ནང་ཚན་གཉིས་ཀྱི་བྱུང་འཕེལ་ལ་བརྟག་པ།

ལོ་རིམ་བརྒྱད་པའི་སློབ་གཉེར་བ། ཚེ་དགའ་དབང་རྒྱལ།

དུས་རབས་ཉེར་གཅིག་གི་མགོ་སྟོད་དེར་ནང་གི་བསམ་པའི་དཔལ་ཡོན་དང་ཕྱི་རོལ་སྤྱི་ཚོགས་ཀྱི་དཔལ་ཡོན་གཉིས་དབྱར་ཟླ་བཞིན་ཡར་རྒྱས་ཀྱིས་འཛུགས་སྐྲུན་གོང་འཕེལ་འགྲོ་བཞིན་པའི་དུས་སྐབས་དེར་གུས་པས་ནང་ཚན་གཉིས་ཀྱི་བྱུང་འཕེལ་ལ་བརྟེན་ནས་མི་རྣམས་ཀྱི་ལུས་སེམས་ལ་ཞི་བདེ་ཇི་ལྟར་བསྐྲུན་པའི་སྐོར་ལ་མདོ་ཙམ་དཔྱད་པར་འདོད།

ཐོག་མར་ནང་ཆོས་ཀྱི་བྱུང་འཕེལ་མདོ་ཙམ་བརྗོད་པ་ནི།

འདས་ཟིན་པའི་མི་ལོ་ཉིས་སྟོང་ལྔ་བརྒྱའི་སྔོན་རོལ་དུ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོའི་བདག་ཉིད་དུ་གྱུར་པའི་སྟོན་པ་རྣམ་འདྲེན་བཞི་པ་དེ་ཉིད་ཀྱིས་ཤེས་རབ་མི་མཐུན་པའི་གདུལ་བྱའི་དབང་པོ་རབ་འབྲིང་མཐའ་གསུམ་ལ་རང་རང་གི་མོས་པ་དང་མཐུན་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་ཏེ་སྙིང་པོ་བསྡུས་ན་བརྗོད་བྱ་བསླབ་པ་གསུམ་དང་། རྗོད་བྱེད་སྡེ་སྣོད་གསུམ་གྱི་སྒོ་ནས་དུག་གསུམ་སྨག་རུམ་གྱི་འཇིག་རྟེན་ཡོངས་སུ་སེལ་ཏེ་དམ་པའི་ཆོས་ཀྱི་རྔ་ཆེན་སྲིད་པའི་རྒྱ་ལམ་དུ་བརྡུངས་ནས། ཉོན་མོངས་གཞན་དབང་གི་ལྕགས་སྒྲོག་ལས་གྲོལ་བའི་རྣམ་དཀར་གྱི་ལམ་མཆོག་འདི་ནས་དར་འགོ་ཚུགས་པའོ།།

ནང་ཆོས་ཀྱི་བསྟན་བྱ་ནི། ནང་གི་སེམས་དོན་རིག་པའི་སྐོར་རྩལ་དུ་བཏོན་ནས་གཏན་ལ་ཕབ་པ་ཡིན་ཏེ། སེམས་ཀྱི་གནས་ལུགས་དང་། སེམས་ཀྱི་རང་བཞིན། སེམས་ཀྱི་འོད་གསལ་སོགས་ལ་རྟོག་དཔྱོད་ཞིབ་མོ་བྱས་ནས་འཇོག་མཚམས་མཛད་ཀྱི་ཡོད། ནང་ཆོས་ཀྱི་ལྟ་གྲུབ་ངོས་ནས་བཤད་ན། ཕྱི་དོན་གྱི་དངོས་པོ་ཡོད་དོ་ཅོག་རང་གི་སེམས་ཀྱི་སྤྲོས་པ་ཕྱི་རོལ་དུ་སྣང་བ་ལས་ཡུལ་རང་ངོས་ནས་ཚུར་གྲུབ་པའི་ཕྱི་དོན་ཞིག་ཁས་མི་ལེན་པ་ནི་ནང་ཆོས་ནས་གཏན་ལ་ཕབ་པའི་གཞིའི་གནས་ལུགས་དངོས་པོ་གྲུབ་ཚུལ་གྱི་གཏན་ཚིགས་ཤིག་ཡིན།

དེ་ཡང་སློབ་དཔོན་ཟླ་བ་གྲགས་པའི་ཞལ་ནས། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་། །སྣོད་ཀྱི་འཇིག་རྟེན་ཤིན་ཏུ་དཔག་ཡས་འགོད། །འགྲོ་བ་མ་ལུས་ལས་ལས་སྐྱེས་པར་གསུངས། །སེམས་སྤངས་ནས་ནི་ལས་ཀྱང་ཡོད་མ་ཡིན། །ཞེས་དང་། ཡང་ཐེག་པ་ཆུང་ངུའི་གཞུང་ལས་ཀྱང་། མ་དག་པའི་སྣོད་བཅུད་ཐམས་ཅད་རང་སེམས་ལས་བྱུང་བར་བཤད་ཅིང་། དེ་ཡང་སློབ་དཔོན་དབྱིག་གཉེན་གྱི་ཞལ་ནས། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །དེ་ནི་སེམས་པ་དང་དེས་བྱས། །སེམས་པ་ཡིད་ཀྱི་ལས་ཡིན་ནོ། །ཞེས་གསུངས་པ་ལྟར་ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་མ་དག་པའི་སེམས་ལས་གྲུབ་པར་བསྟན་པའོ། །དེ་ནི་དུས་ནམ་ཞིག་གི་ཚེ་བག་ཆགས་ངན་པའི་གཞན་དབང་དུ་བཅིངས་པའི་སེམས་དང་སེམས་བྱུང་གི་རྒྱུ་བ་འགགས་ནས་སོ་སོར་རང་རིག་པའི་ཡེ་ཤེས་མངོན་དུ་གྱུར་པ་དུས་དེའི་ཚེ། རང་ལ་སྣང་བའི་མ་དག་པའི་ཕྱི་དོན་འདི་དག་ཀྱང་རིམ་བཞིན་འགགས་འགྲོ་བར་སེམས། མ་རིག་པའི་སེམས་ཀྱི་བདག་འཛིན་དང་། དངོས་པོའི་མཚན་འཛིན་དེ་གཉིས་ཀྱི་ཉེར་ལེན་ལ་བརྟེན་ནས་འཁོར་བའི་རྒྱུ་གྲུབ་པར་འདོད་དེ།

གལ་ཏེ་འཁོར་བ་ལས་ངེས་པར་ཐར་དགོས་པར་སེམས་ན་གོང་དུ་སྨྲོས་པའི་ཞེན་འཛིན་གཉིས་པོའི་མདུད་ནག་ལས་དང་པོ་གྲོལ་དགོས་པ་ནི། ནང་གཞུང་ནས་གཏན་ཚིགས་རིགས་པའི་རྣམ་གྲངས་དུ་མ་ལ་བརྟེན་ནས་གཞི་དངོས་པོའི་གནས་ཚུལ་ལ་གཟུང་བ་ཡུལ་དང་འཛིན་པ་སེམས་གང་ཡང་རང་ངོས་ནས་མ་གྲུབ་པ་རྒྱ་ཆེར་གཏན་ལ་ཕབ་ཡོད། ཡིན་ནའང་ང་ཚོ་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་བག་ཆགས་ངན་པའི་གཞན་དབང་དུ་ཤོར་ནས། དེ་ལ་ཡོད་མེད་ཀྱི་མཐའ་ལ་འཛིན་པ། ཡིན་མིན་གྱི་གནས་ལ་ཞེན་པ། ཀུན་རྟོག་གི་མཐུ་ཆེ་ནས། སྟོང་ལ་སྣང་བར་འཛིན་པ། སྣང་ལ་བདེན་ཞེན་སྐྱེས་པ། བདེན་ཞེན་གྱི་འཁྲུལ་སྣང་ལས་སྲིད་པ་འཕེན་བྱེད་ཀྱི་ལས་ཡང་ནས་ཡང་དུ་བསགས་པའི་ཉེས་ཚོགས་དེ་དག་ཐམས་ཅད་རང་ངོ་མ་ཤེས་སེམས་ཀྱི་འཁྲུལ་སྣང་འབའ་ཞིག་ལ་བརྟེན་ནས་བྱུང་བ་སྟེ། སྟོན་པས་ཀྱང་དེ་ལ་དགོངས་ནས། སེམས་དང་སེམས་བྱུང་གི་རྣམ་གཞག་དང་། རྣམ་ཤེས་དང་ཡེ་ཤེས་བར་གྱི་རྣམ་གཞག་རྒྱས་པ་གསུངས་པར་འདོད། སྲིད་པའི་ལས་རྣམས་སེམས་ངོ་མ་འཕྲོད་པ་དེ་ལ་བརྟེན་ནས་བསགས་པ་ཞིག་དང་། གཏན་གྱི་བདེ་བ་དེ་ཡང་སེམས་ངོ་འཕྲོད་པ་དེ་ལ་བརྟེན་ནས་ཐོབ་པ་ཞིག་སྟེ། གང་ལྟར་འཁོར་འདས་གཉིས་ཀྱི་འབྱུང་གཞི་སེམས་ཡིན་པ་དང་། བདེ་སྡུག་གཉིས་ཀྱི་འབྱུང་རྩ་ཡང་སེམས་ལ་ཐུག་ཡོད། རྒྱུ་འབྲས་རྟེན་འབྱུང་གི་ངོས་ནས་བཤད་ན། བདེ་སྡུག་དང་། བཟང་ངན། ཡག་བཙོག དགའ་སྐྱོ། ཆགས་སྡང་བཅས་ལས་དང་པོ་སྒྲུབ་འདོད་དང་། གཉིས་པ་འབྲལ་འདོད་ཀྱི་བསམ་པའི་སྟོབས་ཀྱིས་སྲིད་པ་འཕེན་བྱེད་ཀྱི་ལས་བསམ་གྱིས་མི་ཁྱབ་པ་སྒྲུབ་ཀྱི་ཡོད། སྟོན་པའི་ལས་འདི་དག་སྲིད་པའི་ཡན་ལག་བཅུ་གཉིས་ཀྱི་ནང་གསེས་སུ་གཏོགས་པའི་རྒྱུ་མ་རིག་པ་དེའི་ཆོ་འཕྲུལ་ལས་ཤར་བ་རྟོགས་ནས། ནང་གཞུང་ནས་སེམས་ཀྱི་རྣམ་གཞག་རྒྱ་ཆེར་བསྟན་དགོས་པའང་དེ་ལ་དགོངས་པར་སྙམ། དགའ་སྡུག་གི་ཚོར་བ་ནི་སེམས་ཀྱི་སྟེང་དུ་མྱོང་དགོས་པ་ཡིན་ཏེ། དེ་གཉིས་ཀྱི་ཡོང་ས་ཡང་སེམས་ཁོ་ན་ཡིན་པར་ཤེས་ན། སྔུག་བསྔལ་གྱི་རྒྱུ་དུག་གསུམ་ལ་གདོང་ལེན་གང་འདྲ་བྱེད་མིན་དང་། གཉེན་པོ་ཇི་ལྟར་བརྟེན་མིན། དེ་ལ་འཐབ་རྩོད་གང་འདྲ་དགོས་མིན། དེ་ལ་མགོ་གནོན་ཇི་འདྲ་དགོས་པ་སོགས་གསལ་པོར་ཤེས་ངེས། ཡིན་ནའང་ང་ཚོ་ཚེ་རབས་ཐོག་མ་མེད་པ་ཞིག་ནས། སྲིད་པའི་ཟློས་གར་དེ་ལ་ཡང་སྐོར་བསྐྱར་སྐོར་བྱས་ནས་འཁྱམས་བཞིན་པའི་ཕྱིར་ན་དེ་ལ་འདྲེས་པའི་བག་ཆགས་ངན་པ་ཐམས་ཅད་འགྱུར་སླ་བ་དང་། ཟློག་མྱུར་བ། ཐར་དཀའ་བ་ཡིན་ཏེ། དེ་ལ་ཞི་བ་ལྷས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་གསུངས་པ་དེ་ལས་མ་འདས་སོ།།

ཡིན་ནའང་སྟོན་པའི་རྗེས་འབྲངས་པ་ཞིག་གིས་ཤེས་དགོས་པ་དང་། བསམ་དགོས་པ་ཞིག་ནི། ཉི་མ་སྤྲིན་པའི་འོག་ནས་འཚེར་རྒྱུ་ཡོད་པ་ཞིག་དང་། ཟླ་གཞོན་མུན་པའི་མཐིལ་ནས་གསལ་རྒྱུ་ཡོད་པ། སྐྱ་རེངས་ཐོ་རངས་མཚམས་སུ་ཤར་རྒྱུ་ཡོད་པ་བཞིན། སེམས་རྒྱུད་འདིའི་སྟེང་དུ་གཏན་བདེའི་ཡོན་ཏན་ཡོད་པ་ཤེས་དགོས་ལ། རང་སེམས་གློ་བུར་བའི་དྲི་མའི་སྦུབས་ལ་རང་བཞིན་རྣམ་དག་གི་སངས་རྒྱས་ཡོད་པ་ཚོར་དགོས། དེ་ནི་ང་ཚོས་རང་ངོ་ཤེས་པའི་ཐབས་ལམ་དང་པོ་ཡིན་ལ། སྣང་སྲིད་འཁོར་བའི་ཆོས་ཉིད་མཐོང་བྱེད་ཀྱི་ཤེལ་སྒོ་ལྟ་བུ་ཡིན།

ཕྱི་དོན་དངོས་ཁམས་རིག་པ་བྱུང་འཕེལ་ལ་བརྟེན་ནས་ལུས་སེམས་ལ་ཞི་བདེ་ཇི་ལྟར་ཡོང་བར་བརྟག་པ།

སྤྱིར་འགྲོ་བ་ཐུན་མོང་གི་འཇིག་རྟེན་ཆགས་པ་ནས་བཟུང་། རང་རང་གི་ཀླད་པའི་རྣམ་དཔྱོད་ཀྱི་སྤུ་རིས་མི་འདྲ་བ་དང་། བསམ་བློ་ཡི་ནུས་པ་མི་མཉམ་པ། འཚོ་སྡོད་ཀྱི་ལོངས་སྤྱོད་མི་གཅིག་པ་ལ་བརྟེན་ནས་རང་དང་མཉམ་པའི་རིགས་མཐུན་དུ་གྱུར་པ་རྣམས་ཀྱི་དངོས་པོ་ཇི་སྙེད་ཅིག་གསར་དུ་བསྐྲུན་ཡོད་པ་ནི་སྤྱི་ཚོགས་དཔལ་ཡོན་གྱི་འགྱུར་བའི་འོག་ནས་གསལ་པོར་རྟོགས་ངེས། སྤྱི་ཚོགས་ཀྱི་རྣམ་པ་ཡར་རྒྱས་ནི་ཚན་རིག་གི་ངལ་རྩོལ་ལ་བརྟེན་ནས་བྱུང་བ་ཡིན་ཏེ། ཚན་རིག་གི་ལྟོས་གྲུབ་ནི་གཞི་རྩའི་ཆ་ནས་དཔལ་འབྱོར་རིག་པའི་ཚན་ཁག་ཏུ་གཏོགས་པའི་སྡེ་ཚན་ཞིག་ཡིན། སྤྱིར་ཚན་རིག་ལ་དབྱེ་ན་སེམས་ཁམས་རིག་པ་དང་། སྐྱེ་དངོས་རིག་པ། རྫས་འགྱུར་རིག་པ། བཟོ་ལས་རིག་པ་སོགས་རྣམ་གྲངས་དུ་མའི་སྒོ་ནས་ཕྱེས་ཡོད་པ་དང་། སེམས་ཁམས་རིག་པ་དེ་སྐྱེད་དངོས་རིག་པ་ལ་ཁུངས་གཏུགས་པ་དང་། སྐྱེ་དངོས་རིག་པ་དེ་རྫས་འགྱུར་རིག་པ་ལ་ཁུངས་གཏུགས་པ། རྫས་འགྱུར་རིག་པ་དེ་དངོས་ཁམས་རིག་པ་ལ་ཁུངས་གཏུགས་ཡིན་པའི་ཉེ་བའི་དུས་རབས་ནང་ལ་ལྟ་སྟངས་ཤིག་བཟུང་ཡོད།

སེམས་ཁམས་རིག་པ་ཞེས་པ་ནི།

སེམས་ཁམས་རིག་པ་ཞེས་པའི་ཐ་སྙད་འདི་ནི་ཞི་ལིའི་ཡི་ xvxo དང་ aoyla ཞེས་པའི་མིང་གཉིས་འདུས་པ་ལས་བྱུང་ཞིང་སྔ་མ་ནི་རྣམ་ཤེས་དང་ཕྱི་མ་ནི་རིག་པ་ཞེས་པ་སྟེ་ཐོག་མའི་གོ་དོན་ནི་རྣམ་ཤེས་རིག་པ་ཞེས་པ་དང་། སེམས་ཁམས་རིག་པ་ཞེས་པའི་མིང་བརྡ་དངོས་ནི་དུས་རབས་བཅུ་དྲུག་གི་མཇུག་ཏུ་གཞི་ནས་གསར་དུ་བྱུང་བ་ཞིག་རེད། འཇར་མན་གྱི་མཚན་ཉིད་རིག་པ་བ་ཀེ་ཕེ་ཨེར R.gockei གྱིས་ ༡༥༩༠ ལོར་ཐེངས་དང་པོ་སེམས་ཁམས་རིག་པ་ཞེས་པའི་མིང་འདི་བཀོལ་ནས་དཔྱད་རྩོམ་སྤེལ་བ་ནས་བཟུང་ཐ་སྙད་འདི་རིག་གཞུང་ལས་རིག་གླིང་དུ་ཁྱབ་ཅིང་ཐུན་མོང་ཐོག་ཁས་ལེན་པ་བྱུང་ཡོད། དེ་ཡང་ཞིབ་འཇུག་པ་ཁ་ཅིག་གིས་མིའི་ལུས་སེམས་གཉིས་རང་བྱུང་གི་སྣང་ཚུལ་ཞིག་ཡིན་པ་དེའི་སྟེང་ནས་སེམས་ཁམས་རིག་པ་རང་བྱུང་ཚན་རིག་གི་གྲས་སུ་འཇོག་པ་དང་། ཡང་ཞིབ་འཇུག་པ་ཁ་ཅིག་གིས་མིའི་འདུ་ཤེས་ཀྱི་བྱེད་ནུས་དེ་སྤྱི་ཚོགས་འབྲེལ་འདྲིས་ཀྱི་བརྒྱུད་རིམ་ཁྲོད་རིམ་བཞིན་གྲུབ་པ་ཞིག་ཡིན་པའི་ཆ་ནས་སེམས་ཁམས་རིག་པ་དེ་སྤྱི་ཚོགས་ཚན་རིག་ཅིག་ཡིན་པའི་ལྟ་ཚུལ་སྤེལ་མཁན་ཡང་ཡོད། གང་ལྟར་གུས་པའི་ལྟ་ཚུལ་ཞིག་བརྗོད་ན། ཀླད་པའི་དབང་རྩ་བཅུ་དྲུག་དེ་སེམས་ཁམས་དང་བྱེད་ལས་འདྲ་བའི་ཆ་ནས་སེམས་དོན་རིག་པ་ཞེས་བརྗོད་ན་ཆོག་ལ་ཡང་བསམ་བློ་ཡི་རྟོག་རིག་ལ་བརྟེན་ནས་ཕྱི་དོན་ལ་རྟོག་དཔྱོད་བྱེད་པའི་འདུ་ཤེས་ཀྱི་ཚོར་བ་ཞིག་ལ་བཞག་ནའང་འགྲིག ཀླད་པའི་ཆགས་དབྱིབས་ཀྱི་ནུས་པ་ནི་རྣམ་ཤེས་ཀྱི་བྱེད་ལས་དང་འདྲ་སྟེ། ཀླད་པའི་ཆགས་དབྱིབས་ནི། ཀླད་སྙིང་། ཀླད་ཆུང་། བར་ཀླད། ཀླད་ཆེན་རྣམས་ལས་གྲུབ་པ་ཡིན།

༡༽ ཀླད་སྙིང་ནི། བར་ཀླད་ཀྱི་འོག་དང་སྒལ་ཚིགས་རྒྱུངས་པའི་རྩེར་འབྲེལ་བའི་ཚུལ་གྱིས་གནས་ལ། འཕེལ་འགྱུར་སྨྲ་བའི་གཞུང་ལུགས་ཀྱི་དབང་དུ་བྱས་ན་ལོ་རྒྱུས་རིང་ཤོས་ལྡན་ལ། དེས་ནི་མི་རྣམས་ཀྱི་གཉིད་དང་། དབུགས་འབྱིན་རྔུབས་བཅས་ལ་དབང་བྱེད། ༢༽ ཀླད་ཆུང་ནི། ཀླད་སྙིང་གི་རྒྱབ་ཕྱོགས་ན་ཀླད་ཟམ་དང་འབྲེལ་བའི་ཚུལ་གྱིས་ཡོད་ཅིང་། དེས་ནི་ཀླད་ཆེན་ཀླད་སྙིང་རྒྱུངས་པ་རྣམས་དང་འབྲེལ་བ་ཡོད་པའི་འགུལ་སྐྱོད་བརྡ་འཕྲིན་དག་གནས་སོ་སོར་སྐྱེལ་ཞིང་། རྟོག་མེད་ཀྱི་ཤེས་པ་ལའང་སྟངས་འཛིན་བྱེད། ༣༽ བར་ཀླད་ནི། ཀླད་སྙིང་དང་ཀླད་ཆེན་གཉིས་ཀྱི་བར་ན་གནས་ཤིང་། འདིའི་རྒྱབ་ཟུར་ལས་གྱེས་པའི་ཀླད་འཇོང་གོང་མ་ཞེས་མཐོང་ཚོར་ལྡོག་འཕྲོའི་ལྟེ་གནས་སུ་གྲགས་པ་གཉིས་སུ་ཡོད། ༤༽ ཀླད་ཆེན་ནི། ཀླད་མཐིལ་སྦྲེལ་ཕུང་ལ་བརྟེན་ནས་གཡས་གཡོན་གཅིག་ཏུ་འབྲེལ་བ་ལས་གྲུབ་ཅིང་། ཀླད་ཆེན་གཡས་གཡོན་གཉིས་ཀྱི་བར་གཞུང་སྲུབས་ཀྱིས་ཆོད་ཅིང་། ཀླད་ཆུང་དང་ཀླད་ཆེན་གཡས་གཡོན་གཉིས་ཀྱི་བར་འཕྲེད་སྲུབས་ཀྱིས་ཆོད་ནས་ཡོད་དོ།།

རྣམ་ཤེས་ལ་ཀླད་པའི་དབང་རྩ་ཐམས་ཅད་ལས་ཁྱད་དུ་འཕགས་པའི་ནུས་པ་ཞིག་ཡོད་པ་ནི། རྣམ་ཤེས་ཀྱིས་སྔོན་ལས་རྗེས་དྲན་དང་། སྐྱེ་བ་སྔ་ཕྱི་ལ་དབང་བྱེད་ཐུབ་པའི་རང་བཞིན་གྱི་ནུས་པ་ཞིག་ཡོད་པ་དང་། ཀླད་གཟུགས་རགས་པ་ཡིས་དེ་གཉིས་ལ་དབང་བྱེད་མི་ནུས་པ་དེ་ཡིན། རྣམ་ཤེས་ནི། ནང་ཆོས་ནས་བཤད་པ་ལྟར་ན། གསལ་ཞིང་རིག་པ་ཞིག་ལ་རྣམ་ཤེས་ཟེར་ཏེ། གསལ་བ་ནི་ངོ་བོ་དང་། རིག་པ་ནི། བྱེད་ལས་ཡིན། ཚན་རིག་གི་རྣམ་ཤེས་ལ་འགྲེལ་བཤད་རྒྱག་སྟངས་ནི། ཐུན་མོང་གི་འཐད་ཕྱོགས་དང་། ཚང་མ་ཡིས་ཕྱོགས་བསྡོམས་ཡང་དག་ཞིག་ད་ལྟའི་བར་དུ་རྒྱག་ཐུབ་མེད།

འོན་ཀྱང་མཁས་དབང་རེ་གཉིས་ཀྱི་བཤད་ཚུལ་ནི། གཟུགས་མེད་དངོས་པོའི་ནུས་ཤུགས་ཤིག་གིས་གཟུགས་ལྡན་དངོས་པོའི་རང་བཞིན་ལ་ཚོར་རྟོག་གིས་མྱོང་བའི་འདུ་ཤེས་ཀྱི་འཚོལ་སྙེག་ཅིག་ལ་ཟེར། ཀླད་པ་དང་སེམས་ཁམས་གཉིས་ངོ་བོ་གཅིག་མིན་ལ་འགལ་བ་ཡང་མ་ཡིན། དེ་གཉིས་ཀྱི་འབྲེལ་བ་ནི་ལུས་སེམས་ཀྱི་འབྲེལ་བ་དང་འདྲ་ལ་རྒྱུ་འབྲས་ཀྱི་འབྲེལ་བ་དང་ཡང་མཚུངས།

སྐྱེ་དངོས་རིག་པ་ནི། རང་བྱུང་ཁོར་ཡུག་གི་རྣམ་པས་འགྱུར་བའི་ཆ་ནས་བཞག་པའི་སྒྱུ་རྩལ་ཞིག་ཡིན་ལ་དེ་ལ་སྐྱེ་དངོས་ཀྱི་འབྱུང་རྩ། འདུ་ཤེས་ཀྱི་འབྱུང་རྩ། འཇིག་རྟེན་གྱི་འབྱུང་རྩ། ཚེ་སྲོག་གི་འབྱུང་རྩ། འབྱུང་བཞི་ཡི་འབྱུང་རྩ། དེ་རྣམས་ལ་རྟོག་ཞིབ་གཙོ་ཆེར་བྱེད་པའི་ཆ་ནས་བཞག་པའི་རིག་པ་ཞིག་ཡིན། སྐྱེ་དངོས་ཚན་རིག་ནི་ཚན་རིག་གི་མ་ལག་གལ་གནད་ཆེ་ཤོས་ཤིག་ཡིན་པ་དང་། ཁྱབ་ཁོངས་འདིར་རྩི་ཤིང་དང་། སྲོག་ཆགས་གཉིས་ཀ་ཚུད་ཡོད། ལུས་སེམས་གཉིས་ཀྱི་གསོ་རིག་གི་ཁྱབ་ཁོངས་སུ་སྐྱེ་དངོས་ཚན་རིག་ནི་ཁ་འབྲལ་ཐབས་མེད། སྐྱེ་དངོས་ཚན་རིག་ལ་སྡེ་ཚན་གྱི་སྒོ་ནས་དབྱེ་ན་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཡོད་པ་མ་ཟད། ཚན་རིག་གི་ཁྱབ་ཁོངས་གཞན་དང་འདྲ་བར། སྐྱེ་དངོས་ཚན་རིག་གི་ཁྱབ་ཁོངས་ཀྱང་ཇེ་རྒྱས་ཇེ་ཞིབ་ཏུ་འགྲོ་བཞིན་ཡོད།

རྫས་འགྱུར་རིག་པ་ནི།

རྫས་འགྱུར་རིག་པ་ནི་དངོས་པོའི་གྲུབ་ཆ་དང་དེ་དག་གི་བྱེད་ལས་ལ་ཞིབ་འཇུག་བྱེད་པའི་རང་བྱུང་ཚན་རིག་སྡེ་ཚན་ཞིག་ཡིན། ང་ཚོ་རང་ཉིད་གཏོགས་པའི་འཇིག་རྟེན་གྱི་སྟོང་ཁམས་ཆེན་པོ་འདིར། ཕྲ་རྡུལ་མང་པོ་ལྷན་ཅིག་ཏུ་འཚོགས་ནས་བྱུང་བ་ཡིན་ལ། རྫས་འགྱུར་རིག་པའི་གྲུབ་ཆ་དང་། འདི་དག་གི་ཁྱད་ཆོས། ཕན་ཚུན་འབྲེལ་མཐུད། སྦྱོར་གྲུབ། འགྱུར་འགྲོས་ཇི་ལྟར་བྱེད་མིན་དང་། རང་བྱུང་གི་ཆོས་ཉིད་འདི་ཉིད་བཀོལ་ནས་ནུས་པ་ཇི་ལྟར་བསྐྱེད་མིན་དང་། རྫས་རིགས་གསར་པ་ཇི་ལྟར་ཐོན་བསྐྱེད་བྱེད་མིན་ལ་ཞིབ་འཇུག་བྱེད་ཀྱིན་ཡོད།

རྫས་འགྱུར་བཟོ་ལས་རིག་པ་ནི།

 1རྫས་འགྱུར་བཟོ་ལས་རིག་པ་ནི་བཟོ་ལས་རིག་པའི་ནང་གསེས་ཀྱི་རིག་གཞུང་ཞིག་སྟེ། རྫས་འགྱུར་བཟོ་ལས་ཀྱི་སྒྲིག་ཆས་དང་འཕྲུལ་ཆས། ཐོན་སྐྱེད་སྒྲིག་ཆས་ཇུས་འགོད། འཛུགས་སྐྲུན་དང་། ཁ་ལོ་བྱེད་པའི་ལག་རྩལ་དང་དེ་དག་གི་རྨང་གཞི་བྱེད་པའི་མ་ལག་གི་རིག་གནས་ཤིག་ཡིན།

འདིའི་ནང་དོན་ནི་དེ་འདྲའི་སྤྱི་བསྡོམས་བྱ་རྒྱུ་ལས་སླ་མོ་ཞིག་མེད་མོད། གཙོ་ཆེན་གྱི་མ་ལག་རྣམས་འོག་ཏུ་ཕྱོགས་བསྡོམས་སུ་བཀོད་ན། ༡༽ དངོས་གཟུགས་སྐྱེལ་འདྲེན་དང་ཚད་འཇལ་གྱི་རིག་པ། ༢༽ འཕྲུལ་ཆས་བཀོལ་སྤྱོད་ཀྱི་རིག་པ། ༣༽ རྫས་འགྱུར་ནུས་ཤུགས་བཀོལ་སྤྱོད་རིག་པ། ༤༽ དངོས་གཟུགས་ལ་སྤྱད་པའི་དབྱེ་འབྱེད་བྱེད་ཐབས། ༥༽ རྫས་འགྱུར་འཕྲུལ་ཆས་ཀྱི་རྒྱུ་ཆ་གདམ་གསེས། ༦༽ རྫས་འགྱུར་འབྱུང་རྒྱུ་གོ་རིམ་ཇུས་འགོད་དང་ཐོན་སྐྱེལ་སྒྲིག་ཆས་ཇུས་འགོད། ༧༽ དཔལ་འབྱོར་འཛུགས་སྐྲུན་གྱི་ཇུས་འགོད། གོང་གསལ་ཕྱོགས་བསྡོམས་དེ་དག་རྫས་འགྱུར་བཟོ་ལས་ཚན་ཁག་གི་མ་ལག་གཙོ་བོ་རྣམས་ཡིན།

དངོས་ཁམས་རིག་པ་ནི།

2དངོས་ཁམས་རིག་པ་ལ་མིང་གཞན་དུ་དངོས་ལུགས་རིག་པ་དང་དངོས་གཙོ་རིག་པ་ཞེས་ཀྱང་ཟེར། དེ་ལ་དབྱིན་སྐད་ཐོག་ནས། physics འབོད། དངོས་ཁམས་རིག་པ་ནི་རང་བྱུང་ཚན་རིག་གི་རིག་ཚན་གཙོ་ཆེ་ཤོས་ཤིག་ཡིན། ཆེ་བ་སྟོང་ཁམས་ཀྱི་འཇིག་རྟེན་ཆེན་པོ་ནས་ཕྲ་བ་གཞི་རྩའི་རྡུལ་ཕྲན་བར་གྱི་དངོས་པོ་མཐའ་དག་གི་ཆེས་རྩ་བའི་འགུལ་སྐྱོད་ཀྱི་རྣམ་པ་དང་། སྐྱེ་འགག་གི་འབྱུང་རྐྱེན། འགྱུར་བ་ཡི་ཆོས་ཉིད་ལ་ཞིབ་འཇུག་གི་རྨང་གཞི་བྱས་ནས་རྩོད་སྒྲུབ་ཀྱི་ལམ་ནས་རང་གི་རིག་པའི་འཐད་ཕྱོགས་གཙོ་བོར་འཛིན་གྱི་ཡོད། དེའི་གཞུང་ལུགས་ནང་ལ་གྲངས་རིག་གི་ལག་ཆ་མང་པོ་བཀོལ་ནས་བྱ་བའི་སྐད་བརྡ་བྱས་ཡོད། གཞི་རྩའི་ཆ་ནས་རྒྱུ་མཚན་དང་མངོན་སུམ་རིག་པ་གལ་ཆེན་དུ་འཛིན་པ་ནི་ཚན་རིག་དང་ནང་ཆོས་གཅིག་པ་ཡིན་མོད། རིགས་པའི་ལམ་ནས་མཐོང་བའི་གྲུབ་དོན་གྱི་ཕྱོགས་བསྡོམས་དེ་ཙམ་དུ་གཅིག་པར་མི་སྣང་། ཚན་རིག་གི་ཁྱབ་ཁོངས་སུ་མ་ཚུད་པའི་འཚོ་གནས་ཀྱི་ཆ་དང་ཤེས་ཡོན་གང་མང་ཡོད། ཡིན་ཡང་། མི་མི་ཉུང་བ་ཞིག་གིས་ཚན་རིག་གི་འཇིག་རྟེན་ལྟ་ཚུལ་དེ་ཉིད་ཤེས་ཡོན་དང་ཤེས་བྱ་ཐམས་ཅད་ཀྱི་གཞི་རྩར་འཛིན་དགོས་པའི་འདོད་ཚུལ་འཛིན་པ་དང་། བསམ་ཚུལ་འདི་ནི་ཚན་རིག་གི་དངོས་གཙོ་རིང་ལུགས་ཀྱི་ལྟ་བ་ཞིག་རེད། 3དངོས་ཁམས་རིག་པའི་རྟོག་གཞིགས་ཀྱི་ཆོས་ནི་རགས་པ་གཟུགས་ཅན་གྱི་དངོས་པོའི་རང་བཞིན་ལས་ལྐོག་གྱུར་གཟུགས་འདས་ཀྱི་དངོས་པོ་ལ་དཔྱད་པ་ཤིན་ཏུ་དཀའ། ཚན་རིག་གི་བརྟག་དཔྱད་ཁོག་ཏྲོམ་ནི་ཀློག་རྡུལ་ཡོ་ཆས་དང་། རྩིས་རྒྱག་གྲངས་ཀ་བཅས་ལ་གཞི་བཅོལ་བའི་ཐོག་ནས་གྲུབ་དོན་གཏན་ལ་ཕབ་པ་ཞིག་ཡིན།

ནང་ཚན་གཉིས་གཞི་མཐུན་ཡོད་མེད་ལ་བརྟག་པ།

ཟླུམ་གཟུགས་འཛམ་གླིང་གི་གནས་ཚུལ་ཉིན་རེ་ལས་མ་འདས་པར་འགྱུར་བ་ཤུགས་ཆེན་འགྲོ་བཞིན་པའི་དུས་སྐབས་འདིར་ཕྱི་རོལ་དཔལ་འབྱོར་གྱི་འཛུགས་སྐྲུན་དབྱར་མཚོ་བཞིན་རྒྱས་ན་ཡང་། ནང་གི་སེམས་ཁམས་ལ་དེ་ཙམ་གྱི་རྙོག་འཛིང་ཆེ་བ་ནི་ཟང་ཟིང་དུས་བབ་ཀྱི་ཁོར་ཡུག་ནང་ནས་གསལ་པོ་ཤེས་ངེས། དུས་ཀྱི་མདའ་མོའི་འགྲོས་དང་ལྷན་དུ་ནང་ཚན་གཉིས་ཀྱི་ཤུགས་རྐྱེན་འོག་ནས་མི་དང་སྤྱི་ཚོགས་ལ་ཕན་འབྲས་ངེས་ཅན་ཞིག་ཐོན་ན་ཡང་། དེ་ལ་གནོད་ཤུགས་ཀྱི་འགལ་ཟླ་ཡང་ཧ་ཅང་མང་། ཚན་རིག་གི་ནུས་ཤུགས་དང་དར་སྤེལ་ལ་བརྟེན་ནས་ཐབས་གཅིག་ཏུ་འགྲོ་བ་མི་དང་དེ་དང་འབྲེལ་བའི་ཁོར་ཡུག་ལ་དགའ་སྐྱིད་ཀྱི་དཔལ་ཡོན་སྦྱིན་པའི་ངེས་པ་མེད་ལ། དེ་ལ་བརྟེན་ནས་ལོངས་སྤྱོད་ཐོབ་པའི་ཁྱབ་པ་དེ་བས་ཀྱང་མེད། ཕྱི་རོལ་ལུས་ཁམས་ཀྱི་བདེ་སྐྱིད་འདི་དངོས་གཙོ་ཚན་རིག་གི་ཤུགས་རྐྱེན་འོག་ནས་འཐོབ་སྲིད་ཀྱང་། དོན་དམ་སེམས་ཀྱི་ཞི་བདེ་ནི་ཚན་རིག་གི་གྲོགས་ཙམ་དུ་འགྲོ་སྲིད་པ་ལས། ཚན་རིག་རང་རྐྱ་ལ་བརྟེན་ནས་ཐོབ་ཐབས་མེད། ཚན་རིག་དང་འཕྲུལ་ལས་ནི་ནུས་ཤུགས་ཆེ་བའི་ལག་ཆ་ཞིག་ཡིན། འོན་ཀྱང་། དེ་གཉིས་བཀོལ་སྤྱོད་ཇི་ལྟར་ལེགས་པར་བྱེད་པའི་ཐག་གཅོད་བྱེད་མཁན་ནི་ང་ཚོ་འགྲོ་བ་མི་ཡིན། ཡང་དག་པའི་སྙིང་རྗེ་དང་ཤེས་རབ་གཉིས་ཟུང་འབྲེལ་གྱི་ཀུན་སློང་ཞིག་གིས་ཚན་རིག་དང་འཕྲུལ་ལས་ཀྱི་ལག་ལེན་དངོས་ལ་སྟངས་འཛིན་བྱ་རྒྱུ་ནི་གནད་དོན་གཙོ་བོ་ཞིག་རེད། 4ཡང་ཕྱོགས་གཞན་ཞིག་ནས་བཤད་ན། ཚན་རིག་དང་ནང་ཆོས་ཀྱི་བརྟག་དཔྱད་བྱེད་ཐབས་ཀྱི་ཕྱོགས་ནས་བསམས་ན་མི་འདྲ་སྟེ།

ཚན་རིག་གི་བརྟག་དཔྱད་ནི། ཞིབ་འཇུག་ཚོད་ལྟ་དང་། རྩིས་རྒྱག་འཕྲུལ་ཆས། ཚོར་རྟོག་མྱོང་བ་བཅས་ལ་བརྟེན་ནས་རྩོད་སྒྲུབ་ཀྱི་ལམ་ནས་གཞི་རྩའི་རང་བཞིན་གཏན་ལ་འབེབས་ཀྱི་ཡོད། དེ་ལ་མངོན་སུམ་གྱི་ཡུལ་དུ་གྱུར་པའི་གཟུགས་ཅན་རགས་པ་ལས། རྗེས་དཔག་གི་ཡུལ་དུ་གྱུར་པའི་ལྐོག་གྱུར་གྱི་ཆོས་ལ་ཐེ་ཚོམ་གྱི་ལྟ་ཕྱོགས་འཛིན་གྱི་མེད། ཡང་ལྟ་ཕྱོགས་གཞན་ཞིག་ནས་བཤད་ན། སྣང་བ་དང་སྟོང་པ། ཀུན་རྗོབ་དང་དོན་དམ། འཁོར་བ་དང་མྱང་འདས། ཆོས་ཅན་དང་ཆོས་ཉིད། འདུས་བྱས་དང་འདུས་མ་བྱས། དངོས་པོ་དང་དངོས་མེད། ཟག་བཅས་དང་ཟག་མེད་བཅས་ལས། སྔ་མ་གཙོ་ཆེར་འཛིན་པ་ནི་ཕྱི་དོན་དངོས་གཙོ་སྨྲ་བའི་རིང་ལུགས་དང་། ཕྱི་མ་གཙོ་ཆེར་འཛིན་པ་ནི་ནང་ཆོས་རིག་གནས་ཀྱིས་བཟུང་བའི་ལྟ་ཚུལ་ཞིག་ཡིན།

ནང་ཆོས་ཀྱི་དཔྱད་ཐབས་ནི།

ནང་ཆོས་ཀྱིས་གཏན་ཚིགས་ལ་བརྟེན་ནས་གཞི་དངོས་པོའི་གནས་ལུགས་གཏན་ལ་འབེབས་ཚུལ་ནི། གཙོ་བོ་རིགས་པའི་ལམ་གྱི་གནས་ཚུལ་གཞི་བཟུང་བའི་ཐོག་ནས་གཏན་ལ་འབེབས་ཀྱི་ཡོད། དེ་ལ་མངོན་སུམ་གྱི་གནོད་པ་སེལ་བས་མངོན་སུམ་ཚད་མ་ཡང་དག་ལ་བརྟེན་པ་དང་། ལྐོག་གྱུར་ལ་གནོད་པ་མེད་པ་རྗེས་དཔག་ཚད་མ་ལ་བརྟེན་པ། ཤིན་ཏུ་ལྐོག་གྱུར་གྱི་གནོད་པ་མེད་པ་ལ་ལུང་གི་ཚད་མ་བཅས་དཔྱད་གསུམ་དག་པའི་རིགས་པ་ལ་བརྟེན་ནས་གཞི་ཐ་སྙད་དངོས་པོའི་གནས་ཚུལ་གཏན་ལ་འབེབས་ཀྱི་ཡོད། དེ་ཡང་༸གོང་ས་མཆོག་གིས། ནང་ཆོས་ནང་དོན་འདོད་ཚུལ་ཞིག་ཚད་མ་ཡིན་མིན་དཔྱད་སྐབས་མྱོང་བའི་དབང་ཚད་དང་པོ་དང་། རིགས་པའི་དབང་ཚད་གཉིས་པ། གསུང་རབ་ཀྱི་དབང་ཚད་མཐའ་མ་ཡིན། རྒྱ་གར་གྱི་ནང་ཆོས་སློབ་གཉེར་ཁང་དཔལ་ནཱལནྡྲེའི་སློབ་དཔོན་ཆེན་མོ་ཚོས་སངས་རྒྱས་ཀྱི་གསུང་རབ་ལ་བརྒལ་བརྟག་ཞིབ་ཚགས་བྱེད་སྐབས་སངས་རྒྱས་ཀྱི་བཀའ་གསུང་འདི་ལག་བསྟར་བྱས་ཡོད་ཅེས་དང་།

དེ་ཡང་སྟོན་པས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་པ་ལྟར།

དེ་ལ་རྗེས་འཇུག་མཁས་པ་དག་གིས་རང་སྟོབས་ཀྱིས་མྱོང་བའི་རིག་པའི་རྩལ་ལ་བརྟེན་ནས། གཞི་གནས་ལུགས་ཀྱི་རྣམ་གཞག ལམ་བགྲོད་པའི་རིམ་པ། འབྲས་བུ་ཐོབ་པའི་ཡོན་ཏན་བཅས། རིགས་པའི་རལ་གྲི་ཡི་གནོད་པ་མེད་པ་དང་། མཁས་པའི་ཞལ་ལུང་དང་འགལ་བ་མེད་པའི་སྒོ་ནས་གཏན་ལ་ཕབ་པ་ཞིག་ལས་སྐྱེ་བོ་རེ་འགའ་བ་ཞིག་གི་རྗེས་སུ་འབྲངས་པ། རྨོངས་དད་ཀྱི་མཐའ་ལ་ལྷུང་བའི་གཞུང་ལུགས་ཤིག་མ་ཡིན་པ་དང་ད་དུང་གང་ཟག་དབང་འཛིན་གྱི་གཞན་འོག་ཏུ་མ་སོང་བ་ནི་དངོས་སྟོབས་རིགས་པས་གསལ་པོར་བསྟན་ཟིན།

ནང་པའི་ཆོས་དང་ཚན་རིག་གཉིས་ཆ་ལ་ཐུན་མོང་གི་མཚུངས་ཆོས་ཤིག་ཡོད་པ་ནི། ལུང་ཙམ་ཁོ་ན་ལ་སྐྱབས་སུ་འཛིན་པ་མ་ཡིན་པར། སྒྲུབ་བྱེད་རྣམ་དག་ཡོད་མེད་ལ་བརྟགས་ནས་དངོས་པོ་རྣམས་ཀྱི་དོན་གྱི་གནས་ལུགས་གཏན་ལ་འབེབས་པ་འདི་ཡིན་ཞིང་། དེའི་རྐྱེན་གྱིས་ནང་པའི་ཆོས་འདི་འཛམ་གླིང་འདིར་ཆོས་ལུགས་ཡོད་དོ་ཅོག་གི་ནང་ནས་ཚན་རིག་དང་ཉེ་ཤོས་ཀྱི་ཆོས་ལུགས་ཡིན་པར་ངོས་འཛིན་དང་། དེར་མ་ཟད་འགའ་ཞིག་གིས་ནང་པའི་ཆོས་འདི་ཆོས་ལུགས་ཤིག་མིན་པར་ཚན་རིག་ཅིག་རེད་ཅེས་སྨྲ་མཁན་ཡང་བྱུང་ཡོད། 5ད་དུང་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས། རང་རེའི་སྟོན་པའི་ཆོས་ལུགས་འདི་ལ། 6གཞིའི་གནས་ལུགས། ལམ་གྱི་བགྲོད་ཚུལ། འབྲས་བུའི་ཡོན་ཏན་སོགས་ལ་བཤད་པའམ་ཆ་གང་ནས་ས་ཡན་སིའི་རིག་པ་ལ་ངོ་གནོང་དགོས་པ་ཞིག་ནི་ངེས་པར་མེད་ཅེས་དང་།

ཡང་ལོ་ཉིས་སྟོང་ལྷག་གི་སྔོན་དུ་འདི་ལྟ་བུའི་འཕྲུལ་སྤྱད་གང་ཡང་མེད་པའི་ཚེ་སངས་རྒྱས་ཀྱིས་འདུས་བྱས་ཡོད་དོ་ཅོག་སྐད་ཅིག་རེ་རེར་བཞིན་འཇིག་པར་བཤད་ཅིང་། ཡུད་ཙམ་ལ་ཡང་མི་གནས་པར་བསྟན་པ་དེ་ཁོ་བོ་ཅག་གིས་ད་བཟོད་འཕྲུལ་སྤྱད་ལས་དངོས་སུ་མཐོང་ཞེས་ས་ཡན་སིའི་མཁས་པ་ཆེན་པོ་མང་པོས་སངས་རྒྱས་ལ་ཚད་མེད་པའི་བསྔགས་པ་བྱས། ཞེས་གསུངས་པ་བཞིན་ནང་གཞུང་གི་རིག་གནས་དེ་ནི་འཇིག་རྟེན་མི་ཆོས་ཀྱི་རིག་གནས་དང་མི་མཐུན་པ་མེད་པ་དང་། དམ་པའི་ལྷ་ཆོས་དང་འགལ་བ་མེད་པ། འཁོར་འདས་ཀྱི་མཐའ་ལ་མ་ལྷུང་བ། ལྷ་མི་ཡི་གནས་ལས་མ་འདས་པ། ཐ་སྙད་ཀྱི་རྣམ་གཞག་འཇིག་རྟེན་གྱི་བླང་དོར་དང་མཐུན་པ། དོན་དམ་གྱི་གནས་ལུགས་རྣམ་བྱང་གི་ཉམས་ལེན་དང་མཐུན་པ། ཀུན་ལ་མཛངས་ཤིང་། འགྲོ་ལ་ཕན་པའི་བླ་མེད་རྣམ་དཀར་གྱི་ལམ་ཞིག་བསྟན་ཡོད། ༸གོང་ས་མཆོག་གི་ཞལ་ནས་དུས་མི་རིང་བའི་སྔོན་དུ་མི་མང་པོ་ཞིག་གིས་ཚན་རིག་པའི་ཡུལ་གྱི་ཤེས་བྱ་དང་ནང་པའི་ཡུལ་ཅན་གྱི་གོ་རྟོགས་གཉིས་ཕན་ཚུན་ཐ་དད་ཡིན་པར་འདོད་ཀྱང་འདི་གཉིས་ཟུང་དུ་འབྲེལ་བའི་ཐོག་ནས་འགྲོ་བ་མིར་དོན་དམ་གྱི་བདེ་སྐྱིད་སྦྱིན་ཐུབ་ཅེས་དང་། ཚན་རིག་གིས་ཕན་ཐོགས་ཆེ་ཤོས་ནི་ཕྱི་ལུས་དང་འབྲེལ་བའི་སྡུག་བསྔལ་ཉུང་དུ་གཏོང་བར་ཞབས་འདེགས་ཆེན་པོ་ཞིག་བསྒྲུབ་ཐུབ། དེ་ལྟ་ནའང་སེམས་ཚོར་དང་འབྲེལ་བའི་སྡུག་བསྔལ་དེ་དག་གི་གདོང་ལེན་དང་། དེ་མེད་པར་བཟོ་བ་ནི་མིའི་ནང་སེམས་ཀྱི་ལྟ་སྟངས་བསྒྱུར་བཅོས་དང་། བརྩེ་སེམས་སོགས་རིམ་བཞིན་སྤེལ་བ་ཁོ་ནའི་སྒོ་ནས་བསྒྲུབ་དགོས། དེས་ན་ང་ཚོས་རང་ཉིད་ཀྱི་གཞི་རྩའི་བདེེ་སྐྱིད་འཚོལ་སྐབས། མིའི་རིགས་ཀྱི་རིན་ཐང་ཆེ་བའི་གཞི་རྩའི་བཟང་སྤྱོད་གོང་འཕེལ་གཏང་རྒྱུ་ནི་མེད་ཐབས་མེད་པ་ཞིག་ཡིན། དེས་ན་མིའི་རིགས་ཀྱི་བདེ་ཐབས་ཆ་ནས་བལྟས་ནའང་ཚན་རིག་དང་སེམས་དོན་རིག་པ་གཉིས་འབྲེལ་མེད་ཅིག་གཏན་ནས་མིན། ང་ཚོས་ལུས་སེམས་གཉིས་ཀའི་སྟེང་གི་སྡུག་བསྔལ་སེལ་དགོས་པར་བརྟེན་ང་ཚོར་དེ་གཉིས་ཀ་དགོས་ཞེས་དང་།

ཡང་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གིས། ཕྱི་རོལ་དཔལ་འབྱོར་གྱི་རྣམ་པ་ཡར་རྒྱས་འགྲོ་བ་ལ་ཚན་རིག་དེ་མེད་ན་མེད་ཐབས་ཞིག་ཡིན་ལ། རང་སེམས་ལ་ཞི་བདེ་དང་ལོངས་སྤྱོད་ཐོབ་པ་ལ་ནང་ཆོས་དེ་མེད་ཐབས་མེད་པ་ཞིག་ཡིན་ཞེས་གསུངས་པ་བཞིན། ཕྱི་གཟུགས་རགས་པ་ཡི་ཞི་བདེ་ནི་འདོད་ཡོན་ལྔ་ལ་བརྟེན་ནས་ཐོབ་དགོས་པ་ཞིག་དང་། དེ་ནི་རང་བྱུང་ཚན་རིག་གི་མ་ལག་གལ་ཆེན་ཞིག་ཡིན། ནང་སེམས་ཀྱི་ཞི་བདེ་ནི་ཞི་གནས་དང་ལྷག་མཐོང་། སྙིང་རྗེ། བསམ་གཏན་བཅས་ལ་བརྟེན་ནས་འཐོབ་དགོས་པ་སྟེ། དེ་ནི་ནང་ཆོས་ཀྱི་རྩ་བའི་བསྟན་བྱ་ཡིན་ལ་སྙིང་དོན་ཀྱང་ཡིན།།


  1. བོད་ཀྱི་སྤྱི་ཚོགས་འཕྲོད་བསྟེན་དྲ་བ་ནས་བཤུས།
  2. བོད་ཀྱི་དུས་བབ་ནང་གི་རྫས་འགྱུར་བཟོ་ལས་རིག་པའི་སྤྱི་བཤད་ལས་བཤུས།
  3. ཚན་རིག་དང་ནང་པའི་ལྟ་གྲུབ་ཅེས་པའི་དེབ་ལས་དྲངས།
  4. རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན།
  5. རྨེ་སྤྲུལ་གྱིས་མཛད་པའི་ཀླད་ཆེན་དང་སེམས་ཁམས་བར་གྱི་འབྲེལ་བ།
  6. དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ།
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།