ལོ་རིམ་བཞི་པའི་སློབ་གཉེར་བ། ཚུལ་ཁྲིམས་མཐར་ཕྱིན།
ངུར་སྨྲིག་ན་བཟའི་ཐུ་འོག་ཅིག་ནས་ཁྱེད་ཀྱི་གཟུགས་སྐུའི་ལང་ཚོ་རྒྱས།།
བཅུ་ཕྲག་གནས་ཉིད་ཁབ་ཏུ་བཞེས་ནས་བློ་གྲོས་པདྨའི་ཟེའུ་འབྲུ་བཞད།།
འཇིགས་རུང་འཁོར་བའི་འདམ་དུ་ཚུད་པའི་སྐྱེ་འགྲོ་ཐུགས་ཀྱི་ལྕགས་ཀྱུས་བཟུང་།།
འཇིགས་མེད་ཆོས་ཀྱིས་སྨིན་པར་མཛད་མཁན་པདྨ་ཤེས་རབ་ཤིས་པ་སྩོལ།།
མཐོ་སློབ་འདི་རུ་ཞབས་སོར་འཁོད་ནས་གྲུབ་དབང་བླ་མའི་བཀའ་བཞིན་བསྒྲུབས།།
ལུང་རྟོགས་བདུད་རྩིའི་གཞུང་ལུགས་རྒྱ་མཚོ་འཆད་ཉན་ཆུ་བོའི་རྒྱུན་བཞིན་གནང་།།
གནས་འདིར་ཕེབས་པའི་སློབ་གཉེར་ཀུན་ལ་ལུང་རིགས་བཅུད་ཀྱིས་གསོ་སྐྱོང་བྱས།།
དྲི་མེད་ལྷག་བསམ་ཞབས་རྗེས་དཀར་པོ་སློབ་གླིང་འདི་རུ་ཁྱེད་ཀྱིས་བཞག །
ཤེས་རབ་དཔལ་གྱི་བང་རྩལ་མངའ་བས་བློ་གྲོས་ཅང་ཤེས་རྟ་མཆོག་བཞོན།།
ལྷོད་མེད་བརྩོན་འགྲུས་ལྕག་གིས་བྲབས་ནས་ཤེས་བྱ་རིག་པའི་གནས་ལུགས་རྟོགས།།
བྱམས་དང་སྙིང་རྗེའི་སྤྱན་ཤེལ་མནབས་ནས་གདུལ་བྱའི་ཁམས་དབང་མཐུན་པ་ཡི།།
བླང་དོར་ལམ་གྱི་འཇུག་སྒོ་སྟོན་མཁས་མཁན་ཆེན་པདྨ་ཤེས་རབ་རྒྱལ།།
མ་རིག་མུན་པའི་སྨག་རུམ་ཁྲོད་དུ་ཡུན་རིང་ལུས་པའི་སྐྱེ་བོ་རྣམས།།
ཤེས་རབ་དཔལ་གྱི་འོད་མདངས་ཤིག་གིས་བློ་རིག་འདྲེན་བྱེད་དབང་པོ་སྟེར།།
བླང་དོར་རྨོངས་པའི་མུན་པ་བསལ་ཏེ་ཡང་དག་གནས་ལ་འཇུག་པར་བྱེད།།
ཕུན་ཚོགས་ནོར་བུའི་འཚོ་བ་གནང་བས་ཁྱེད་ནི་སྣང་གསལ་སྒྲོན་མེ་ཞིག །
འཆད་པའི་ངག་གི་མགྲིན་སྒོ་ཡངས་མོས་དྲི་ཟའི་བུ་མོ་མགྲོན་དུ་བསུ།།
རྩོད་པའི་རྣམ་དཔྱོད་གནམ་ལྕགས་ཐོག་གིས་ཕས་རྒོལ་ཚོགས་ཀྱི་ཀླད་པ་འགེམས།།
རྩོམ་པའི་འཇོ་སྒེག་རྣམ་འགྱུར་ངོམས་པས་གཟུར་གནས་རྒན་པོས་བསྔགས་བརྗོད་འཐོར།།
མདོ་སྔགས་གནས་ལ་མངའ་དབང་འབྱོར་བས་མཁས་པའི་ཁྱུ་མཆོག་གཙུག་ན་རྒྱལ།།
བཅུད་ལྡན་ལོ་འབྲས་རིན་ཆེན་ཕུང་པོའི་ཤེས་རིག་ནོར་གྱིས་དབུལ་ཕོངས་སེལ།།
ཀུན་ཁྱབ་ཐུགས་རྗེའི་བསིལ་གྲིབ་འོག་ཏུ་བློ་གསལ་བུང་བ་བག་ཡངས་གནས།།
གདུལ་བྱ་སྐྱེ་འགྲོའི་བསམ་པ་ཇི་བཞིན་ཁྱེད་ཀྱིས་དེ་ལྟར་གསལ་བར་བྱས།།
ལྔ་རིག་ཤེས་བྱའི་ཡོན་ཏན་ལྕི་བས་ཁྱེད་སྐུ་དཔག་བསམ་ལྗོན་པ་ཞིག །
བསླབ་གསུམ་ནོར་བུའི་དོ་ཤལ་མ་ཉོས་ཁྱེད་ཀྱི་སྐུ་ཡི་རྒྱན་དུ་འཆང་།།
ཉེས་སྐྱོན་དྲི་མ་ཆབ་ཀྱིས་མ་བཀྲུས་ཡང་དག་ཁྲིམས་ཀྱི་དྲི་ངད་ལྡང་།།
འདུལ་འཛིན་ཀུན་ཀྱི་མགྲོན་དུ་མ་བོས་ཁྲིམས་ལྡན་སྐྱེ་བོས་གཙུག་ཏུ་བཀུར།།
སྡེ་སྣོད་འཛིན་པའི་གཙུག་གི་རྒྱན་གྱུར་གྲུབ་དབང་བླ་མའི་ཐུགས་ཀྱི་སྲས།།
ཐར་པའི་འཇུག་སྒོ་ཚུལ་ཁྲིམས་ཡིན་ཞེས་ཁྱེད་ཀྱི་སློབ་གསོའི་ཉིང་དགོས་ཡིན།།
བསྲུང་བྱའི་མཚམས་ལས་འདའ་མི་ཉན་ཞེས་ཁྱེད་ཀྱིས་གནང་བའི་བསླབ་བྱ་ཡིན།།
མིག་འབྲས་བཞིན་དུ་འདུལ་ཁྲིམས་བསྲུང་དགོས་ཁྱེད་ཀྱི་ཞལ་གདམས་དྲོན་མོ་ཡིན།།
ཁྱེད་ཀྱིས་གནང་བའི་བསླབ་བྱ་རེ་ལ་གསེར་སྲང་འབུམ་གྱི་རིན་ཐང་ཡོད།།
བཙན་པོའི་དཔུང་ཤེད་ཟིལ་གྱིས་གནོན་ཞིང་ཉམ་ཆུང་སློབ་བུའི་ཉྭ་ནས་སྐྱོང་།།
ངོ་གཉིས་བུ་མོའི་གཡོ་སྒྱུ་མི་ཤེས་དྲང་སྲོང་རྒན་པོའི་ལམ་དུ་བསྐྱོད།།
ངོ་བསྟོད་གཏམ་གྱི་ཁ་གཡང་མི་བརྗོད་ལྷད་མེད་བདེན་པའི་ཚིག་སྨྲ་བ།།
ཡ་ཡོ་འཁྱོག་པོའི་ལྷུ་ཚིགས་མེད་པའི་ཁྱེད་ནི་ཉག་ཕྲན་མདའ་མོ་ཞིག །
སྙན་འཇེབས་སྡེབ་སྦྱོར་འཇོ་སྒེག་མེད་ཀྱང་དྲང་བདེན་སེམས་ཀྱི་ཚོར་སྣང་ཞིག །
མངོན་བརྗོད་བུ་མོའི་གཏན་གྲོགས་མེད་ཀྱང་མ་བཅོས་སེམས་ཀྱི་གཟུགས་བརྙན་ཞིག །
བསྔགས་བརྗོད་ཀུ་མུད་དཀར་པོའི་ཕྲེང་བ་ཡང་དག་ལམ་གྱིས་ཕུལ་བ་ཡིས།།
ཁྱེད་སྐུ་མི་འགྱུར་ལྷུན་པོ་བཞིན་དུ་སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག །