ལོ་རིམ་བདུན་པའི་སློབ་གཉེར་བ། ཚེ་དགའ་དབང་རྒྱལ།
བཅུ་དྲུག་ལང་ཚོའི་ཞལ་འཛུམ་ནང་ནས་འཇོ་སྒེག་རྣམ་པ་མིག་ལ་མཛེས།།
གསུང་དབྱངས་དཔྱིད་ཀྱི་ཁུ་བྱུག་ནང་ནས་སྙན་ཚིག་རྣ་བའི་བུ་རམ་དཀྲོལ།།
སྟངས་སྟབས་ཉམས་འགྱུར་ཕྱག་མཛུབ་ནང་ལ་དྲུག་འགྱུར་གླིང་བུའི་རོལ་དབྱངས་བསྣམས།།
ཚངས་སྲས་ལྷ་མོའི་དགོངས་པའི་ཆུ་གཏེར་སྙན་ངག་བུ་ལ་ཤིས་པ་སྩོལ།།
སྨུག་ལོང་འཕྱུར་བའི་འཇིག་རྟེན་ཞིག་ནས་ཉི་ཟླ་འོད་དུང་མུན་ནག་གྱུར།།
ཕྱོགས་འཛིན་ཞིག་གི་ཡོ་ལང་འོག་ནས་མེས་པོའི་ས་ཆ་འགད་གཏོར་བཏང་།།
ང་དང་ཁོ་ཞེས་གཡུལ་འགྱེད་འོག་ལ་རིགས་ཞེན་བུ་ལ་རྨ་ཁ་མང་།།
མ་འོངས་གདོང་དམར་སྡུག་ལ་སྦྱར་བ་བཙན་པོ་ཚང་གི་འཇོན་ཐང་རློམ།།
ནང་གི་ཤེས་རིག་ཡོན་ཏན་དབུལ་ཞིང་དགོས་མེད་སྨྱོ་ཤེད་དཔུང་ངོམ་ཆེ།།
ཕྱི་ཡི་ཡ་རབས་སྤྱོད་བཟང་དོར་ཅིང་མི་དགོས་ཤོ་སྦག་རྒྱན་འཛུགས་དགའ།།
ལེགས་པའི་ཆོས་ཀྱི་འོད་སྣང་མེད་པར་སྨག་རུམ་ཆོག་ཤེས་བརྟུལ་ཞུགས་ཆེ།།
གྱོད་དང་ཕམ་ཁའི་ངོ་ཚའི་ཁྲོད་ལ་མི་ཚེ་རྫོགས་པའི་འབྲོག་རྒན་ཁྱུ།།
ལྷ་དང་བླ་མའི་བཀའ་ལུང་མི་ཉན་འབྲོག་རྒན་བློ་ངན་སྤྱོད་ཚུལ་བསྟན།།
ཕྱི་དང་ནང་གི་ངོ་རྟགས་མི་ཤེས་ར་བཟི་རྒས་པོའི་ངང་ཚུལ་བཟུང་།།
བླང་དོར་གཉིས་ལ་འཇུག་སྒོ་མ་རིག་གཏི་མུག་ཕག་པའི་གཉིད་ཀྱིས་བཅིངས།།
མི་གཟུགས་ཅན་གྱི་དུད་འགྲོ་ཁྱུ་ཡིས་གདོང་དམར་ཚང་གི་མདུན་ལམ་བརླགས།།
ར་ལུག་གཉིས་ཀྱི་རྨིག་རྗེས་འཚོ་བའི་ཕྱུགས་རྫི་བུ་མོའི་ལས་སྐལ་བུལ།།
རྩྭ་ས་བརྩད་དེ་ཚེ་སྲོག་གཅོད་པའི་འབྲོག་རྒན་བློ་ཤེད་ནང་དུ་ངར།།
ལུང་སྟོང་ཞིག་ལ་གར་འཆམ་བྱས་པའི་སྦྲ་ནག་ཚང་གི་མི་རབས་འདི།།
མེད་དང་མུག་གི་ཀློང་དུ་ཟད་པས་གངས་ཕྲུག་ངར་མར་སེམས་སྡུག་བྱིན།།
རིགས་མཐུན་སྤུན་ཟླའི་གཡུལ་ལས་རྒྱལ་ན་དཔའ་རྒོད་ངར་མའི་སྙན་གྲགས་རློམ།།
འབྲོག་ཕྲུག་དར་མའི་ཀླད་ཁྲག་གཏོར་ན་བདེན་པའི་རྒྱལ་ཁ་ལོན་སོང་སྙམ།།
ས་རྩོད་ཅིག་ནས་ཁེ་གཅིག་ཐོབ་ན་འུར་ཤོབ་ས་བསྒྲགས་གནམ་བསྒྲགས་བྱེད།།
རང་གི་མི་རིགས་རང་གིས་ཕུང་བ་ངེས་དོན་དཔའ་བོ་ཡིན་ལགས་སམ།།
ཕྱི་དགྲ་བཙན་པོ་ནང་དུ་བསྡུས་ཤིང་གུས་པའི་ངག་འཇམ་གསོལ་སྟོན་བཤམས།།
ནང་གི་ཁྲག་རྒྱུད་གཅིག་ལས་མཆེད་པའི་ཤ་ཉེ་དཀར་ཆུང་གྲི་མགོས་བསྣུབས།།
ཕྱི་ནང་མི་ཤེས་ཁྱི་ལས་སྡུག་པའི་ཨ་རོགས་ཁམས་པའི་སྟག་ཤར་ཚོ།།
ཁབ་མིག་ཙམ་གྱི་བློ་མིག་ཁྱེར་ཏེ་བསམ་བློའི་མཐའ་རྒྱ་ཆོད་དམ་སྙམ།།
ཕ་ཤ་ཟ་ཞིང་མ་ལ་སྡང་བའི་ལས་ངན་ཉེས་པའི་བྱ་སྤྱོད་ཀྱིས།།
རིགས་ཞེན་སྤུན་ཟླའི་དྲི་མེད་ལྷག་བསམ་སྙིང་ཁོང་རུས་པའི་གཏིང་ནས་བཅག །
དཔའ་ངན་ཞིག་གི་གདུག་རྩུབ་མེ་སྟག་རང་རིགས་བསྲེགས་པའི་དུས་ཚིགས་ལ།།
དུང་སེམས་ལྷད་མེད་བོད་ལ་བཅངས་པའི་གངས་ཅན་པ་ལ་ན་ཟུག་ཆེ།།
འཛམ་གླིང་ཤེས་རིག་གོང་འཕེལ་འགྲོ་དུས་མདོ་མེད་ཁམས་པ་ཧད་དེ་ལུས།།
སྤྱི་ཚོགས་གསར་པར་དཔལ་འབྱོར་རྒྱས་སྐབས་ཞིང་འབྲོག་བུ་རྒོད་ལྷས་རར་གཡེང་།།
ཚན་རིག་ཟླ་གཞོན་གླིང་བཞིར་འཆར་དུས་ཨ་ཇོར་འཛུགས་བསྐྲུན་ལང་ཚོ་མེད།།
མཁས་པའི་དབང་པོས་གོ་ལར་གང་དུས་མ་ཡུམ་སྨན་ལྗོངས་གླེན་པས་གང་།།
བསམ་ཞིང་བསམས་ན་སྡུག་གི་མཚོ་མོ་བྲང་གཞུང་སྟོད་ལ་ཇེ་འཕྱོ་རེད།།
དྲན་ཞིང་དྲན་ན་སྐྱོ་བའི་ན་ཟུག་ལུས་ཁམས་ཡོངས་ལ་ཇེ་ཆེ་རེད།།
ཆོས་སྲིད་གཉིས་ཀྱི་ཉི་ཟླ་ཤར་བའི་སྤྲེལ་རྒྱུད་ཚང་གི་ལས་དབང་འདི།།
ཨ་ཁུ་འབྲོག་པའི་མདུན་ལ་བལྟས་ན་ད་ནི་གངས་ལྗོངས་ཚར་རན་འདུག །
མ་དགའ་དབང་གིས་རང་རིགས་ཚང་ལ་སྨད་པའི་ཚིག་མདའ་འཕེན་པ་མིན།།
མ་དད་རྐྱེན་གྱིས་ཞིང་འབྲོག་ཚོ་ལ་གཏམ་ངན་སྐུར་འདེབས་བྱས་མ་ཡིན།།
འཁོན་སེམས་བ་སྤུ་ཙམ་ཡང་མེད་ལ་མི་དགའ་ཁབ་ཀྱི་རྩེ་ཙམ་མེད།།
ལྷ་ཆོས་མི་ཆོས་གཉིས་ཀྱིས་དབུལ་བའི་མུན་ནག་འཁྱམ་རྒྱུག་སུ་ཡིས་ལན།།
མུན་ཀློང་གྲོང་ལ་མུན་མཆོང་རྒྱག་པའི་མི་གཟུགས་འཛིན་པའི་ཨ་རོགས་ལ།།
དུང་སེམས་ཟབ་པའི་གངས་ཕྲུག་བལྟས་ན་མིག་སྒོར་མཆི་མའི་བཞུར་རྒྱུན་རིང་།།
རྒྱུས་མེད་མཁས་པའི་སྤྱན་གཟིགས་གཡོ་ན་སྨྲེ་སྔགས་སྡུག་གི་སྐྱོ་གླུ་འཐེན།།
རྣམ་དཔྱོད་གསར་པའི་གོམ་བགྲོད་བྱེད་པའི་སྲོག་ལྡན་མི་ཡིས་འཕྱ་སྨོད་བྱེད།།
རང་མཚང་གཏོལ་བའི་ཀླད་མེད་མགོ་རུལ་སྤྲང་ཕྲུག་ཟེར་ནས་སྨད་ཀྱང་ཆོག །
རང་སྐྱོན་སྟོན་པའི་ཀུན་གསལ་མེ་ལོང་གླེན་རྟགས་སྤྱོད་ཚུལ་བརྗོད་ཀྱང་རུང་།།
རིགས་ཞེན་སྨྱུ་གུའི་ཁ་ཆུང་ནང་ནས་སྐྱོན་ཚིག་རྦ་རླབས་སྟུག་པོ་འདི།།
ནོར་སྐྱོན་ཅན་གྱི་འཇིག་རྟེན་ཞིག་ནས་ནོར་བ་སེལ་བའི་རེ་འབོད་ཡིན།།