མུན་ནང་གི་འོད།

ལོ་རིམ་ལྔ་པའི་སློབ་གཉེར་བ། ཕྲིན་ལས་མཐར་ཕྱིན།

མཛད་རྗེས་གསོན་པོ།

དུག་ལྔ་དྲག་རླུང་འཚུབ་སའི་མྱ་ངམ་གྲོང་དུ།།
རྒྱལ་བསྟན་སྒྲོན་མེ་སྣུམ་ཟད་ཤི་ལ་ཉེ་དུས།།
རླབས་ཆེན་ཕན་བདེའི་ཕྲིན་ལས་ཐུགས་སུ་བརྣགས་ཏེ།།
བསྟན་པའི་མེ་རོ་སློང་མཛད་༸གྲུབ་དབང་བླ་མ།།

གྱ་གྱུའི་སྤྲིན་ནག་ཕོན་པོས་མག་མོག་གྱུར་ཏེ།།
དམ་ཆོས་ཉི་གཞོན་དབང་པོ་ནུབ་ལ་ཡོད་དུས།།
བཤད་སྒྲུབ་ཟུང་གི་གཤོག་རྩལ་མཁའ་ནས་ངོམ་བཞིན།།
ཤེས་བྱའི་གནམ་འཕང་གཅོད་པའི་པདྨ་ནོར་བུ།།

མཐོན་མཐིང་གཡུ་ལོས་བཀོད་པའི་ནེའུ་གསེང་ཚལ་དུ།།
མེ་ཏོག་འཛུམ་གྱིས་བཞད་པའི་ལྡུམ་རའི་གསེང་ནས།།
མཚར་སྡུག་རྣམ་པར་བཀྲ་བའི་ཆོས་སྡེ་ཆེན་མོའི།།
ཞབས་རྗེས་རྡོ་ལ་བརྐོས་འདུག་འཁོར་ལོའི་མགོན་པོ།།

ཀྱི་ཧུད་ཀྱི་སྨྲེང་གླུ།

སྣང་བྱེད་ཀུན་གསལ་དབང་པོས་བཞིན་རས་ངོམ་དུས།།
སེར་ཆེན་འདབ་མ་བརྒྱ་པ་འཛུམ་མདངས་ཤིག་ཤིག།
འོད་སྟོང་འགྱེད་བཞིན་ནུབ་རིའི་ཕག་ཏུ་བཞུད་པས།།
གདུང་བས་མནན་པའི་མགོ་བོ་ཐུར་དུ་གུག་ཡོད།།

སྣང་བྱེད་གཟའ་ཡིས་ཁྱུར་མིད་བཏང་བའི་ཤུལ་ན།།
སྐར་ཚོགས་ཁྲ་མོ་སྨག་གི་འདམ་དུ་བྱིང་ཡོད།།
སེམས་ཀྱི་དམ་པ་གང་ཞིག་གཤེགས་པའི་རྗེས་ནས།།
འོ་དོོད་དཀྱིལ་དུ་ལྷུང་བའི་ཉམ་ཐག་འཁོར་ཚོགས།།

མུན་པ་སེམས་ལ་ཟུག་པའི་ལོ་ཟླའི་ཁྲོད་དུ།།
ལུས་ཀྱི་ཟོ་མདངས་ཤོར་བའི་སྐྱ་ཟད་སྔོ་རྡུགས།།
སྙིང་ཁམས་གནམ་ལ་ལྡིང་བའི་ཉིན་རེའི་འཚོ་བ།།
འཁུན་སྒྲ་ངུ་ངག་སྙོམ་པོས་དབྱངས་སུ་འཐེན་ཡོད།།

གསེར་ནག་གི་འཛུམ་རིས།

སྤྲེའུ་ཕྲུག་འཆལ་སྤྱོད་ངན་པས་ཐུགས་དགོངས་དཀྲུགས་ཏེ།།
གློ་བུར་གཞན་ཡུལ་འགྲིམས་པའི་ཚུལ་ཞིག་བསྟན་ཏམ།།
གདུང་འབོད་ཀློང་དུ་ཐིམ་པའི་བུ་ལ་གཟིགས་ནས།།
སླར་ཡང་བསྟན་འགྲོའི་མགོན་དུ་ཞབས་སོར་འཁོད་དམ།།

སྐྱེ་འགྲོར་སྨན་པའི་ཐུགས་བསྐྱེད་གཙིགས་སུ་བརྣགས་ཏེ།།
བགྲང་ཡས་དག་ཞིང་ཞབས་ཀྱིས་བཅགས་པའི་དུས་སུ།།
འབྱུང་པོའི་ཚོགས་ཀྱིས་གཙེས་པའི་འོ་བརྒྱལ་བྱུང་ངམ།།
ལམ་འཕྲང་དོག་པོའི་འགག་ནས་ཕེབས་ལམ་བདེ་འམ།།

ཁུ་བྱུག་གསུང་སྐད་སྙན་མོའི་འགྱུར་ཁུག་གསེེང་ནས།།
གཏམ་བཟང་དབྱངས་ཀྱི་རྒྱལ་མོ་རྣ་བར་ལྷུང་ཚེ།།
དགའ་བ་སྟོང་གིས་བཟི་བའི་བྱིའུ་ཆུང་འཇོལ་མོ།།
འཛུམ་ལ་འཛུམ་གྱིས་ཁེངས་ཏེ་གཤོག་འགྱུར་ངོམས་སོང་།།

མཚར་སྡུག་ལང་ཚོ་ཅན་གྱི་ཁྱེའུར་སྤྲུལ་ཏེ།།
རྣམ་གསུམ་ངུར་སྨྲིག་ན་བཟའ་རྒྱན་དུ་བཀླུབས་ཤིང་།།
གསེར་གྱི་ཁྲི་འཕང་སྟེང་དུ་སྟབས་ཀྱིས་འགྱིང་དུས།།
སྔོན་ཞིག་མཇལ་མྱོང་ཅན་དེ་ཡིད་ལ་བསུས་བྱུང་།།

ཤེས་རིག་གླིང་གི་རྐང་འཐུང་སྡོང་རྒན་དེས་ཀྱང་།།
རྙིང་རུལ་སོང་བའི་ལོ་འདབ་རླུང་ལ་བསྐུར་ཅིང་།།
ལྗང་མདོག་ལྭ་བ་གསར་པ་གོས་སུ་གྱོན་ཏེ།།
ཆུ་སྐྱེས་པད་དཀར་ཆུན་པོ་ཚགས་སུ་བཙུད་འདུག།

མིག་ཟུང་བྱང་ལ་ཅེར་བའི་རེ་སྒུག་བུ་ཆུང་།།
ལོ་དང་ཟླ་བའི་ངོགས་ནས་སེམས་པ་འཁྲེང་ས།།
བཅོས་མིན་གཟི་བྱིན་འབར་བའི་དུང་ཟླ་དཀར་ཆུང་།།
བྱང་ཁོག་སྙིང་གི་དབུས་སུ་ལྷོད་ཀྱིས་བཞུགས་ཡོད།།

2015/07/16/

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།