་ནས་གླེང་ཆོག་སྙམ། རྒྱུ་མཚན་ནི་ཁྱད་ལས་ཀྱི་བསླབ་གཞི་དང་། ཉམས་ཞིབ་པའི་བསླབ་གཞི། རབ་འབྱམས་པའི་བསླབ་གཞི། འབུམ་རམས་པའི་བསླབ་གཞི་བཅས་ཀྱི་རྒྱུགས་སྤྲོད་དང་། དཔྱད་འབྲས། ཆེད་དེབ་བཅས་ཀྱིས་སློབ་མཇུག་གི་རེ་བ་དང་། རྒྱལ་ཁ་དང་། གྲུབ་འབྲས་བཅས་ཁག་ཐེག་བྱེད་དགོས་པའི་ཕྱིར་ན་བརྒྱུད་རིམ་དེ་དག་གི་སྟེང་ནས་གནས་སྐབས་ཀྱི་ཁ་ཕྱོགས་གང་ཡིན་པ་གསལ་བཤད་བྱས་འདུག་སྙམ་མོ།།
མཐར་ཐུག་གི་ཁ་ཕྱོགས་ལ་བསམ་བློ་བཏང་ན། དེ་ཡང་ལྷག་བསམ་དང་། བློ་སྟོབས་དང་། ཁམས་དང་མོས་པ་སོགས་ཀྱི་ཁྱད་པར་ལས་དམིགས་ཡུལ་ལམ་ཁ་ཕྱོགས་ལ་རྒྱ་ཆེ་ཆུང་དང་། ཚད་རིང་ཐུང་། དཔངས་མཐོ་དམན། རྣམ་པ་བཟང་ངན། ལྗིད་ལྕི་ཡང་སོགས་གཏན་ཁེལ་མེད་པ་མཐའ་ཡས་པ་ཞིག་འབྱུང་ངེས་པའི་ཕྱིར་ན། འགའ་ཞིག་ནི་རྒྱལ་ཁབ་ཀྱི་ཆེད་དུ་དང་། འགའ་ཞིག་ནི་མི་རིགས་ཀྱི་ཆེད་དུ་དང་། འགའ་ཞིག་ནི་ཚོགས་པ་དང་སྒྲིག་འཛུགས་ཀྱི་ཆེད་དུ་དང་། འགའ་ཞིག་ནི་ཕ་མ་དང་སྤུན་ཟླའི་ཆེད་དུ་དང་། འགའ་ཞིག་ནི་རང་ཉིད་དང་ནང་མིའི་ཆེད་དུ་སྟེ་བག་མི་འཁུམ་པར། དཔའ་མི་ཞུམ་པར། སྒྱིད་མི་ལུག་པར། ཡ་མི་ང་བར་ཐབས་དང་། སྟོབས་དང་། རྩལ་དང་། ནུས་པ་དང་། དབང་ཤུགས་བཅས་ཀྱིས་ཆེན་པོའི་གོ་གནས་དང་། མཁས་པའི་མཚན་སྙན། ཁྲོམ་རའི་དཔལ་འབྱོར། གཞུང་གི་ཞབས་སྟེགས་སོགས་ཁྲིམས་དང་མི་འགལ་བར་འཚོལ་བའི་དམིགས་ཡུལ། རང་དབང་དང་མི་འགལ་བར་རྩོད་པའི་དམིགས་ཡུལ། མང་གཙོ་དང་མི་འགལ་བར་འགྲན་པའི་དམིགས་ཡུལ་སོགས་ཡོད་ངེས་ལ། འདི་ནི་ཉེར་གཅིག་པའི་ཡར་རྒྱས་དང་འབྲེལ་ཡོད་ཅིང་། འདི་ནི་ཉེར་གཅིག་པའི་མདུན་སྐྱོད་དང་འབྲེལ་དགོས་སོ།།
- ལོ་ངོ་དུང་ཕྱུར་བཅུ་ཡི་ཡར་སྔོན་ཙམ་ན་གོ་ལའི་ཕྱི་ངོས་ཕལ་མོ་ཆེ་རྒྱ་མཚོས་བཟུང་ཡོད་ལ། རྒྱ་མཚོའི་ནང་དུ་སྒལ་ཚིགས་མེད་པའི་ཆེས་གདོད་མའི་སྲོག་ཆགས་ཆུང་ངུ་ཞིག་བྱུང་བར་བཤད་ཡོད།
- ཕལ་ཆེར་ལོ་དུང་ཕྱུར་སུམ་ཅུ་སོ་བརྒྱད་ཀྱི་ཡར་སྔོན་ཙམ་ནས་སའི་གོ་ལའི་སྟེང་དུ་ཆུ་རྩྭ་སྔོན་པོ་སོགས་ཆེས་གདོད་མའི་སྐྱེ་དངོས་བྱུང་བར་བཤད།
- འདི་ནས་ཡར་འདེད་ཀྱིས་བརྩིས་པའི་ལོ་ས་ཡ་གཉིས་དང་འབུམ་ལྔ་ཙམ་ནས་ལོ་ས་ཡ་གཅིག་དང་འབུམ་དྲུག་ཙམ་གྱི་བར་དུ་བྱུང་བའི་མི།
- འདི་ནས་ལོ་ས་ཡ་བཞི་དང་འབུམ་ཕྲག་གཅིག་ཙམ་གྱི་སྔོན་རོལ་ན་མིའི་རིགས་ཀྱི་ཐོག་མའི་མེས་པོར་གྱུར་པའི་སྤྲ་རྣམས་བྱུང་།
- ལོ་ས་ཡ་གཉིས་ཀྱི་ཡར་སྔོན་ནས་རྡོ་ཆས་སམ་རྡོ་ཡི་ཡོ་བྱད་དར་འགོ་ཚུགས།
- གསར་རྙེད་བྱུང་བའི་འཛམ་གླིང་ཐོག་ཆེས་སྔ་ཤོས་ཀྱི་སྟ་རེ་སྟེ་ཨོ་སུ་ཁྲུ་རི་ཡའི་ནུབ་རྒྱུད་ནས་མེ་གྲུབ་བྲག་རྡོ་ནག་པོ་ལས་བཟོས་པ་ཞིག་ཡིན་ཅིང་། ད་བར་ལོ་ཁྲི་བཞི་ནས་དྲུག་བར་སོང་ཟིན།
- འདི་ནས་ལོ་འབུམ་ཕྲག་བཞིའི་སྔོན་ཙམ་དུ་བྱུང་བའི་འགྲེང་མི།
- ཕྱི་ལོའི་སྔོན་གྱི་ལོ་ ༨,༠༠༠ ནས་ཕྱི་ལོའི་སྔོན་གྱི་ལོ་ ༣,༥༠༠ བར་གྱི་མི་ལོ་ ༤,༥༠༠ ཙམ་གྱི་རིང་།
- ཕྱི་ལོའི་སྔོན་གྱི་ལོ་ ༣,༥༠༠ སྔོན་ཙམ་གྱི་དུས་ནས་ཕྱི་ལོའི་སྔོན་གྱི་དུས་རབས་དང་པོའི་ནང་བར་ལོ་ ༢༤༠༠ ཙམ་གྱི་རིང་།
- ཕྱི་ལོའི་སྔོན་གྱི་ལོ་ ༡,༧༠༠ ནས་ ༡,༥༠༠ གྱི་དུས་ན་དབྱངས་གསལ་ཡི་གེ་འདི་རྣམས་ཡོད་པར་མངོན།
- འདི་ནས་ལོ་འབུམ་ཕྲག་གསུམ་ནས་ཁྲི་ཕྲག་གསུམ་བར་གྱི་སྔོན་དུ་བྱུང་བའི་མི།
- འདི་ནས་ཡར་འདེད་ཀྱིས་རྩིས་པའི་ལོ་ཁྲི་ཕྲག་བཅོ་ལྔ་མན་ཆོད་དུ་བྱུང་བའི་མི།
- དབྱེ་འབྱེད་ཀྱི་སྐོར་ཚོ་ཆེན་པོ་དེ་དག་ནི་སྤྱི་ཚོགས་རྙིང་པོར་འཛམ་གླིང་ཤར་ནུབ་གང་སར་དར་མྱོང་།
- སྤྱི་ལོ་ ༡༩༡༤ ནས་ལོ་ངོ་ལྔ་ཡི་བར།
- སྤྱི་ལོ་ ༡༩༣༣ ནས་ལོ་ངོ་བཅུ་གཉིས་ཙམ་གྱི་རིང་།
- ཨ་རིའི་ཕྱོགས་སུ་དུས་རབས་བཅུ་དྲུག་དང་། བཅུ་དགུའི་བར་དུ་དར་ཁྱབ་ཆེ་བར་བཤད།