ལྷོད་ལ་བབས་པའི་སེམས།

ལོ་རིམ་ལྔ་པའི་སློབ་གཉེར་བ། སྤྲུལ་སྐུ་འཆི་མེད་ཚེ་དབང་།

སྒོར་རྡོག་བརྒྱ་ཕྲག་འགའ་ཡིས་འཚོ་བའི་ཁ་ཐབས་བསྲངས་ཏེ།།
མེད་དང་མུག་གིས་ཁེངས་པའི་ས་མཐའི་སྤྲང་པོའི་དཀྱིལ་ནས།།
སྙིང་ལ་རུས་པ་ཅན་གྱི་རྒྱལ་སྲས་སེམས་དཔའ་ཞིག་གིས།།
རྒྱལ་བསྟན་སྲོག་གི་ཀ་བ་ཐུགས་བསྐྱེད་སྟོབས་ཀྱིས་བསྒྲེངས་ཡོད།།

དངུལ་དང་དཔུང་གིས་བཏེག་པའི་མཐོན་པོའི་ཁྲི་དང་གོ་གནས།།
འཁོར་བའི་ཕུན་ཚོགས་ཟེར་བ་ཕལ་གྱིས་རྔམ་མཆོང་བྱེད་ས།།
གང་གི་སྤྱན་སྔར་བཤམས་ན་མཆིལ་མའི་རིན་ཐང་མེད་པས།།
ཡོད་ཚད་བསྟན་དོན་ཡིན་པའི་སེམས་ཤུགས་སུ་ཡིས་བསྩལ་སོང་།།

གཡས་འདེགས་གཡོན་སྐྱོར་བྱེད་པའི་མི་ཆེན་འགྱིང་ཉམས་དེ་ཚོ།།
གདོད་ནས་ཁྱེད་ཀྱི་གཤིས་ལས་རིང་ནས་རིང་དུ་གྱེས་ཏེ།།
ཆུ་འདམ་བྱེ་མའི་ཁྲོད་དུ་ཕྱག་ཞབས་རྣག་ཁྲག་སྲེ་དུས།།
ང་དང་ང་འདྲའི་རིགས་ལ་ངོ་ཚ་གཏིང་ནས་བྱིན་བྱུང་།།

རིགས་བདག་བླ་མས་བསྩལ་བའི་ཆོས་གོས་སེར་མདངས་ཅན་པོ།།
མེ་དཔུང་དམར་པོའི་ཀློང་དུ་གཙིགས་འཛིན་བྱེད་ས་གཅིག་པུས།།
རྒྱལ་བསྟན་རྨང་ནས་སློང་བའི་རྟེན་འབྲེལ་འགོ་མར་བསྒྲིགས་ནས།།
ས་ཆེན་འོད་ཀྱིས་བཀང་བའི་བཀའ་དྲིན་སུས་ཀྱང་བརྗེད་མེད།།

ཉི་འོད་མུན་པར་མཐོང་བའི་འུག་པའི་མིག་ཅན་ངེད་ཚོར།།
སྣང་སྲིད་དགྲ་རུ་ལངས་ནས་རང་གཞན་དབྱེ་ཚུལ་མང་ཡང་།།
ཐམས་ཅད་མེ་ཏོག་གཟིགས་པའི་ངེས་དོན་བླ་མ་ཁྱེད་ཀྱིས།།
འཇམ་པོའི་ཕྱག་ཟུང་ཞིག་གིས་འདུས་སྡེ་ཡོངས་རྫོགས་བསྐྱངས་ཡོད།།

མུན་པའི་གཤེད་དུ་ལངས་པའི་འཇིག་རྟེན་འོད་ཞགས་དཀར་པོ།།
ཉིན་ཞིག་ཐོལ་གྱིས་ཡལ་བའི་མི་སྙན་གཏམ་གྱི་མདའ་མོས།།
དོན་ལྔ་སྣོད་དྲུག་གཤགས་ཏེ་ཚོགས་དྲུག་སྣང་བ་བསྐྱོམས་དུས།།         
ཡོད་ཚད་རྫོགས་ཚིག་བརྒྱབ་པའི་ཚོར་སྣང་ཐོག་མར་བསྐྲུན་བྱུང་།།

འདུ་འབྲལ་དགའ་སྐྱོའི་སྣང་བརྙན་བྱིས་པའི་དགོད་འཛུམ་གཉེར་རིས།།
ངེས་མེད་སྐྱིད་སྡུག་དར་ལྕེ་རླུང་བུས་ཡར་འཁྱེར་མར་འཁྱེར།།
རྣམ་ཤེས་འཐེང་པོ་འབུམ་གྱི་རེ་བའི་འཁར་ཤིང་འགྱེལ་ཏེ།།
གོག་མ་ལངས་ཀྱིས་བགྲོད་པའི་སྤོབས་སེམས་རྨང་ནས་ཞིག་སོང་།།

ལུས་པོ་བཙན་གྱིས་སྲེག་པའི་ས་མཐའི་ཉི་འོད་ཁྲོད་ནས།།
སེམས་པ་འཁྱག་ལ་འབྱར་བའི་སྐྱོ་གདུང་དྲག་ཆར་འབབ་དུས།།
ལུས་སེམས་འགལ་འདུར་གྱུར་པའི་འདས་སོང་ལོ་ནག་དེ་ཚོ།།
རེ་སྒུག་སོར་རྩེར་བགྲངས་ནས་ཉིན་མཚན་དལ་གྱིས་བསྐྱལ་ཡིན།།

ལྷ་མི་མཉམ་དུ་བཤུམས་པའི་མཆི་མའི་མཆོད་སྤྲིན་བཤམས་ཏེ།།
རེ་བའི་ངོ་གདོང་གཏོད་སའི་ཁ་ཕྱོགས་འཚོལ་ལ་འབད་ཡོད།།
སེམས་དཔའི་ལ་རྒྱ་འདོར་བའི་སྙིང་བསྲན་ཁྱེད་ལ་མེད་པས།།
བརྩེ་བའི་འཛུམ་ཞལ་དྲོན་མོས་ལུས་སེམས་ལྷོད་ལ་ཕབ་བྱུང་།།

དཀའ་སྡུག་མུན་པས་དཀྲིགས་པའི་འདས་སོང་ནམ་ཟླ་གྲང་མོའི།།
གཏམ་རྒྱུད་སྐྱུར་མོ་མི་གླེང་ད་ནི་བརྗེད་ན་ཆོག་ག།
རེ་བའི་ཕུགས་འདུན་འགྲུབ་པའི་དེ་རིང་ཉི་མ་འདི་ནས།།
མདུན་གྱི་ཤུལ་ལམ་ཡངས་པོ་དགོད་སྒྲའི་ངང་ནས་བཅད་འགྲོ།།

བྱིས་པའི་གཟུགས་སུ་འཕོས་པའི་སྙི་མོའི་ཞལ་ཕྱག་དེ་ཚོར།།
གོང་མའི་རྣམ་ཐར་འགོས་པའི་ཞར་དང་ཞོར་གྱི་སྟངས་སྟབས།།
མཁའ་དབྱིངས་རླབས་ཀྱིས་གཅོད་པའི་རྟེན་འབྲེལ་ཐོག་མར་འགྲིག་པས།།
གནམ་འོག་སྐྱེ་འགྲོའི་བདེ་སྡུག་བཀོད་འདོམས་ཁྱེད་ལ་བཅོལ་ཡོད།།

མུན་པ་མིག་ལ་ཐོགས་པའི་འཁྱར་མ་འཁྱོར་གྱི་འགྲོས་ལ།།
འབྱུང་བྱས་ཁྲེལ་དགོད་བྱས་པའི་ཞེ་འཁོན་བརྩད་ན་འདོད་ཀྱང་།།
ཐམས་ཅད་འཛུམ་གྱིས་བསུ་བའི་ཞལ་རས་ཆུང་ཆུང་དེ་ཡིས།།
འགྲོ་ཀུན་ཕ་མ་ཡིན་པའི་དྲན་སྐུལ་སླར་ཡང་མཛད་བྱུང་།།

གདན་ས་གསེར་འོད་འཕྲོ་བའི་གཟི་མདངས་སྔར་ལྟར་རྒྱས་ཡོད།།
འདུས་པ་གསེར་རི་ཕྲེང་བའི་གྲལ་སྟར་དེ་བས་ཐོར་མེད།།
གསེར་ཁྲི་སྟོང་པར་ལུས་པའི་སྐྱོ་སྣང་བྲང་ལ་རུམ་སྟེ།།
གསེར་མདོག་གཞོན་ནུ་ཁྱེད་ལ་སྙིང་ནས་རེ་སྒུག་བྱས་ཡོད།།                                                          

  7/24/2015

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།