ལོ་རིམ་དགུ་པའི་སློབ་གཉེར་བ། གཟུངས་རྡོ་རྗེ།
གངས་ལྗོངས་ཁ་བ་ཅན་གྱི་བགོ་སྐལ་དུ།།
བྱོན་ནས་བོད་ཀྱི་སྐད་དང་ལུགས་མཐུན་པའི།།
བརྡ་སྤྲོད་བསྟན་བཅོས་བརྩམས་ནས་སངས་རྒྱས་ཀྱི།།
བསྟན་པ་གསལ་བར་མཛད་པ་ཁྱོད་མིན་སུ།།
ཐུན་མོང་ཐུན་མིན་ཤེས་བྱ་ཇི་སྙེད་པ།།
རྟོགས་པར་བྱེད་པའི་ཐབས་ཀྱི་མན་ངག་ནི།།
རིག་གཞུང་ཕྱི་མོ་སུམ་རྟགས་དག་གསུམ་ཞེས།།
སྤེལ་བར་མཛད་པའི་མཁས་གྲུབ་དམ་པར་འདུད།།
དེ་ཡང་གངས་ཅན་བོད་ཀྱི་ལྗོངས་སུ་དགེ་ལེགས་སྒོ་བརྒྱ་འབྱེད་པའི་ཆོས་སྲིད་ཀྱི་ཤིང་རྟ་ཆེན་པོ་འཕགས་པ་འཇིག་རྟེན་དབང་ཕྱུག་མི་ཡི་རྣམ་པར་རོལ་པ་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་བཀའ་བཀོད་བཞིན་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་འཕྲུལ་ལོ་ཙཱ་བ་ཐུ་མི་སམ་བྷོ་ཊས་བོད་རང་སྐད་ཀྱི་བབ་དང་མཐུན་ཞིང་། དབྱངས་གསལ་སོ་བཞི་གཏན་ལ་ཕབ་ཅིང་བརྡ་སྤྲོད་པའི་གཞུང་བརྩམས་ཏེ་སྤྱིར་ན་ཧི་མ་ལ་ཡའི་རིགས་རྒྱུད་ཡོངས་དང་། བྱེ་བྲག་ཏུ་བོད་དང་བོད་ཆེན་པོའི་རིག་གཞུང་ཡོངས་ཀྱི་གཞི་མའམ་བླ་སྲོག་གཅིག་པུར་གྱུར་པའི་བསྟན་བཅོས་ཆེན་པོ་བརྒྱད་མཛད་པར་གྲགས་ཀྱང་། སྐྱེ་འགྲོ་སྤྱི་མཐུན་གྱི་བསོད་ནམས་བྲི་བ་དང་དུས་དབང་གིས་སུམ་རྟགས་གཉིས་ལས་གཞན་རྣམས་ནུབ་པར་གྱུར་པས་སྔོན་བྱོན་མཁས་གྲུབ་དམ་པ་རྣམས་ཀྱིས་གཞུང་འདི་གཉིས་ལ་བརྟེན་ནས་བརྡ་སྤྲོད་པའི་རྣམ་གཞག་གཏན་འབེབས་མཛད་ཅིང་། ཕ་མེས་ཀྱི་རིག་གཞུང་རྩ་མེད་དུ་མ་སོང་བའམ་ཉམ་དམས་སུ་མི་འགྲོ་བར་ཕུན་ཚོགས་ཇེ་ལེགས་སུ་གཏོང་བཞིན་རང་ཅག་ཁ་བ་རི་པའི་བགོ་སྐལ་དུ་མ་ཉམས་པར་གནས་མུས་ལགས། འོན་ཀྱང་སྒྲ་ནི་བརྗོད་འདོད་རྗེས་འབྲངས་ཡིན་ཕྱིར་ནང་གསེས་བྱེ་བྲག་པ་རེ་ལ་འགྲེལ་ལུགས་མི་མཐུན་པ་དང་དགག་སྒྲུབ་ཀྱི་འདོད་པ་བྱུང་དང་འབྱུང་བཞིན་ཡོད་པ་ཐམས་ཅད་རྒྱུ་མཚན་རེ་དགོད་རྒྱུ་ཡོད་པ་ནི་སྨོས་མི་དགོས་ལ། རྒྱུ་མཚན་དེའང་ཡང་དག་དང་ལྟར་སྣང་གཉིས་ལས་མ་འདས་ཤིང་། རྒྱུ་མཚན་ཡང་དག་ཡིན་ན་རང་གཞན་སུ་ཡིན་ཡང་བླང་བར་བྱ་དགོས་པའམ་མཁས་པ་དགྱེས་པའི་གནས་སུ་ཤེས་པར་བྱའོ། །བརྡ་སྤྲོད་ཀྱི་གཞུང་དེ་ལ་ཡང་མིང་དག་པ་ལ་དག་ཡིག་གཙོ། རྣམ་དབྱེ་དང་ཚིག་ཕྲད་དག་པ་ལ་སུམ་ཅུ་པ་གཙོ། བྱ་ཚིག་དག་པ་ལ་རྟགས་འཇུག་གཙོ་ཞེས་སྔོན་བྱོན་དམ་པའི་ཞལ་ལས་གསུང་སྲོལ་ཡོད་ལ། དེ་ལྟ་བུའི་དག་བྱེད་རྣམ་གསུམ་ལས་སྐབས་འདིར་དཔྱད་པར་བྱ་བ་ནི་དག་བྱེད་གསུམ་པ་བྱ་ཚིག་ཡིན་ཏེ།
དེ་ལ་དང་པོ་སྤྱི་དོན་ངོ་སྤྲོད་པ་ལ། བྱ་ཚིག་ཅེས་པ་ནི་བྱེད་པ་པོའི་སྒོ་གསུམ་གང་རུང་དང་། ཡང་ན་རྒྱུ་རྐྱེན་ཅི་རིགས་པས་གཡོ་བ་དང་འགུལ་བ་མངོན་པར་ཕྱོགས་པ་ཞིག་ལ་བྱ་ཚིག་ཅེས་བྱའོ། །སྒྲ་བཤད་ནི། བྱ་ཞེས་པ་བྱ་བའི་སྒྲ་བསྡུས་ཤིང་ཚིག་ཅེས་པ་ནི་བྱ་བ་མཚོན་བྱེད་ཀྱི་སྒྲའམ་རྗོད་བྱེད་ཀྱི་ཐ་སྙད་ལ་གོ་དགོས། ཚིག་ལ་མིང་ཚིག་ཡི་གེ་གསུམ་གྱི་ཚིག་དང་རྗོད་བྱེད་སྒྲ་ཙམ་ལ་ཚིག་ཏུ་བཏགས་པ་གཉིས་ལས་ཕྱི་མའོ། །བྱ་ཚིག་དེ་ལའང་བྱ་ཚིག་རེའུ་མིག་ཏུ་བཀོད་པའི་དུས་གསུམ་གྱི་བྱ་ཚིག་ནི་ཚིག་གི་སྟེང་ནས་ཕྱེ་བ་ཡིན་པས་དུས་རང་རང་སྟོན་པའི་ཡིག་གཟུགས་ལ་འགྱུར་རྒྱུ་མེད་དེ། དཔེར་ན། གཅད་ཅེས་པ་ཚིག་གི་སྟེང་ནས་མ་འོངས་པ་སྟོན་བྱེད་དང་། གཅོད་ད་ལྟ་བ། བཅད་འདས་པ། ཆོད་སྐུལ་ཚིག་སྟོན་བྱེད་དུ་འགྱུར་བ་དང་། བྱ་བ་གང་ཡང་རུང་བའི་བྱ་བ་བྱེད་པར་སྐུལ་བའིི་སྐུལ་ཚིག་མཇུག་ཏུ་བཞག་པ་བྱ་བའི་གོ་རིམ་གྱིས་མ་ཡིན་ཞིང་བརྗོད་བདེ་བས་རྗེས་ལ་བཞག་པ་ཡིན་ལ། བྱ་བའི་གོ་རིམ་དང་བསྟུན་ན་མ་འོངས་པའི་རྗེས་ལ་ཡོང་བ་ཡིན་པས་གཙོ་བོ་དུས་གསུམ་གྱི་གོ་རིམ་བཞིན་བཀོད་པའི་བརྡ་སྤྲོད་མཁན་པོས་མཛད་པའི་གསུང་རབ་རྗོད་བྱེད་ཚིག་གི་ཕྲེང་བ་ལྟ་བུ་སྟེ། བསྟན་པ་ནམ་གནས་ཀྱི་བར་དུ་འགྱུར་བ་མེད་པའོ། །དོན་གྱི་སྟེང་གི་དུས་གསུམ་དེ་གནས་སྐབས་ལ་མི་འདྲ་བར་འགྱུར་རྒྱུ་ཡོད་ལ། དཔེར་ན། གང་ཟག་བཀྲ་ཤིས་ཀྱིས་ཤིང་གི་སྟེང་དུ་སྟ་རེ་མ་བསྣུན་བར་དུ་ཤིང་གཅད་བྱ་ཡིན་པས་མ་འོངས་པ་དང་། ཤིང་སྲུང་མཁན་ཞིག་གིས་བཀྲ་ཤིས་ལ་ཤིང་ཆོད་ཅིག་ཅེས་སམ་ཡང་ན་མ་གཅོད་ཅིག་ཅེས་བྱེད་པར་བསྐུལ་བས་སྐུལ་ཚིག་བྱུང་བ་དང་། ཤིང་སྲུང་མཁན་གྱིས་ཆོད་ཅིག་ཅེས་གནང་བ་ཐོབ་པས་བཀྲ་ཤིས་ཀྱིས་སྟ་རེས་ཤིང་ལ་རེག་ནས་ཤིང་གཅོད་བཞིན་པའི་སྐབས་སུ་སྟ་ཁམ་འཐོན་ཞིང་དུམ་བུར་འོངས་པ་ནི་ད་ལྟ་བ་དང་། སྐད་ཅིག་གཉིས་པར་ཤིང་ས་ལ་ལྷུང་བའམ་སྡོང་དུམ་གཉིས་སུ་སོང་བས་བཅད་ཟིན་པའི་བྱ་བ་དེ་བྱུང་བ་ནི་འདས་པ་ཡིན་ལ། དེའང་ལྟོས་གྲུབ་ཀྱིས་བཞག་པ་ཡིན་པར་གསལ་པོར་ངེས་དགོས། ཡང་ནམ་མཁའ་ལ་སྤྲིན་འཁྲིགས་ནས་འབྲུག་སྐད་ལྡིར་བཞིན་པའི་སྐབས་སུ་ཆར་པ་འབབ་བྱ་ཡིན་པས་མ་འོངས་པ་དང་། དེ་ནས་ཐིགས་པ་རེ་རེ་བཞིན་བསྟུད་མར་ས་ལ་འཛག་བཞིན་པའི་ཚེ་ད་ལྟ་བ་དང་། ཆར་པ་འབབ་བཞིན་པའི་མཐར་ཐིགས་པ་ལྷུང་དུ་མེད་པའམ་ཆད་པ་ན་བབ་ཟིན་པའི་བྱ་བ་དེ་བྱུང་བས་འདས་པ་ཞེས་བྱའོ། །དབྱེ་བ་ནི། རིགས་ཀྱི་སྒོ་ནས་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་ལས་དང་བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་ལས་གཉིས། དངོས་པོའི་སྒོ་ནས་དངོས་པོ་བདག་གཞན་གཉིས། ལས་ཀྱི་སྒོ་ནས་བྱ་ལས་དང་བྱེད་ལས་གཉིས། རྣམ་པའི་སྒོ་ནས་གཟུགས་འགྱུར་བ་དང་མི་འགྱུར་བ་གཉིས། དུས་ཀྱི་སྒོ་ནས་མ་འོངས་པ་དང་ད་ལྟ་བ་འདས་པ་གསུམ། འཇུག་ཚུལ་གྱི་སྒོ་ནས་བྱ་བྱེད་འདས་སྐུལ་བཞིར་ཕྱེ་བ་བཅས་དབྱེ་སྒོ་དྲུག་ཏུ་བཞག་གོ།
ད་ནི་གཉིས་པ་གཞུང་དོན་དངོས་ལ། བྱ་བྱེད་ཐ་དད་པ་དང་ཐ་མི་དད་པ་ཞེས་པའི་དོན་ལ་དཔྱད་ན། དེ་ཡང་བོད་རྒྱ་ཚིག་མཛོད་ཆེན་མོ་ནས་རིམ་བཞིན་རྒྱུན་འབྱམས་སུ་སོང་བས་དེ་ལ་བརྟེན་ནས་ཕྱོགས་བསྒྲིགས་བགྱིས་པའི་ཚིག་མཛོད་དང་དུས་གསུམ་རེའུ་མིག་སོགས་སུ་ཁྱབ་ཆེན་པོ་སྤེལ་བའི་སྲོལ་ཆགས་པར་མངོན་ཏེ། བོད་རྒྱ་ཚིག་མཛོད་ཆེན་མོ་ལས།1 བྱ་ཚིག་ནི་ད་ལྟ་བ་གཙོ་བོར་བྱས་ནས་བཀོད་ཅིང་། གཟུགས་འགྱུར་ཡོད་པ་རྣམས་ཐ་དད་པའམ་ཐ་མི་དད་པའི་དབྱེ་བ་ཕྱེ་རྗེས་འདས་མ་འོངས་སྐུལ་ཚིག་གི་རིམ་པ་ལྟར་བསྒྲིགས་ཏེ་ཉིས་ཤད་བརྒྱབ་ཡོད། བྱ་ཚིག་གཟུགས་འགྱུར་མེད་པ་རྣམས་ཐ་དད་པའམ་ཐ་མི་དད་པའི་དབྱེ་བ་ཕྱེ་རྗེས་བསྒྲིགས་པ་ལས་གཞན་བཀོད་མེད། ཅེས་དང་། གངས་ལྗོངས་ཚིག་མཛོད་ཆེན་མོ་ལས།2 བྱ་བྱེད་ཐ་དད་པ། སི་ཏུ་ཆོས་འབྱུང་གིས་བྱ་ཚིག་དབྱེ་བའི་མཇུག་སྡོམ་གྱི་ཐ་སྙད་ཅིག་རྟགས་ཀྱི་འཇུག་པའི་སྐབས་ཀྱི་ལས་ཚིག་གི་དབྱེ་ཚུལ་ཞིག ཅེས་པ་དང་། བོད་ཀྱི་ཚིག་མཛོད་ཆེན་མོ་ལས།3 བྱ་ཚིག་གཟུགས་མི་འགྱུར་བ་རྣམས་ཐ་དད་པའམ་མི་དད་པའི་དབྱེ་བ་ཙམ་བཀོད་པ། ཞེས་དང་། ཡང་། བྱ་ཚིག་གཅིག་ལ་ཐ་དད་པ་དང་མི་དད་པའི་དབྱེ་བ་ཡོད་པ་རྣམས་ལ་དང་པོ་ཐ་དད་པ་དང་། གཉིས་པ་ཐ་མི་དད་པ་བཀོད་ཡོད། ཅེས་དང་། སུམ་རྟགས་གཉིས་ཀྱི་མིང་ཚིག་གི་འགྲེལ་པ་བྱིས་པ་དགའ་བའི་གཏམ་ལས།4 བྱ་བྱེད་ཐ་དད་པ། བྱ་བ་གང་ཞིག་བྱེད་པ་པོ་དང་། བྱ་བའི་ཡུལ་ལམ་ལས་གཉིས་ཐ་དད་དུ་ཡོད་པ་ཞིག་སྟེ། ཞེས་དང་། བྱ་བྱེད་ཐ་མི་དད་པ། བྱ་བ་གང་ཞིག་བྱེད་པ་པོ་དང་། བྱ་བའི་ཡུལ་ལམ་ལས་གཉིས་ཐ་དད་དུ་མེད་པ་ཞིག་སྟེ། ཞེས་སོགས་ཀྱིས་སྲོལ་རྒྱུན་ལྟ་བུར་ཆགས་འདུག་སྟེ། དེ་ལ་བྱ་ཞེས་པ་ནི་གོ་བ་རགས་པའི་དབང་དུ་བཏང་ན་བསྒྲུབ་བྱའི་ལས་ཀྱི་དངོས་པོ་ལ་གོ་དགོས་ཞེས་ཚིག་ཐག་ཆོད་པ་བྱུང་ན་བྱ་བྱེད་ཐ་དད་མི་དད་ཀྱི་ཐ་སྙད་བྱས་ཀྱང་ཆོག་མོད། འོན་ཀྱང་སྐབས་འདིར་གང་དང་གང་ཐ་དད་པ་ཡིན་མིན་ཡང་དག་པར་བཤད་པ་ནི་ཉུང་བའི་ཚོད་དུ་སྣང་། ཇི་ལྟར་ཡིན་ཞེ་ན། བྱ་ཞེས་པ་ནི་སྐབས་ཐོབ་དང་བསྟུན་ནས་བྱ་བ་མང་པོ་ལ་འཇུག་པ་ཡོད་དེ། བྱ་བྱེད་འདས་སྐུལ་བཞིར་ཕྱེ་བའི་སྐབས་བྱ་བ་ནི་མ་འོངས་པ་དང་། མི་ཕམ་རིན་པོ་ཆེས།5 བྱ་ཡུལ་བྱེད་པོ་བྱ་བའི་ཚིག་རྣམས་ལ། །དབྱེ་བ་འབྱེད་བྱེད་ཕྱེ་བ་ཞེས་དང་ནི།། གདེག་བྱ་འདེགས་བྱེད་བཏེག་པ་ལ་སོགས་པ། །ཞེས་པའི་བྱ་བའི་ཚིག་ནི་འདས་པར་གོ་དགོས་པ་དང་། ལས་དང་བྱ་ཡུལ་དོན་གཅིག་ཅེས་པའི་ཡུལ་ལམ་ལས་དང་། བྱ་བྱེད་ལས་གསུམ་གྱི་བྱ་བ་ཞེས་པ་སྟེ། དེ་དག་ལས་གང་དང་གང་ལ་ངོས་འཛིན་དགོས་པ་དང་། ཡང་ན་བྱེད་པ་པོ་དང་ཡུལ་ཐ་དད་པ་ལ་འགྲེལ་བའམ་བྱེད་པ་པོ་དང་བྱ་བ་ཐ་དད་པར་ཡང་ཤོད་ཉེན་ཡོད་པ་དང་། ཡང་བྱ་བ་གང་ཞིག་བྱེད་པ་པོ་དང་བྱ་བའི་ཡུལ་ལམ་ལས་གཉིས་ཐ་དད་དུ་ཡོད་པ་ཞིག་སྟེ། ཞེས་པ་ལྟར་གོ་བ་བླངས་ཀྱང་ལས་དང་པོ་པ་དག་ལ་ངོ་སྤྲོད་བྱེད་དཀའ་བའི་གནས་སུ་སྣང་བས་བྱེད་པ་པོ་དང་བྱ་བའི་ཡུལ་ལམ་ལས་གཉིས་ཐ་དད་དུ་ཡོད་པ་ཞེས་པ་དེ་ལའང་བརྟག་པར་བྱ་བ་འདི་ཡོད་དེ། བྱ་བ་གང་ཞིག་ཡིན་ཡང་ལྟོས་གྲུབ་ཀྱིས་སྒོ་ནས་བཞག་པ་ཡིན་ཕྱིན་བྱེད་པ་པོ་ལྟོས་བྱེད་དང་བྱ་བའི་ཡུལ་ལམ་ལས་ལྟོས་གཞི་གཉིས་ཐ་དད་དུ་ཡོད་ན་ལྟོས་བྱེད་དང་ལྟོས་གཞི་གཉིས་ཀྱི་འབྲེལ་བ་ཇི་ལྟར་རུང་ཁྱོད་གཉིས་ཐ་དད་དུ་ཡོད་པའི་ཕྱིར་ཏེ། བྱེད་པ་པོ་གཞན་དང་བྱ་བའི་ཡུལ་ལམ་ལས་གཉིས་ཐ་དད་དུ་ཡོད་པ་ཙམ་གྱིས་བྱ་བ་མི་འབྱུང་སྟེ། ཁྱོད་གཉིས་དངོས་སུ་འབྲེལ་བ་མེད་པས་སོ། །ཐ་དད་དུ་ཡོད་བཞིན་ལྟོས་བྱེད་དང་ལྟོས་གཞི་གཉིས་འབྲེལ་བ་ཡོད་དགོས་ན་ཧ་ཅང་ཐལ་ལོ།།
གཞན་ཡང་ཚིག་མགོ་མཇུག་ལྡོག་པ་སྟེ། འགྲེལ་བཤད་ཀྱི་སྐབས་དང་གོ་དོན་འཇོག་པའི་སྐབས་སུ་བྱེད་ཅེས་པའི་ཚིག་སྔོན་ལ་འཕངས་པ་དང་། མིང་དུ་འབོད་པའི་སྐབས་བྱ་ཞེས་པ་སྔོན་དུ་བཀོད་པ་སྟེ། འཇུག་ཚུལ་གྱི་གོ་རིམ་ཞིག་ན་བྱེད་བྱ་ཞེས་དགོད་དགོས་པ་ལས་བྱ་བྱེད་ཅེས་པ་དེ་ཅི་ཞིག འོན་ཀྱང་མགོ་མཇུག་ལྡོག་པ་ནི་དོན་གྱི་དབང་དུ་ཡུལ་ལམ་ལས་མ་འོངས་པ་ཡིན་པས་སྔོན་དང་བྱེད་པ་པོ་རྗེས་ལ་བྱུང་བས་སོ་སྙམ་ན་དེ་ཡང་རྟགས་འཇུག་གི་དགོངས་པ་མ་ཡིན་ཏེ། བྱེད་འབྲེལ་ལས་ཚིག་སྐབས་བྱེད་པ་པོའམ་བྱེད་པ་མེད་པར་ཡུལ་ལམ་ལས་འཇོག་ཏུ་མེད་པས་སོ། །བྱེད་པ་པོའམ་བྱེད་པ་ཡོད་པ་ཙམ་གྱིས་མི་ཆོག་སྟེ་ཡུལ་ལམ་ལས་ཡོད་དགོས་པས་ཕན་ཚུན་གཅིག་གིས་གཅིག་ལ་བརྟེན་དགོས་ཤིང་། ཕྱོགས་གཅིག་མ་འཛོམས་ཚེ་བྱ་བ་སྐྱེ་མི་ཐུབ་པས་བྱ་བ་སྐོར་གཅིག་ཡོད་དགོས་པས་དཔེར་ན་ཤིང་གཅོད་པའི་ཚེ། ཤིང་མཁན་གྱིས་རྒྱུད་ལ་ཀུན་སློང་སྐྱེ་བ་ནས་ཤིང་ཡོད་སར་འགྲོ་ཞིང་སྟ་རེ་ལག་ཏུ་བཟུང་བའམ་འཕྱར་བ་ཡན་ནི་བྱེད་ཅེས་པ་དང་། ཤིང་མཁན་གྱིས་སྟ་རེ་བསྣུན་པའམ་བཏབ་པའི་དབང་གིས་ཤིང་ལ་སྟ་ཁམ་ཐོན་པ་ཙམ་དུ་བྱ་བའི་ལས་འབྱུང་སྟེ། ཁམ་ཇེ་ཟབ་ཏུ་སོང་ནས་ཤིང་དུམ་བུར་མ་ཆད་གོང་གི་བྱ་བ་རྣམས་བྱ་བའི་ཡུལ་ལམ་ལས་ཞེས་པ་ཡིན་པས་བྱ་བ་སྐོར་གཅིག་གི་གོ་རིམ་དང་ཡང་གོ་ལྡོག་པ་ཞིག་གོ།
དེ་ནི་སི་ཏུའི་དགོངས་པ་ཡིན་མིན་དཔྱད་ན། རྟགས་ཀྱི་འཇུག་པའི་གཞུང་གི་རྣམ་པར་བཤད་པ་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་ལས།6 དེ་མ་ཤེས་ན་བྱེད་པ་པོ་དང་བྱ་བ་ཐ་དད་པ་དང་མི་དད་པའི་ལས་ཀྱི་ཚིག་སོ་སོར་ངོས་མི་ཟིན་ཅིང་། ཞེས་དང་། ཞར་ལས་གང་ཞིག་ལས་སམ་བྱ་རྒྱུ་དེ་དང་ཐ་མི་དད་པ་ལྟར་སྣང་བའི་བྱེད་པ་པོའི་ཚིག་རྣམས་ཀྱང་འས་འཕུལ་ཅན་དུ་ཤེས་དགོས་ཏེ།7 ཞེས་དང་། དེའང་དཔེར་ན་འཁོར་བར་འཁོར་རྒྱུ་སེམས་ཅན་རྣམས་ཡིན་ཞིང་། འཁོར་བ་པོའམ་འཁོར་བྱེད་ཀྱང་འཁོར་བཞིན་པའི་གནས་སྐབས་དེར་སེམས་ཅན་ཉིད་ལས་གཞན་དུ་མི་དམིགས་པས་བྱེད་པ་པོ་དང་བྱ་བ་ཐ་མི་དད་པའི་ཆ་ནས་འཁོར་བ་པོའམ་འཁོར་བྱེད་ཅེས་འ་འཕུལ་ཅན་དུ་ཀློག་པ་ཡིན་གྱི་བྱེད་པ་པོ་གཞན་ཞིག་ཡོད་པའི་ཆ་ནས་ནི་དེ་ལྟར་ཀློག་པ་མ་ཡིན་ནོ།།8 ཞེས་དང་། མ་ནིང་གི་འཇུག་པའི་སྐབས་སུ་བཤད་པ་ལྟར་སྨོས་མ་ཐག་པའི་བྱ་བྱེད་ཐ་དད་པ་དང་མི་དད་པ་གཉིས་ཀའི་བྱེད་ཚིག་རྣམས་ལ་ཚིག་གྲོགས་ཀྱིས་བསྒྱུར་པ།9 ཞེས་སོགས་ཀྱི་གཞུང་ཚིག་དག་ལ་བརྟེན་ནས་བྱ་ཚིག་གི་དབྱེ་བའི་མཇུག་སྡོམ་བྱས་པའམ་ཤན་ཞུགས་པ་ཡིན་པར་སྙམ། གཞུང་ཚིག་འདི་ནི་སྐབས་ཐོབ་ཀྱི་འགྲེལ་བཤད་དམིགས་བསལ་བའི་ཁྱད་ཆོས་རེ་ཡོད་པས་མ་ཡིན་ཡིན་མདོག་གིས་མན་ངག་ཡིན་པར་རློམ་པ་ནི་རྣམ་པར་འཁྱམས་པ་ཞིག་གོ།
ད་ནི་སི་ཏུའི་དགོངས་པ་དངོས་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་ལས་དང་། བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་ལས་གཉིས་འཆད་པ་ལ། རྟགས་འཇུག་གི་གཞུང་འདིར་ཚིག་འགའ་རེ་ལ་གཙོ་ཆེ་བ་ཙམ་ལ་དགོངས་པ་དང་། གསལ་ཁ་མ་བཏོད་པ། དངོས་སུ་བསྟན་པ། ཤུགས་ལ་བསྟན་པ། དངོས་ཤུགས་གང་གིས་ཀྱང་མ་བསྟན་པ་དག་ལ་བརྟེན་ནས་སྐབས་འདིར་གཞན་ལ་འཆད་པ་སོགས་ཀྱི་ཚེ། འཆད་པ་པོས་འཆད་བདེ་བ་དང་། ཉན་པ་པོའི་རྣ་བར་སྙན་ཞིང་དོན་གོ་བ་ལ་གསལ་ཁ་དོད་དུ་འགྲོ་བའི་དགོས་པར་གཟིགས་ནས་ལེགས་པར་བཤད་པ་སྟེ། གཞུང་ལས།10 ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །ཞེས་སོགས་ཀྱི་གོ་དོན་དཔྱིས་ཕྱིན་པར་བྱེད་པ་ལ། ཐོག་མར་འདི་ཤེས་དགོས་ཏེ། ལས་གང་ཞིག་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་དབང་དུ་བྱས་ནས། ཞེས་སོགས་ཀྱིས་བྱེད་འབྲེལ་ལས་ཚིག་ལ་བདག་གཞན་གྱི་དབྱེ་བ་འབྱེད་དུ་ཡོད་པར་གསུངས་པ་དང་། དེ་བཞིན་དུ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མ་འབྲེལ་ཇི་ལྟར་ཡང་རུང་བྱ་བ་བྱས་ཟིན་པ་ནི་དུས་འདས་པ་དང་། ཞེས་སོགས་ཀྱིས་བྱེད་འབྲེལ་དང་བྱེད་མེད་ལས་ཚིག་གཉིས་ཀར་དུས་གསུམ་གྱི་དབྱེ་བ་འབྱེད་དུ་ཡོད་པས་བདག་གཞན་ལས་དུས་གསུམ་ཁྱབ་ཆེ་བར་གསུངས་པ་དང་།11 འདིར་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མ་འབྲེལ་ཞེས་སྨོས་པ་ནི། དངོས་པོ་གང་ཞིག་ལ་ལས་གང་ཞིག་བྱེད་པ་པོ་གཞན་གྱིས་དངོས་སུ་སྒྲུབ་པར་བྱེད་པ་ནི་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་ལས་ཏེ། དཔེར་ན། ལྕགས་གསེར་དུ་བསྒྱུར་ཟིན། བསྒྱུར་བར་བྱ། སྒྱུར་བར་བྱེད། ཤིང་བཅད་ཟིན། གཅད་པར་བྱ། གཅོད་པར་བྱེད། འབྱུང་ཁུངས་ནས་ཕྱུང་ཟིན། དབྱུང་བར་བྱ། འབྱིན་པར་བྱེད་ལྟ་བུ་དུས་གསུམ་གྱི་དབྱེ་བས་ཤེས་པར་བྱ་ཞིང་། དངོས་པོ་གང་ཞིག་ལ་ལས་གང་ཞིག་བྱེད་པོ་གཞན་དངོས་སུ་མེད་པར་རང་གི་ངང་གིས་འགྲུབ་པར་སྣང་བ་འདི་ནི་བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་ལས་ཏེ། དཔེར་ན། ལྕགས་གསེར་དུ་གྱུརད་ཟིན། འགྱུར་བཞིན་པ། འགྱུར་བར་འགྱུར་རོ། །ཤིང་ཆད་ཟིན། འཆད་བཞིན་པ། འཆད་པར་འགྱུར་རོ། །གནས་ནས་བྱུང་། འབྱུང་བཞིན་པ། འབྱུང་བར་འགྱུར་རོ།། ཞེས་སོགས་ཀྱིས་བསྒྲེས་ནས་རྟོགས་པར་བྱའོ།།12 ཞེས་སྤྱིར་བསྟན་པའི་སྐབས་སུ་དངོས་བསྟན་བཤད་ནས་མཐའ་དཔྱད་པའི་སྐབས་སུའང་། ཡང་འགྲེལ་བྱེད་སྔ་མ་ཐམས་ཅད་ཀྱིས་འདི་སྐབས་ལས་ཀྱི་ཚིག་ལ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མ་འབྲེལ་གྱི་རྣམ་དབྱེ་མ་མཛད་པ་ནི་ཤིན་ཏུ་མི་ལེགས་ཏེ། དེ་མ་ཤེས་ན་བྱེད་པོ་དང་བྱ་བ་ཐ་དད་པ་དང་མི་ཐ་དད་པའི་ལས་ཀྱི་ཚིག་སོ་སོར་ངོས་མ་ཟིན་ཅིང་། དེ་མ་ཟིན་པས་འདིར་བསྟན་བདག་གཞན་གྱི་ཐ་སྙད་གང་ལ་འཇུག་པའི་ཚུལ་བཞིན་མ་རྟོགས་པར་ལོང་བའི་འཁར་བ་བཞིན་གར་འཛུགས་མེད་པའི་ཅལ་ཅོལ་མང་པོ་བྱུང་བར་སྣང་ངོ་།།13 ཞེས་གསལ་པོར་གསུངས་སོ། །དེའི་དགོངས་དོན་གོང་གི་རྣམ་གསལ་དཔེར་བརྗོད་ཀྱི་ལམ་ནས་གསལ་པོར་བཀོད་ན། ལྕགས་གསེར་དུ་བསྒྱུར་ཟིན་ཅེས་པ་ནི། དང་ཐོག་གསེར་ཞེས་པ་དེ་གྲུབ་མེད་ལ་རྡོ་ཡི་རང་བཞིན་ཡིན་པས་གང་ཟག་བཀྲ་ཤིས་ཀྱིས་ཐོ་བས་རྡོ་ལ་རེག་པའི་ཚེ་བྱ་ཡུལ་རྡོ་ལས་ཐ་དད་པར་སྒྱུར་བའི་བྱ་བ་བྱེད་པ་པོ་གཞན་ཡོད་པས་བདག་བྱུང་བ་དང་། དེ་ཡང་དངོས་སུ་བཀྲ་ཤིས་ཀྱི་ལག་པ་དང་འབྲེལ་བའི་ཚེ་བསྒྱུར་ཞེས་གཞན་བྱུང་བ་སྟེ། བྱེད་པ་པོ་བཀྲ་ཤིས་དང་བྱེད་པ་ཐོ་བ་ལས་ཐ་དད་པའི་བྱ་ཡུལ་རྡོ་ཡོད་པ་ཙམ་གྱིས་མི་ཆོག་པས་འདི་གཉིས་ཀྱི་བར་དུ་དངོས་སུ་འབྲེལ་བའི་མཐུད་བྱེད་དམ་རེག་པའི་བྱ་བ་ཡོད་དགོས་པས་དང་པོ་བྱེད་པ་པོ་གཞན་བཀྲ་ཤིས་ཀྱིས་རྒྱུད་ལ་གསེར་བཟོ་འདོད་ཀྱི་བསམ་པ་ཡོད་བཞིན་དུ་ལག་པས་ཐོ་བ་བཟུང་ནས་རྡོ་ལ་བསྣུན་ཅིང་མེ་ལ་སྲེག་པ་དང་བཞུ་བ་དང་རྡར་བ་སོགས་ཀྱི་མཐར་བྱ་བ་བསྒྱུར་ཟིན་ཅེས་པ་དེ་བྱུང་བ་ཡིན་པས་བྱེད་པ་པོ་དངོས་གཞན་དང་དངོས་སུ་འབྲེལ་བའི་ལས་ཚིག་དང་། ལྕགས་གསེར་དུ་གྱུརད་ཟིན་ཅེས་པ་ནི། བཀྲ་ཤིས་ཀྱི་མདུན་དུ་སྟབས་ལེགས་སྟེས་དབང་གིས་རྡོ་ཞིག་རང་བཞིན་གྱིས་གསེར་དུ་འགྱུར་བའི་ཚེ་རྡོ་རང་ཉིད་ལ་ཡོད་པའི་འབྱུང་བ་རྣམས་ཀྱི་བྱེད་པས་གཞན་བྱེད་པ་པོའི་ལག་ཆ་དང་དངོས་སུ་འབྲེལ་བ་མེད་ལ། བཀྲ་ཤིས་ཀྱི་བསོད་ནམས་བསགས་པའི་སྟོབས་ཀྱིས་འཕངས་པའི་འབྲས་བུ་ཡིན་ཡང་དེ་ནི་དངོས་སུ་མི་སྣང་བ་ཕྱིར་རོ། །དེས་རིགས་བསྒྲེས་ནས་དཔེར་བརྗོད་ལྷག་མ་རྣམས་ཀྱང་རྟོགས་པར་བྱ་དགོས་སོ། །དེ་བཞིན་དུ་བསྐོརད་དང་འཁོར། བསྒྲུབས་དང་གྲུབ། བསྐྱིལད་དང་འཁྱིལ། བཅད་དང་ཆད། བསད་དང་ཤི། སྤརད་དང་འབར། བསྐྱེད་དང་སྐྱེས། བསྣུབས་དང་ནུབ། བསློགས་དང་ལོག སྦྲེལད་དང་འབྲེལ། སྤེལད་དང་འཕེལ། སྤོས་དང་འཕོས། སྤྲད་དང་འཕྲོད། ཅེས་སོགས་ཀྱིས་མཚོན་ནས་ངེས་པར་བྱ་བ་ཡིན། དེ་ཕྱིར་དངོས་པོ་བདག་གཞན་ཡིན་ན་བྱེད་འབྲེལ་ལས་ཚིག་ཡིན་པས་ངེས་པ་དང་། བྱེད་འབྲེལ་ལས་ཚིག་ཡིན་ན་གང་ཟག་གི་རྩོལ་བ་ཡོད་པས་ངེས་པ། གང་ཟག་གི་རྩོལ་བ་ཡོད་ལ་བྱེད་འབྲེལ་ལས་ཚིག་ཡིན་པས་མ་ངེས་པ། དེ་བཞིན་བྱེད་འབྲེལ་ལས་ཚིག་ཡོད་ན་ངེས་པར་དུ་བྱེད་སྒྲ་སྦྱར་དགོས་པ་ལ་སོགས་བདག་གཞན་དུས་གསུམ་གྱི་འགྲོ་སྟངས་བློ་ངོར་འཆར་བདེ་བའམ་མ་འཛིངས་པར་རྟོགས་པ་ལ་དགེ་ཕན་ཤིན་ཏུ་ཆེ་ལ། དེ་ལྟར་བྱེད་འབྲེལ་དང་བྱེད་མེད་ལས་ཚིག་འདི་ནི་དུས་རབས་བཅོ་བརྒྱད་པར་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱི་རྣམ་དཔྱོད་ཀྱིས་བཀྲལ་བའི་རྣམ་གཞག་བོད་སྐད་ཀྱི་བྱ་ཚིག་གི་རང་བཞིན་གསལ་བར་སྟོན་པའི་གསུང་ཁྱད་ཆོས་བླ་ན་མེད་པ་ཞིག་ཡིན་པས་དེ་ནས་བཟུང་རིམ་བཞིན་དུས་རབས་ཉེར་གཅིག་པའི་བར་དུ་བརྡ་སྤྲོད་སྨྲ་བའི་མཁས་པའི་དབང་པོ་དག་གིས་གཞི་འཛིན་མཛད་པ་ཞིག་གོ།
དེ་ལྟར་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས།།
རྟོགས་པར་དཀའ་བའི་བྱ་ཚིག་རྣམ་གཞག་དག །
བྱེད་འབྲེལ་བྱེད་མེད་ལས་ཚིག་གཉིས་པོ་ཡི།།
སྒོ་ནས་ཐུ་མིའི་དགོངས་པ་ལེགས་པར་བཀྲལ།།
འོན་ཀྱང་རང་གཞུང་གཙང་མའི་ཞིང་ས་ལ།།
ལོག་པར་བཀྲལ་བའི་ས་བོན་བཏབ་པར་མཛད།།
འབྲས་བུས་དབེན་པའི་ལྗོན་ཤིང་སྐྱེས་པ་ལ།།
མིག་མེད་དོན་གཉེར་ཅན་གྱིས་དེ་རུ་འཇུག །
དེའི་ཕྱིར་གཙུག་ལག་སྣང་བའི་དགོངས་པ་དངོས།།
ལེགས་པར་བཀྲལ་བའི་དགེ་འབྲས་མཆིས་པ་དེས།།
ལས་ཚིག་གཉིས་ཀྱིས་དབུལ་བའི་བློ་ལྡན་དག །
འབྱུང་འགྱུར་མན་ངག་འདི་ལ་འཇུག་པར་ཤོག །
- ༡༩༩༣ མི་རིགས་དཔེ་སྐྲུན་ཁང་། ཀྲང་དབྱི་སུན་གྱིས་གཙོ་འགན་བཞེས་ནས་རྩོམ་སྒྲིག་བྱས་པ། ཤོག་གྲངས། ༡༦
- ༢༠༡༤ གློག་རྡུལ་འཁྲུལ་དེབ་ཁང་། བོད་ཀྱི་ཤེས་རིག་རྨང་གཞི་ཚོགས་ཆུང་ནས་བསྒྲིགས་པ།
- ༢༠༡༠ བོད་གཞུང་ཤེས་རིག་ལས་ཁུངས། ངམ་རིང་བློ་བཟང་བསྟན་དར།
- ༢༠༠༣ ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། མཁྱེན་རབ་འོད་གསལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས། ཤོག་གྲངས། ༣༨༦
- ༢༠༠༧ གངས་ཅན་རིག་གཞུང་དཔེ་རྙིང་མྱུར་སྐྱོབ་ལྷན་ཚོགས།༼གསུང་འབུམ་ཁ་པ།༽ས་མཐའི་རྣམ་གྲངས་མདོ་མཚོན། ཤོག་གྲངས། ༦༩༡
- ༢༠༠༥ བོད་གཞུང་ཤེས་རིག་པར་ཁང་། སི་ཏུ་ཆོས་ཀྱི་འབྱུང་གནས་གཙུག་ལག་ཆོས་ཀྱི་སྣང་བ། ཤོག་གྲངས། ༡༤༥
- ༢༠༠༥ བོད་གཞུང་ཤེས་རིག་པར་ཁང་། སི་ཏུ་ཆོས་ཀྱི་འབྱུང་གནས་གཙུག་ལག་ཆོས་ཀྱི་སྣང་བ།ཤོག་གྲངས། ༡༦༩
- ༢༠༠༥ བོད་གཞུང་ཤེས་རིག་པར་ཁང་། སི་ཏུ་ཆོས་ཀྱི་འབྱུང་གནས་གཙུག་ལག་ཆོས་ཀྱི་སྣང་བ། ཤོག་གྲངས། ༡༧༡
- ༢༠༠༥ བོད་གཞུང་ཤེས་རིག་པར་ཁང་། སི་ཏུ་ཆོས་ཀྱི་འབྱུང་གནས་གཙུག་ལག་ཆོས་ཀྱི་སྣང་བ། ཤོག་གྲངས། ༡༧༢
- ༢༠༠༥ བོད་གཞུང་ཤེས་རིག་པར་ཁང་། སི་ཏུ་ཆོས་ཀྱི་འབྱུང་གནས་གཙུག་ལག་ཆོས་ཀྱི་སྣང་བ། ཤོག་གྲངས། ༡༣༨
- ༢༠༠༥ བོད་གཞུང་ཤེས་རིག་པར་ཁང་། སི་ཏུ་ཆོས་ཀྱི་འབྱུང་གནས་གཙུག་ལག་ཆོས་ཀྱི་སྣང་བ། ཤོག་གྲངས། ༡༣༨
- ༢༠༠༥ བོད་གཞུང་ཤེས་རིག་པར་ཁང་། སི་ཏུ་ཆོས་ཀྱི་འབྱུང་གནས་གཙུག་ལག་ཆོས་ཀྱི་སྣང་བ། ཤོག་གྲངས། ༡༤༠
- ༢༠༠༥ བོད་གཞུང་ཤེས་རིག་པར་ཁང་། སི་ཏུ་ཆོས་ཀྱི་འབྱུང་གནས་གཙུག་ལག་ཆོས་ཀྱི་སྣང་བ། ཤོག་གྲངས། ༡༤༥