སློབ་དཔོན་དགའ་དགའ།
ས་སྲོད་ཀྱི་གྲུ་ཟུར་ཞིག་ནས།
ང་རང་ཚོར་བ་སྐྱུར་མོའི་ཆང་གིས་མྱོས་ཏེ།
རང་ཚུགས་ཟིན་མི་ཐུབ་ནའང་།
རྒྱང་མིག་ཅེར་ས་དེ།
སྙིང་ན་སྡུག་པའི་ཟླ་བ་བཞིན།
ཁེར་རྐྱང་འཚོ་བའི་སྟོང་གཟུགས་ལྷ་མོ་ཡིན།
བར་སྣང་དུ་མཆོངས་ཤིང་ལག་ཟུང་རྐྱོང་ཞོར།
བྱེ་མའི་ཐང་ན་ཟླ་བའི་རྐང་རྗེས་འཚོལ།
མུ་མེད་པའི་ས་མཐར་ཆས།
མདུན་དུ་མཆེད་པའི་མུན་པས་མུན་པ་ཁྲིད་ཅིང་།
མཁའ་དབྱིངས་སུ་རྒྱུ་བའི་བསེར་བུ་ནི།
སྲོག་ཆགས་ཤིག་དང་འདྲ་བར།
ལུས་སྟེང་གི་རྔུལ་ཆུ་དག་འཇིབ་པར་བྱེད།
མཚན་གུང་དེ་ནི་ལྷིང་འཇགས་ཤིག་སྟེ།
ང་ནི་བྱིས་དུས་ཀྱི་ཕྱེ་མ་ལེབ་ཅིག་དང་འདྲ་བར།
གཅེར་བུར་བུད་ནས།
སུ་ཞིག་གི་རུམ་དུ་འཛུལ་དགོས་སྙམ།
ཡོད་ཚད་ནི་ན་ཟུག་གིས་ཁེངས་པའི་འཁུན་སྒྲ་རེས།
སྡོད་མ་ཚུགས་ནའང་།
མཚོ་སྔོན་པོ་ཞིག་གི་གྲུ་ཁ་ན།
འོད་ཀྱི་ཕུང་པོ་ཆུང་ཆུང་ཞིག་འཚེར་གྱིན་ཡོད་པར།
ང་ནི་ཉེ་སར་གཅོར་སྐབས་སྒྲོན་མེ་ཆུང་ཆུང་ཞིག་འབར་བཞིན་ཡོད་པས།
ང་རང་སྲེག་པའི་འཇིགས་སྣང་ལས་མ་འདས་པས།
འཆི་བ་ནི་ལས་སླ་པོ་མིན་པར་དེ་ནས་རྟོགས་སོ།།