རྩོམ་སྒྲིག་པ།
ཤིང་མཁན་གྱི་མིང་།
ཤིང་མཁན་ཞེས་པ་ཤིང་བཟོ་སྟེ།།
༡༽ ཤིང་བཟོ། ཤིང་གི་ཡོ་བྱད་འདྲ་མིན་བཟོ་མཁན་གང་ཟག་གི་ཐ་སྙད་དོ།།
ཚོས་མཁན་གྱི་མིང་།
བཙོ་བླག་མཁན་ནི་ཚོས་མཁན་མིང་།།
༡༽ བཙོ་བླག་མཁན། རས་ཆ་སོགས་ཆུའི་ནང་དུ་ཚོས་དང་མཉམ་དུ་བཙོས་ཏེ་ཁ་དོག་སྒྱུར་མཁན་ལའོ།།
སྒྱུ་མའི་མིང་།
མིག་འཕྲུལ་བྱེད་པ་སྒྱུ་མའི་མིང་།།
༡༽ མིག་འཕྲུལ་བྱེད་པ། ཤིང་དང་རྡེའུ་སོགས་ལ་སྔགས་བཏབ་ནས་མིག་འཁྲུལ་དུ་འཇུག་པར་བྱེད་པས་སོ།།
ཟློས་གར་མཁན་གྱི་མིང་།
ཟློས་གར་མཁན་ནི་གར་པ་སྟེ།།
༡༽ གར་པ། ཆ་ལུགས་དང་རྣམ་འགྱུར་སྣ་ཚོགས་པའི་སྒོ་ནས་ལུས་ཀྱིས་བྲོ་གར་འཁྲབ་པར་བྱེད་པའི་གང་ཟག་གོ།
ཆང་མའི་མིང༌།
མྱོས་བྱེད་ཟོང་ཅན་ཆང་མའི་མིང་།།
༡༽ མྱོས་བྱེད། ཆང་བཙོངས་ཤིང་ཆང་གིས་མྱོས་པར་བྱེད་དུ་འཇུག་པའི་བུད་མེད་ཀྱི་མིང་ངོ་།།
༢༽ ཟོང་ཅན། ཆང་བཙོངས་ཏེ་འཚོ་བ་སྐྱེལ་བའམ་ཆང་གི་རིན་དུ་དངུལ་ལམ་ཟོང་གསོག་པའི་བུད་མེད་ལ་དེ་ལྟར་གྲགས།
རྔོན་པའི་མིང༌།
གཡུང་པོ་གདོལ་བ་རིགས་ངན་ཏེ།།
གསོད་པོ་གཤེད་མ་ཤ་བ་རི།།
གཤན་པ་ལིངས་པ་རྔོན་པའི་མིང་།།
༡༽ གཡུང་པོ། མིའི་རིགས་ལས་ནུས་སྟོབས་དང་ཆེ་མཐོང་ཞན་པས་སོ།།
༢༽ གདོལ་བ། རྒྱ་གར་གྱི་རིགས་བཞིའི་ཡ་གྱལ་ཞིག་གི་མིང་སྟེ་རྔོན་པ་ཡང་དེ་དང་འདྲ་བ་དམན་སྤྱོད་ཅན་ཡིན་པས་སོ།།
༣༽ རིགས་ངན། རྔོན་པའི་རིགས་ནི་དམན་པའམ་ངན་པ་ཞིག་ལ་རྩི་ཞིང་དེ་ལྟར་ཐོགས་སོ།།
༤༽ གསོད་པོ། རྔོན་པས་ཉེས་མེད་ཀྱི་རི་དྭགས་སོགས་གསོད་པར་བྱེད་པས་ནའོ།།
༥༽ གཤེད་མ། རི་དྭགས་སོགས་ཀྱི་ཚེ་སྲོག་གི་གཤེད་མའམ་སྲོག་གཅོད་པར་བྱེད་པས་སོ།།
༦༽ ཤ་བ་རི། རི་ལ་གནས་པའི་ཤ་བ་སོགས་གསོད་ཅིང་འཚོ་བ་སྐྱེལ་བས་སོ།།
༧༽ གཤན་པ། སེམས་ཅན་གཞན་གྱི་སྲོག་འཕྲོག་པར་བྱེད་པས་སོ།།
༨༽ ལིངས་པ། རི་དྭགས་གསོད་མཁན་གྱི་མིང་གི་རྣམ་གྲངས་ཤིག་གོ།
དམག་ཚོགས་མིང༌།
རུ་པ་དཔུང་ཚོགས་དམག་དཔུང་དང༌།།
ཡན་ལག་བཞི་པ་དམག་ཚོགས་མིང་།།
༡༽ རུ་པ། དམག་སྡེའམ་ཤོག་ཁག་དུ་མ་ཡོད་པའི་དཔུང་ཚོགས་ཀྱི་མིང་ངོ་།།
༢༽ དཔུང་ཚོགས། དམག་གི་སྡེ་ཁག་མང་པོ་སྤུངས་པའམ་མཉམ་དུ་ཚོགས་པ་ལའོ།།
༣༽ དམག་དཔུང་། དམག་མི་མང་པོ་མཉམ་དུ་ཚོགས་པའི་སྡེ་ཁག་ལ་གོ།
༤༽ ཡན་ལག་བཞི་པ། དམག་དཔུང་ལ་ནང་གསེས་སུ་མཁའ་དམག་དང་། མཚོ་དམག རྟ་དམག རྐང་དམག་བཅས་ཡན་ལག་བཞི་དང་ལྡན་པས་སོ།།
གླང་པོའི་མིང་།
ལག་ལྡན་གཉིས་འཐུང་མྱོས་བུམ་ཅན།།
སོ་ལྡན་ཉི་བུ་སོ་གཉིས་པ།།
དབྱུག་པའི་སྣ་ཅན་གླང་པོའི་མིང་།།
༡༽ ལག་ལྡན། གླང་ཆེན་གྱི་སྣ་ནི་ལག་པ་དང་འདྲ་བར་ཟས་སོགས་ཟ་བ་ལ་བེད་སྤྱོད་ཆོག་པས་དེ་ལྟར་བཤད།
༢༽ གཉིས་འཐུང་། གླང་ཆེན་གྱིས་ཆུ་སོགས་འཐུང་སྐབས་དང་པོ་སྣ་ཡིས་བཅུས། དེ་ནས་ཁར་བླུགས་ཏེ་ཐེངས་གཉིས་འཐུང་བར་བྱེད་པས་སོ།།
༣༽ མྱོས་བུམ་ཅན། མྱོས་བུམ་ནི་བུད་མེད་ཀྱི་ནུ་མའི་མངོན་བརྗོད་ཡིན་ཞིང་གླང་ཆེན་གྱི་མགོ་སྟེང་གི་ཤ་རྡོག་པོ་དེ་ཡང་ནུ་མ་དང་འདྲ་བས་དེ་ལྟར་བཏགས།
༤༽ སོ་ལྡན། གླང་ཆེན་ནི་སོའམ་མཆེ་བ་རིང་པོ་དང་ལྡན་པས་ནའོ།།
༥༽ ཉི་བུ། གླང་ཆེན་གྱི་ཕ་ཉི་མ་ཡིན་པར་གྲགས་པས་བཏགས་སོ།།
༦༽ སོ་གཉིས་པ། གླང་ཆེན་ལ་མཆེ་བ་ཆེ་ཞིང་རིང་བ་གཉིས་ཡོད་པས་སོ།།
༧༽ དབྱུག་པའི་སྣ་ཅན། གླང་ཆེན་གྱི་སྣ་རིང་ཞིང་མཁྲེགས་པ་ནི་དབྱུག་པ་དང་འདྲ་བས་དེ་ལྟར་ཐོགས་སོ།།
རྟ་སྤྱིའི་མིང་།
མགྱོགས་འགྲོ་རྒྱབ་འཛིན་རྟག་ཏུ་ཟ།།
དཔལ་བུ་རྔ་ཡབ་མཇུག་མ་ཅན།།
རླུང་སྐྱེས་བང་ལྡན་རྟ་སྤྱིའི་མིང་།།
༡༽ མགྱོགས་འགྲོ། རྟ་ནི་མགྱོགས་པའི་བང་དང་ལྡན་པས་སོ།།
༢༽ རྒྱབ་འཛིན། རྟ་ཡིས་རྒྱབ་ཏུ་མི་དང་ཁལ་སོགས་འཛིན་ཞིང་འགྲོ་བས་ནའོ།།
༣ ༽ རྟག་ཏུ་ཟ། རྟ་ཡིས་ཉིན་མཚན་མེད་པར་རྩྭ་སོགས་ཟ་བར་བྱེད་པས་སོ།།
༤ ༽ དཔལ་བུ། རྟ་ཡི་གཟུགས་དབྱིབས་ཧ་ཅང་མཛེས་ཤིང་བཀོལ་སྤྱོད་ཀྱི་ཕན་ནུས་སོགས་དཔལ་དང་ལྡན་པས་སོ།།
༥༽ རྔ་ཡབ་མཇུག་མ་ཅན། རྟ་ཡི་མཇུག་མ་ནི་རྔ་ཡབ་དང་འདྲ་ཞིང་རིང་པོ་ཡོད་པས་སོ།།
༦༽ རླུང་སྐྱེས། རྟ་བཞོན་ཏེ་མགྱོགས་པོ་རྒྱུག་པའི་ཚེ་ཤུགས་ཚད་ཀྱིས་རླུང་འབྱུང་བས་དེ་ལྟར་བཏགས།
༧༽ བང་ལྡན། རྟ་ལ་བང་རྩལ་ལམ་མགྱོགས་པའི་འགྲོས་དང་ལྡན་པས་སོ།།
རྟ་མཆོག་མིང༌།
ཅང་ཤེས་ལེགས་འགྲོ་རླུང་གཤོག་ཅན།།
རིགས་ལྡན་གྱི་ལིང་རྟ་མཆོག་མིང་།།
༡༽ ཅང་ཤེས། རྟ་མཆོག་ནི་ཤིན་ཏུ་སྤྱང་གྲུང་ལྡན་པ་སྟེ་མི་ཡི་སྐད་ཉན་ནས་དེ་མཐུན་གྱིས་འགྲོ་ཤེས་པས་སོ།།
༢༽ ལེགས་འགྲོ། འགྲོས་གོམ་ཤིན་ཏུ་ལེགས་པས་སོ།།
༣༽ རླུང་གཤོག་ཅན། རྟ་མཆོག་ལ་རླུང་གི་གཤོག་པ་དང་ལྡན་པར་གྲགས་པས་སོ།།
༤༽ རིགས་ལྡན། རྟ་རྣམས་ལས་རིགས་མཆོག་ཏུ་གྱུར་པའམ་རིགས་བཟང་ཤོས་ཡིན་པས་སོ།།
༥༽ གྱི་ལིང་། རྟ་མཆོག་བཞོན་རྟ་རྣམས་ཀྱི་ནང་ནས་ཕུལ་དུ་བྱུང་བ་ཡིན་པས་སོ།།
ཤིང་རྟའི་མིང་།
ལམ་བགྲོད་སྒྲ་ལྡན་ཤིང་རྟ་སྟེ།།
༡༽ ལམ་བགྲོད། ཤིང་རྟ་ནི་ལམ་ཁ་རིང་ཐུང་གང་དུའང་བགྲོད་པར་བྱེད་པས་སོ།།
༢༽ སྒྲ་ལྡན། རྨིག་ལྕགས་སོགས་བརྒྱབ་ཡོད་པས་འགྲོ་བའི་ཚེ་ཆག་སྒྲ་གྲག་པས་སོ།།