ལི་ཐང་དབྱིག་གཉེན། འབྲས་སྤུངས།
གནམ་ཕྱེད་ཡལ་བའི་དཀྱིལ་འཁོར་ཡངས་པོ་རུ།།
སྨྱུ་གུ་སྔོན་མོ་ལག་ཏུ་ཐོགས་མཁན་དེས།།
ནམ་མཁའ་ནག་པོ་ཡིན་པའི་གནས་ལུགས་ཁྲོད།།
མིག་ཟུང་གནམ་ལ་ཕྱོགས་པ་དོ་དགོང་ཡིན།།
ཆར་ཐིགས་ས་རུ་ཟགས་པའི་ནམ་ཕྱེད་ནང་།།
སྨྱུ་གུ་གོད་ཆགས་བྱུང་བའི་བརྡ་ཞིག་ཐོན།།
སྟོང་པའི་མཁའ་རུ་སོང་བའི་གསར་འགྱུར་འདིས།།
སྐར་མ་སྟོང་གི་རྣ་རྩ་ཚལ་པར་གཤགས།།
གནམ་གྱི་ངོ་གདོང་རླུང་གིས་སྤུར་བའི་དུས།།
ཤོག་བུ་ཆར་གྱི་ངོ་བོར་གྱུར་ན་ཡང་།།
ཁ་ཆུ་སྣ་ཆུ་ཟགས་པའི་སྙན་ངག་པས།།
རོ་ལངས་ཐེངས་གཅིག་བྱ་བའི་སྟ་གོན་རྩོམ།།
ཏ་ལེན་ཕྲག་ཏུ་གཟར་བའི་མཚན་གུང་དུ།།
གློ་བུར་ཆུ་ལེན་ལམ་དུ་བཞུད་ན་ཡང་།།
ཟོལ་ཆེན་གང་རྒྱུར་དབེན་པའི་ངལ་དུབ་འོག །
ངུ་སྐད་ལྕི་མོ་སླར་ཡང་ཐེངས་ཤིག་བྱོ།།
ལྷིང་འཇགས་ཡིན་པའི་སྨག་ནག་མཚན་ལྗོངས་འོག །
ལག་པས་རྐང་ལམ་འཚོ་བའི་རེ་སྙེག་ཁྲོད།།
སྨྱུ་གུ་གྲོགས་སུ་བཀུར་ནས་ཆས་ན་ཡང་།།
སྒྲ་དབྱངས་ལྷ་མོ་ཁ་ཐག་ཇེ་རིང་རེད།།
རྐང་ལམ་ནག་པོ་ཡིན་པའི་མེ་ལོང་ངོས།།
རྐང་རྗེས་དེ་ཡང་ནག་པོ་ནག་རྐྱང་དཔར།།
རྐང་པ་གང་དུ་འཇོག་པའི་ཀི་སྒྲ་ཡིས།།
རྐང་རྗེན་མ་དག་དོགས་པའི་རྨི་ལམ་བཟོས།།
༢༠༡༥/༧/༡༢