ཚེ་ཕྱི་མར་མཇལ་བའི་སྨོན་ལམ།

ལོ་རིམ་དང་པོའི་སློབ་གཉེར་བ། བསམ་གྲུབ་ཚེ་རིང་།

དང་པོ།

འདི་ནི་ནམ་ཟླ་དཔྱིད་ཀའི་དུས་ཤིག་སྟེ། གཡས་གཡོན་ནས་གངས་རིའི་ར་བས་བསྐོར་ལ། ས་ཕྱོགས་གང་སར་བལྟས་ཀྱང་སྔོ་ལྗང་གིས་སྤུད་པའི་རི་ངོས་ལ་མེ་ཏོག་གི་མཚར་སྡུག་སྣ་ཚོགས་ཀྱིས་ཁྱབ་སྟེ། རྐང་དྲུག་བུང་བའི་གླུ་དབྱངས་ཀྱིས་ཚོར་སྣང་ཁྱད་པར་བ་ཞིག་སྟེར་བར་བྱེད་ཅིང་། སྤང་ལྗོངས་གཡུ་ཡི་མེ་ལོང་བཤམས་པ་དང་འདྲ་ལ། རི་བོའི་ངོས་དག་ནས་ཀྱང་དྭངས་བསིལ་གྱི་རྦབ་ཆུ་ཆལ་ཆིལ་དུ་འབབ། གཞན་ཡང་རི་ལྡེབས་ཀྱི་ནགས་ཚལ་དེ་ནས་ཀྱང་ཁུ་བྱུག་གི་གསུང་དབྱངས་དང་དྭངས་བསིལ་འབབ་ཆུའི་སྒྲ་དབྱངས་ལྷང་ལྷང་དུ་གྲག་ཡོང་བའི་ས་གནས་འདི་ནི། མོན་སྤང་ཆེན་ལྡིང་དྲུག་ཅེས་པའི་ཡུལ་དེ་ཡིན། ཡུལ་འདིར་གནས་པའི་རྒད་པོ་རྒན་མོ་དག་གི་ཟེར་སྲོལ་ལྟར་ན་གནས་འདིིའི་གྲོང་མི་རྣམས་ཀྱིས་སེམས་ཅན་ལ་འཚེ་བ་དང་ཁྱད་པར་དུ་སྲོག་གཅོད་སྤངས་པས་བླ་མ་རྣམས་ཀྱིས་གྲོང་འདིའི་མིང་ལ་སྤང་ཆེན་ཞེས་བཏགས་པ་ཡིན་ཚུལ་བཤད།
ལྡིང་དྲུག་ཅེས་པ་ནི་ས་གནས་འདིར་གྲོང་ཁག་དྲུག་ཙམ་ཡོད་པས་ལྡིང་དྲུག་ཅེས་གྲགས། གནས་འདིར་དུས་ད་ལྟའང་སེམས་ཅན་གྱི་སྲོག་གཅོད་མི་ཆོག་པ་དང་གལ་ཏེ་སྲོག་བཅད་ན་སྒོར་ལྔ་སྟོང་ཐམ་པ་ཉེས་ཆད་སྤྲོད་དགོས་པའི་ལུགས་སྲོལ་ཡོད། མ་ཟད་ཡུལ་མི་རྣམས་ནི་ཆོས་ལ་དད་པ་ཅན་ཤ་སྟག་སྟེ། ཟླ་བ་བྱུང་ངོ་ཅོག་གི་ཉ་སྟོང་ཚེས་བརྒྱད་དང་ཡར་ངོའི་ཚེས་བཅུ་སོགས་ལ་ཞིང་པ་དག་གིས་ཞིང་ལས་དང་། ལས་ཀ་གཞན་རྣམས་མཚམས་འཇོག་བྱས་ཏེ་ཚོགས་མཆོད་འབུལ་བ་དང་། ཡུལ་མི་ཚོས་མཉམ་འཛོམས་ཐོག་མ་ཎི་དང་སིདྡྷི་གསོག་སྒྲུབ་བྱེད་ཅིང་། སྔ་དྲོ་དུས་རྟག་པར་ཁང་མིག་རེ་རེ་ནས་བསང་དུད་སྔོ་ལོང་ལོང་དུ་འཕྱུར་ཡོང་། འོན་ཀྱང་གནས་འདིར་ཕྱི་ནང་གི་མཐུན་རྐྱེན་གང་ཅིའི་ཐད་ནས་དམན་པ་ཞིག་ཡིན་སྟབས་སློབ་གྲྭ་དང་། སྨན་ཁང་སོགས་གང་ཡང་མེད། དེས་ན་ཚང་མ་སྒོ་ཕྱུགས་དང་ར་ལུག་གི་རྗེས་སུ་འགྲོ་ཞིང་། ལག་ན་གྲི་དང་སྟ་རེ། ཏོག་ཙེ་སོགས་ཐོགས་མྱོང་བ་ལས་གཞན་མ་མཆིས། དེས་མ་ཟད་ལྡིང་དྲུག་གི་གྲོང་ཚོའི་ནང་རླངས་འཁོར་དང་། སྣུམ་འཁོར་དེ་དག་ཕར་བཞག་གློག་བརྙན་གྱི་མཐུན་རྐྱེན་ཡང་ཁྱིམ་ཚང་གཅིག་རང་སྟེ། དེ་ནི་སངས་རྒྱས་རིན་ཆེན་གྱི་ཁྱིམ་ཚང་ཡིན།
ཁོང་ལ་སྙིང་གི་ནོར་བུ་ལྟ་བུའི་བུ་ཞིག་ཡོད་པ་དེའི་མིང་ལ་པདྨ་སངས་རྒྱས་ཟེར། ཁོ་ནི་རང་བཞིན་གྱིས་མི་གཤིས་བཟང་ལ་བརྟན་པ་དང་། དུས་དང་རྣམ་པ་ཀུན་ཏུ་མི་མཐོ་དམན་བཟང་ངན་སུ་ལའང་ཁྱད་གསོད་དང་སྣང་ཆུང་མི་བྱེད་པར་མ་ཟད་ཀུན་དང་མཐུན་པོར་བྱེད། བུ་པདྨ་སངས་རྒྱས་ན་ནིང་ལོར་རྟ་དབང་ཕྱོགས་ན་ཡོད་པའི་འབྲིང་རིམ་སློབ་གྲྭ་ནས་མཐར་སོན་ཏེ། ལོ་རྗེས་མར་མཐོ་རིམ་སློབ་གྲྭར་འགྲིམ་དགོས་པའི་ཨ་ཕས་བཀའ་ཡང་ཡང་གནང་བ་ལྟར་ད་ལྟ་དུས་ཡུན་ཟླ་བ་གཅིག་ཙམ་མ་གཏོགས་ལྷག་མེད། ཕ་སངས་རྒྱས་རིན་ཆེན་གྱིས་བཤད་པ་ལྟར་ན། དེ་སྔོན་བུ་འབྲིང་རིམ་སློབ་གྲྭར་བཏང་བ་དང་། རྗེས་མར་མཐོ་རིམ་སློབ་གྲྭར་གཏང་རྒྱུ་སོགས། ཐབས་ལམ་དེ་དག་གློག་བརྙན་བལྟས་པ་ལས་རྙེད་པ་ཡིན་ཟེར། ཕ་སངས་རྒྱས་རིན་ཆེན་གྱིས་བུ་ལ་མི་ཡ་རབས་དང་རང་བཞིན་གྱིས་གཤིས་རྒྱུད་བཟང་པོ་ཡོང་བ་དཀོན་ནའང་ཆུང་དུས་ནས་སྦྱང་བརྩོན་བྱས་ན་བསྒྱུར་བཅོས་གཏང་རྒྱུ་ཡོད་པ་དང་། མི་ཀུན་དང་མཐུན་པོ་བྱེད་དགོས་པ། མི་བརྟན་པོ་ནི་དེ་བས་ཀྱང་གལ་འགངས་ཆེ་བ་དང་སློབ་གྲྭའི་དགེ་རྒན་དང་རང་ལས་རྒན་པ་ལ་བརྩི་བཀུར་བྱེེད་དགོས་པ་སོགས་མཐའ་དོན་དུ་སློབ་གྲྭར་འགྲིམས་པའི་གྲུབ་འབྲས་བཟང་པོ་ལོན་ཐུབ་པའི་རེ་བ་དང་བཅས་བསླབ་བྱ་མང་པོ་ཞིག་གནང་།
ཉིན་དེར་བུ་པདྨ་སངས་རྒྱས་ནི་གོམ་པའི་འདེགས་འཇོག་བུམ་ཏི་ལ་ཡི་ཕྱོགས་སུ་བསྒྱུར།

གཉིས་པ།

དེ་རིང་ནི་བུ་པདྨ་སངས་རྒྱས་མཐོ་རིམ་འགྲིམ་བཞིན་པའི་ཉིན་མོ་ཞིག་སྟེ། གནམ་གཤིས་དྭངས་པོ་མེད་པས་དེ་བས་ཀྱང་ཁོ་ལ་ཕ་མ་སྤུན་མཆེད་དང་ཁ་བྲལ་བའི་སྐྱོ་གདུང་དང་། དེ་སྔོན་གནས་འདིར་སླེབས་མྱོང་མེད་ལ་རྩེད་གྲོགས་དང་ཡུལ་ལུང་གཅིག་པའི་མི་ངོ་ཤེས་སུ་ཞིག་ཀྱང་མཐོང་རྒྱུ་མེད་སྟབས་ཁེར་རྐྱང་ཡིན་པས་སྡུག་བསྔལ་བཟོད་གླགས་བྲལ་ཏེ་སེམས་སྐྱོ་ལྷང་ལྷང་ངང་འཛིན་གྲྭའི་ཕྱོགས་སུ་བསྐྱོད། ཁོ་རང་ཁུ་སིམ་སིམ་ངང་འཛིན་ཁང་དེའི་ནང་དུ་འཛུལ། དེར་མི་མང་པོ་ཞིག་ཡོད་ཀྱང་དེ་དག་ནི་ཁོ་དང་འབྲེལ་འདྲིས་མེད་པས་ངོ་ཤེས་མཁན་སུ་གཅིག་ཀྱང་མེད། གང་འདྲ་ཞིག་བྱེད་དགོས་པའང་མགོ་མི་འཚོས་པར་ཁོ་རང་བསམ་གཞིག་གི་ཀློང་དུ་ཚུད། གང་འཚམས་ནས་རྒན་ལགས་ཕེབས་བྱུང་། དེར་ཡོད་སློབ་ཕྲུག་ཡོངས་རྫོགས་ཀྱིས་ལྷན་དུ་རྒན་ལགས་མཆོག་ལ་འཚམས་འདྲིའི་ཚུལ་དུ་”སྔ་དྲོ་བདེ་ལེགས་”ཞུས། ཉིན་དེར་རྒན་ལགས་ཀྱིས་”ང་ཡི་མིང་ལ་བསྟན་འཛིན་རིན་ཆེན་ཟེར་གྱི་ཡོད་”ཅེས་རང་གི་ངོ་སྤྲོད་དང་སྦྲགས་ཤེས་ཡོན་གྱི་སྐོར་ལ་གསུང་བཤད་གནང་། དེ་ནས་རིམ་བཞིན་སློབ་ཕྲུག་རྣམས་ལ་རང་ཉིད་ཀྱི་ངོ་སྤྲོད་དང་ཤེས་ཡོན་སྐོར་གྱི་བསམ་འཆར་བཤད་དུ་བཅུག
མཐོ་སློབ་དེར་རྒྱ་གར་དང་འབྲུག བལ་ཡུལ་དང་བོད། མོན་སོགས་ཀྱི་ཡུལ་གྲུ་ཁག་མི་འདྲ་བ་མང་པོ་ཞིག་ནས་ཡོང་བའི་སློབ་ཕྲུག་བཞི་བརྒྱ་ལྷག་ཙམ་ཡོད། སློབ་གྲྭ་དེ་ལས་ཅུང་མི་རིང་བའི་སར་ཐོག་ཁང་གསུམ་བརྩེགས་ཅན་གྱི་ཁང་པ་གཉིས་ཡོད་པ་ལས། གཅིག་ནི་བུ་རྣམས་ཀྱི་སྡོད་ཁང་དང་གཅིག་ནི་བུ་མོ་ཚོའི་སྡོད་ཁང་ཡིན། དེ་གཉིས་ཀྱི་བར་དུ་མཐོ་སློབ་ཀྱི་ཚོགས་གཙོ་གཙོས་པའི་དགེ་རྒན་རྣམས་ཀྱི་བཞུགས་ཁང་དང་། ཟུར་ཕྱོགས་ཤིག་ན་ལྕགས་ཤོག་ཚོན་མདོག་སེར་པོ་ཅན་གྱིས་ཐོག་ཕུབ་པའི་སྤྱིལ་པོ་འདྲ་བའི་ཁང་ཆུང་གོར་གོར་ཞིག་ཡོད་པ་དེ་ནི། སློབ་མ་ཚོའི་གད་སྙིགས་བླུག་ས་ཡིན། པདྨ་སངས་རྒྱས་ལ་མཚོན་ན་དང་ཐོག་ས་གནས་འདིའི་ཁོར་ཡུག་དང་འདྲིས་པར་ཅུང་ཁག་པོ་བྱུང་ནའང་། རིམ་གྱིས་འཛིན་གྲྭ་གཅིག་པའི་གྲོགས་པོ་གྲོགས་མོ་ཚོ་དང་ངོ་ཤེས་སུ་གྱུར། ཁོས་ཉི་མ་རེ་རེ་བཞིན་རང་ནུས་གང་ལྕོགས་ཀྱིས་སློབ་ཚན་དག་ལ་བརྩོན་འགྲུས་ཀྱིས་རྒྱུན་སྐྱོང་འགོ་བརྩམས།
དེ་རིང་རེས་གཟའ་ཉི་མ་ཡིན་སྟབས་ནམ་རྒྱུན་བཞིན་སློབ་གྲྭ་ཡང་གུང་སེང་ཡིན་པར་བརྟེན། པདྨ་སངས་རྒྱས་ཀྱིས་ཁོ་རང་གི་ཉལ་ཁང་གཙང་མ་བཟོ་བ་དང་སྒེའུ་ཁུང་སོགས་ཀྱི་ཤེལ་སྒོ་བྱི་དོར་བྱས་རྗེས་ཤོག་ཧྲུལ་དང་གོས་ཧྲུལ་བེད་སྤྱོད་མེད་པའི་ཅ་དངོས་དག་ལག་ཏུ་ཁྱེར་ཏེ། ལྕགས་ཤོག་ཚོན་མདོག་སེར་པོ་ཅན་གྱིས་ཐོག་ཕུབ་པའི་སྤྱིལ་པོ་འདྲ་བའི་ཁང་ཆུང་གོར་གོར་དེར་གཡུག་ཏུ་ཕྱིན། ཁོའི་འཛིན་གྲོགས་ཟླ་བ་ལྷ་མོ་དང་ཀརྨ་ལྷ་མོ། ད་དུང་ཁོང་ཚོའི་མཉམ་པོར་སྔར་མཐོང་མ་མྱོང་བའི་བུ་མོ་གཞན་ཞིག་དང་བཅས་ཁོང་གསུམ་པོའི་ལག་ཏུ་གད་སྙིགས་མང་དག་ཅིག་ཁྱེར་ཏེ་ས་གནས་དེར་སླེབས་འདུག སྔར་མཐོང་མ་མྱོང་བའི་བུ་མོ་དེའི་མིང་ལ་ལྷ་མོ་ཟེར་གྱི་ཡོད་པ་འཛིན་གྲོགས་གཉིས་ཀྱིས་ཁོ་ལ་ངོ་སྤྲོད་བྱས། མོ་རང་དགོད་འཛུམ་འཛུམ་ངང་ཁོའི་གདོང་ལ་མིག་གིས་ལྟ་ཙམ་ལྟ་ཙམ་བྱེད་པ་ལས་སྐད་ཆ་གང་ཡང་མི་ཤོད་པར་མ་ཟད། གདོང་ལ་ངོ་ཚ་བའི་རྣམ་འགྱུར་ཞིག་ཀྱང་གསལ། དེ་གར་ཁོང་ཚོ་ནང་ཕན་ཚུན་སྐད་ཆ་ཤོད་རེས་ཀྱིས་ཡུད་ཙམ་བསྡད་རྗེས་ཁོང་གསུམ་ཕྱིར་ལོག་པ་དང་པདྨ་སངས་རྒྱས་ཀྱང་ཉལ་ཁང་དུ་ལོག་ཕྱིན།

གསུམ་པ།

ཕྱི་ཉིན་ནམ་རྒྱུན་ལྟར་སླར་ཡང་འཛིན་གྲྭ་འཚོག་སྐབས། འཛིན་གྲྭའི་དགེ་རྒན་རྐུབ་སྟེགས་སྟེང་ལྷོད་ཀྱིས་བཞུགས་ནས་ཁོང་གིས་ “ད་ནི་དགེ་རྒན་དུས་ཆེན་གྱི་ཉིན་མོ་སླེབ་ལ་ཉེ་བས། གཞས་དང་ཞབས་བྲོ་གྲ་སྒྲིག་བྱེད་དགོས་”ཞེས་བཀའ་གནང་། ཉིན་དེ་ནས་བཟུང་ཕྱི་དྲོ་དུས་རྟག་པར་སློབ་གྲྭའི་ཚོགས་ཁང་ཆེན་མོའི་ནང་འཛིན་གྲོགས་རྣམས་ཀྱིས་གཞས་དང་ཞབས་བྲོ་སྦྱོང་བརྡར་བྱ་རྒྱུའི་ཐག་གཅོད་བྱས་པས། ཕྱི་དྲོ་དེར་པདྨ་སངས་རྒྱས་དང་ཁོའི་འཛིན་གྲོགས་བློ་བཟང་གཉིས་ལྷན་དུ་ཚོགས་ཁང་ཆེན་མོའི་ཕྱོགས་སུ་བསྐྱོད། དེར་དགེ་རྒན་དུས་ཆེན་གྱི་ཉིན་མོའི་ཆེད་གཞས་དང་ཞབས་བྲོ་སྦྱོང་མཁན་འཚང་ཁ་ཤིག་ཤིག་མཆིས། ཁོང་གཉིས་ཀྱང་དེར་ཕྱིན་ནས་སྦྱོང་བཞིན་པའི་སྐབས་སུ། མི་མང་ཆེ་བའི་ངོ་གདོང་ལ་སྐྱིད་མདོག་གིས་འཛུམ་ཤིག་ཤིག་ཡོད་པར་མ་ཟད། གཞན་དང་མི་འདྲ་བའི་བཞིན་རས་ཡོངས་སུ་འཛུམ་གྱིས་ཁེངས་པའི་བུ་མོ་གཅིག་གིས་པདྨ་སངས་རྒྱས་ལ་བལྟས་ཏེ་ལག་པ་གནམ་ལ་བཀྱགས་ནས་བརྡ་བྱས། བུ་མོ་དེ་ནི་གཞན་མིན་པར་ལྷ་མོ་ཡིན། ཁོ་རང་མོའི་རྩར་ཕྱིན་ནས་ཡར་མར་གྱི་སྐད་ཆ་མང་པོ་བཤད། དེ་དུས་ཁོའི་སེམས་ཀྱི་ཚོར་བ་ནི་ཅི་འདྲའི་བརྗོད་མི་ཐུབ་པ་ཞིག་དང་། སེམས་བསམ་པའི་གཏིང་ནས་དགའ་བ་གསལ་བཤད་བྱེད་དཀའ་བའི་ཚོར་སྣང་ཞིག་ངང་གིས་སྐྱེས། ཁོང་གཉིས་དེ་སྔོན་སློབ་གྲྭའི་གད་སྙིགས་བླུག་སའི་ཁང་ཆུང་དེར་ལན་གཅིག་འཕྲད་མྱོང་ཡོད་པ་ལས། གཞན་འབྲེལ་འདྲིས་དམིགས་བསལ་བ་གང་ཡང་མེད། འོན་ཀྱང་ཉིན་དེ་ནས་བཟུང་ཁོང་གཉིས་པོའི་འབྲེལ་འདྲིས་ཇེ་ཟབ་ཏུ་ཕྱིན་ཅིིང་། ཉིན་ལྟར་ཁོང་གཉིས་པོས་གཞས་སྦྱོང་བརྡར་བྱས་རྗེས་བར་གསེང་གི་སྐབས་སུ། ཆོ་མེད་པའི་སྐད་ཆ་མང་པོ་ཤོད་རེས་བྱེད་པ་དང་། མཚམས་རེར་ཁོས་མཚར་གཏམ་འགའ་བཤད་ནས་མོ་ལ་གད་མོ་དགོད་དུ་བཅུག མོར་ལྷན་སྐྱེས་སུ་གྲུབ་ཡོད་པ་ནི་ཡ་རབས་ཀྱི་སྤྱོད་པ་བཟང་ལ་གཤིས་རྒྱུད་དྲང་ཞིང་། མཐོན་པོ་རྣམས་ལ་གུས་ལུགས་དང་ལྡན། པདྨ་སངས་རྒྱས་ལ་མཚོན་ནའང་མོ་དང་ཕྲད་པའི་དུས་ནས་བཟུང་ཁེར་རྐྱང་དང་སྐྱོ་གདུང་གི་ཚོར་བ་དག་རང་སར་ཞི་ནས་ཉིན་ལྟར་དགའ་སྐྱིད་དང་དགོད་སྒྲ་ཤིག་ཤིག་ངང་དུས་ཡུན་ཇི་ཙམ་འགོར་བའང་མ་ཤེས་པར་ཟླ་བ་གཅིག་ཕྱིན་ཟིན། རིམ་གྱིས་ལྷ་མོ་ནི་ཁོའི་ཕན་ཚུན་བློས་ཐུབ་ཀྱི་གྲོགས་མོ་རུ་གྱུར། མཚན་མོར་ཉལ་གྲོགས་ཐམས་ཅད་འཇམ་ཐིང་ཐིང་ངང་ཐུན་གསུམ་གཉིད་དུ་ཡུར་བའི་དུས་དེར། ཁོ་རང་གཉིད་མ་ཁུག་པར་ཉིན་དཀར་ཐུག་སྐབས་ཀྱི་མོའི་ངོ་གདོང་གི་སྣང་བརྙན་དེ་གསལ་ལྷང་ངེར་ཡང་ཡང་འཆར་འོང་བར་མ་ཟད། ད་དུང་མོ་ལ་གཞན་སུས་ཀྱང་མཐོང་ཐབས་བྲལ་བའི་སྦྲང་རྩི་ལྟ་བུའི་གཤིས་རྒྱུད་ཅིག་ཀྱང་མཐོང་བ་ནི་ཁོས་རང་ཉིད་མོ་ལ་བརྩེ་བ་ཆགས་ཡོད་པའི་སྔོན་རྟགས་རེད་སྙམ།
སང་ཉིན་དགེ་རྒན་དུས་ཆེན་གྱི་ཉིན་མོ་དངོས་གཞིར་ཁེལ་གྱི་ཡོད་སྟབས་པདྨ་སངས་རྒྱས་དང་འཛིན་གྲོགས་རྣམས་འཕྱི་བོའི་བར་གཞས་སྦྱོང་བརྡར་ལ་འགོར་བས་མོ་དང་ཐུག་རྒྱུ་མ་བྱུང་། ཕྱི་ཉིན་སྔ་དྲོ་དེར་ཁོ་དང་འཛིན་གྲོགས་རྣམས་ཞབས་བྲོའི་ཆེད་གྲ་སྒྲིག་ལ་འགྲོ་སྐབས། ལྷ་མོ་ལམ་དུ་བསྒུགས་ནས་བསྡད་འདུག ཁོ་རང་མོའི་རྩར་འབྱོར་བ་དང་འཛུམ་མུལ་མུལ་གྱིས་ཁོ་ལ་”སྔ་དྲོའི་འཚམས་འདྲི་དང་ཞབས་བྲོ་ཡག་པོ་ཡོང་བའི་རེ་བ་ཡོད་”ཅེས་ལབ་ནས་བུད་སོང་།

བཞི་པ།

ཉིན་མོ་དེ་ནས་བཟུང་པདྨ་སངས་རྒྱས་མོ་དང་མ་འཕྲད་པར་བདུན་ཕྲག་གཅིག་སོང་། དུས་སྐབས་དེ་དག་གི་རིང་ཁོ་ལ་ཁེར་རྐྱང་དང་སྟོང་སྣང་གིས་འདུག་བཟོད་མི་ཐུབ་པའི་སྐྱོ་སྣང་ཞིག་གིས། ཉིན་གྲངས་རེ་རེ་མཛུབ་མོས་བགྲང་བཞིན་དུས་ཚོད་མི་འཁྱོལ་བའི་ངང་དུ་ལྷག འོན་ཀྱང་ཉིན་ཞིག་ཟླ་བ་ལྷ་མོ་དང་ཀརྨ་ལྷ་མོ་གཉིས་ཀྱི་བརྒྱུད་ནས་མོས་ “དེ་རིང་ཕྱི་དྲོར་སློབ་གྲྭའི་གད་སྙིགས་བླུག་ས་དེར་ཤོག་” ཅེས་ལབ་འདུག པདྨ་སངས་རྒྱས་ཀྱིས་ཕྱི་དྲོ་དེར་ཉལ་ཁང་ནང་གི་གད་སྙིགས་བླུག་སྣོད་ཆུང་ཆུང་དེ་ལག་པར་ཐོགས་ནས་བཙོག་པ་གཡུག་ཏུ་འགྲོ་ཁུལ་བྱས་ཏེ་ལྕགས་ཤོག་ཚོན་མདོག་སེར་པོ་ཅན་གྱིས་ཐོག་ཕུབ་པའི་སྤྱིལ་པོ་འདྲ་བའི་གད་སྙིགས་བླུག་སའི་ཁང་ཆུང་དེའི་ཕྱོགས་སུ་བསྐྱོད། མོ་སྔ་མོ་ནས་སླེབས་ཟིན་འདུག མོས་ཁོ་སླེབས་པ་མཐོང་རྗེས་ཞིབ་ཏུ་བལྟས་ནས་གད་མོ་དགོད་ཙམ་བྱེད་པ་ལས་གཞན་གང་ཡང་མི་ཟེར། ཁོས་ལམ་སང་མོ་ལ་ “བདེ་པོ་ཡིན་པས་” ཞེས་དྲིས་པར་མོས་ “བདེ་པོ་ཡིན” ཞེས་ལན་བཏབ། དེ་ནས་ཁོང་གཉིས་པོས་དགེ་རྒན་དུས་ཆེན་གྱི་ཉིན་མོའི་ཞབས་བྲོའི་སྐོར་དང་ཞབས་བྲོ་སྦྱོང་བརྡར་གྱི་གནས་ཚུལ་རྣམས་རེ་རེ་ནས་ཕན་ཚུན་གླེང་རེས་བྱས། ཁོའི་སྙིང་ནས་དགའ་བའི་བུ་མོ་དེ་དང་ལྐོག་ཏུ་འཕྲད་ཐེངས་དང་པོ་ཡིན་པས་སྐབས་དེར་བྲང་ཁོག་ནང་གི་དམར་ཆུང་སྙིང་དེ་ཏིག་ཏིག་བྱས། དུས་ཚོད་གང་འཚམས་སོང་རྗེས་ཁོང་གཉིས་སོ་སོར་ཁ་གྱེས།
དེའི་རྗེས་ནས་ཁོང་གཉིས་པོ་མིས་མི་མཐོང་སར་ལྐོག་ནས་གྲོགས་པོ་རྣམས་ལ་གད་སྙིགས་གཡུག་ཁུལ་བྱས་ཏེ་ཉིན་ལྟར་གནས་དེར་ཐུག་འཕྲད་བྱེད་ཀྱི་ཡོད་པས། ཕར་དགའ་ཚུར་དུངས་ཀྱི་འབྲེལ་ལམ་ཇེ་ཟབ་ཏུ་ཕྱིན་ཅིང་། ད་གཟོད་ཕན་ཚུན་ལ་ང་དང་ཁྱོད་ཅེས་བར་སྟོང་འཇོག་པའང་ཅུང་མི་རུང་བའི་སྣང་བ་ཞིག་ངང་ངམ་ཤུགས་ཀྱིས་འབྱུང་གིན་ཡོད། འདྲིས་པར་དཀའ་བའི་གྲོང་དེར་ད་ལྟ་པདྨ་སངས་རྒྱས་ལའང་དགའ་སྐྱིད་དང་སྤྲོ་བའི་ཚོར་སྣང་ཞིག་ངང་གིས་སྐྱེས་ཡོང་།
སྔོ་སང་ངེའི་ནམ་མཁའ་ལ་སྤྲིན་པ་མཐོང་རྒྱུ་མེད་པའི་ཉིན་མོ་ཞིག་སྟེ། པ་སངས་བྱ་བ་ཀུན་ལ་བཟང་བའི་རེས་གཟའ་དེར། དུས་རྒྱུན་གྱི་ཁོང་གཉིས་ཐུག་སའི་གནས་དེར། ཁོས་པུས་མོ་ས་ལ་བཙུགས་ནས་མེ་ཏོག་དམར་པོ་ཞིག་ལག་ཏུ་ཐོགས་ཏེ “ལྷ་མོ་ལགས། ང་ཡི་བྱིའུ་ཆུང་སྙིང་དམར་དེ་རང་དབང་མེད་པར་ཁྱོད་ཀྱི་ཕྱོགས་སུ་འཕུར་སོང་བས། ཁྱེད་ཀྱིས་ཅི་ནས་ཀྱང་བཞེས་རོགས་གནང་” ཞེས་རང་ཉིད་ཀྱི་མཐའ་དང་གཏིང་དཔག་དཀའ་བའི་བརྩེ་གདུང་དེ་མོ་ལ་ཆགས་ཡོད་པ་གསལ་བཤད་བྱས། མོས་ཀྱང་ཁོའི་ལག་ཏུ་ཐོགས་པའི་སྙིང་དམར་མཚོན་པའི་མེ་ཏོག་དམར་པོ་དེ་དལ་གྱིས་བླངས་ཏེ་ཅི་ཡང་མ་སྨྲས་པར་བུད་སོང་། དེ་ནས་ཁོ་ལ་དྲི་བ་ཡ་མཚན་མང་པོ་ཞིག་སེམས་ནང་དུ་འཁོར་ཡོང་བ་སྟེ། མོ་འཚིག་པ་ཟ་བ་ཡིན་ནམ་ཡང་ན་ང་དང་གཏན་དུ་བྲལ་བ་ཡིན་ཞེས་འགོག་ཏུ་མེད་པར། གཅིག་རྗེས་གཉིས་མཐུད་ཀྱིས་དྲི་བ་ཁག་མང་པོ་ཞིག་འཆར་བཞིན་སེམས་ཁྲལ་གྱིས་ཁེངས། ཉིན་ཁ་ཤས་ཕྱིན་ཟིན་ཀྱང་ལྷ་མོ་ནི་གོ་རྒྱུ་ཚོར་རྒྱུ་མེད་པར་མཐོང་ཡུལ་དུ་མ་གྱུར། ཁོ་རང་ནམ་རྒྱུན་བཞིན་ལྕགས་ཤོག་ཚོན་མདོག་སེར་པོ་ཅན་གྱིས་ཐོག་ཕུབ་པའི་སྤྱིལ་པོ་འདྲ་བའི་གད་སྙིགས་བླུག་སའི་ཁང་ཆུང་གི་ཉེ་འགྲམ་དེར་མོ་ཐུག་ཏུ་སླེབས་ཡོང་སྙམ་པའི་རེ་བ་སྙིང་ལ་བཅངས་ཏེ་བསྒུགས་ནས་བསྡད་ནའང་། མོ་ནི་ད་དུང་སླེབ་རྒྱུ་མ་བྱུང་།
འོན་ཀྱང་ཉིན་ཞིག་གི་སྔ་དྲོར་འཛིན་གྲྭ་འཚོག་སྐབས། ཀརྨ་ལྷ་མོ་དལ་གྱིས་ཁོའི་འགྲམ་ལ་ཡོང་སྟེ་ “འདི་ལྷ་མོས་ཁྱོད་ལ་བསྐུར་སོང་” ཟེར་ཞིང་ཁུག་མ་ནས་ཡིག་སྐོགས་དཀར་པོ་ཞིག་སྤྲད། ཁོ་རང་འཛིན་གྲྭ་གྲོལ་མ་ཐག་ཉལ་ཁང་དུ་ཕྱིན་ཏེ་སྙིང་ཁམས་འཕར་བཞིན་ཡིག་སྐོགས་དེ་ག་ལེར་ཁ་ཕྱེ། ལྷ་མོས་བསྐུར་བའི་ཕྲིན་ཡིག་དེ་བཀླགས་རྗེས་དགའ་སྐྱོ་འདྲེས་མའི་ཚོར་སྣང་ཞིག་གིས་སེམས་ཁ་གནོན་མི་ཐུབ་པར་རེ་ཞིག་ཉལ་ཁང་ནང་ནས་ཡར་འགྲོ་མར་འགྲོ་འགའ་བྱེད་དགོས་བྱུང་། ལྷ་མོས་བྲིས་པའི་ནང་དོན་ནི།
ང་ཡི་སྙིང་ཁོང་གི་ནོར་བུ་ལགས།
ལན་འདི་ཧ་ཅང་ཡུན་རིང་འགོར་སོང་བས་དགོངས་དག་ཞུ་རྒྱུ་ཡིན། དྲང་པོར་བཤད་ན་ཉི་མ་འདི་དག་གི་ནང་ཁྱོད་དང་ཐུག་རྒྱུའི་རེ་འདུན་གྱིས་མནར་བས་ཡུད་ཙམ་གཅིག་ཀྱང་ཁྱོད་དང་འཕྲད་རྒྱུ་བྱུང་ན་སྙམ་ནའང་། མི་ཚེ་གཅིག་ཁྱེད་དང་ལྷན་དུ་བསྡད་རྒྱུ་ཡིན་པས་སེམས་ཐག་གཙང་བཅད་བྱེད་པ་ལ་ཡུན་རིང་འགོར་སོང་། སྙིང་སྡུག་ཁྱོད་ཀྱིས་མེ་ཏོག་དམར་པོ་སྤྲད་པའི་ཉིན་མོ་དེར། ང་དགའ་དྲགས་ནས་གློ་སྙིང་མགོ་རྟིང་ལོག་སྟེ་ཅི་ཡང་སྨྲ་མི་ཤེས་པར་གྱུར་པ་སྙིང་སྡུག་ཁྱེད་ཀྱིས་ག་ལ་ཤེས། དེ་དུས་ངས་ཚེ་འདིར་སྙིང་ལ་འཆང་བའི་རེ་སྨོན་འབད་མེད་དུ་འགྲུབ་པས། ང་སེམས་གཏིང་ནས་དགའ་དགོས་པ་ཞིག་རེད། ངེད་གཉིས་དང་ཐོག་འཕྲད་པའི་དུས་དེར་ངའི་ཡིད་དབང་ཁྱོད་ཀྱིས་ཕྲོགས་སོང་བས། ཁྱོད་རང་འཛིན་གྲྭར་འགྲོ་སྐབས་ངས་ཡིབ་ལྟ་བྱས་པ་སྙིང་གྲོགས་ཁྱེད་ཀྱིས་ག་ལ་ཤེས། གང་ལྟར་སྙིང་ཉེ་བའི་པདྨ་ལགས། ངའི་མི་ཚེ་རིམ་བཞིན་འབྱུང་འགྱུར་གྱི་ལོ་ཟླ་རྣམས་ཁྱོད་ལ་བསྒུགས་ནས་ཡོད། མདུན་སྐྱོད་ཀྱི་ཁ་ཕྱོགས་གསར་པའི་ནང་གཅེས་སྐྱོང་གི་ཐབས་ལམ་རྣལ་མ་ཞིག་གི་གོ་ས་བཟུང་སྟེ། ངའི་མི་ཚེ་འདིའི་ཁ་ལོ་བ་ཞིག་བྱེད་ཐུབ་པའི་རེ་བ་ཆེ་ལ། ང་ཡི་ཡིད་དབང་གི་གུར་ཁང་འོག་ན། ཁྱོད་ལ་ནམ་ཡང་རང་དབང་གི་སྒོ་མོ་ཕྱེ་ནས་ཡོད།
ལྷ་མོ་ནས།

ལྔ་པ།

ད་ལྟ་སློབ་གྲྭ་འདིའི་སློབ་ཕྲུག་ཐུན་མོང་གིས་མགྲིན་གཅིག་ཏུ་སྒྲོག་པ་ནི། ཁོ་དང་ལྷ་མོའི་དབར་བརྩེ་གདུང་གི་འབྲེལ་བ་ཆགས་ཡོད་ཚུལ་དང་། མཚམས་རེར་གྲོགས་པོ་ཚོས་ཁོ་ལ་ལྷ་མོ་དང་། མོ་ལ་པདྨ་ཞེས་འབོད་པའི་སྐབས་ཤིག་ཀྱང་ཆགས། གུང་སེང་གི་ཉིན་མོ་དག་ལ་ལྷ་མོས་ཁོ་ལ་ཁ་ལག་བཟོས་ནས་སྤྲོད་པར་མ་ཟད། ཁོའི་གྱོན་གོས་རྣམས་ཀྱང་མོས་བཀྲུ་བ་དང་། གལ་ཏེ་ཁོང་གཉིས་ཕན་ཚུན་མ་ཐུག་ཚེ་མོས་ཀརྨ་ལྷ་མོ་དང་ཟླ་བ་ལྷ་མོ་གང་རུང་གི་ལག་ཏུ་རྔན་པའི་རིགས་ཉོས་ནས་ཁོ་ལ་བསྐུར་ཡོང་། ཉིན་ཤས་རྗེས་སུ་མཐོ་སློབ་འདིའི་རྒྱུགས་སྤྲོད་ཆེན་མོ་སླེབས། སློབ་ཕྲུག་གཞན་དག་དང་འདྲ་བར་ཁོང་གཉིས་པོས་ཀྱང་རྒྱུགས་སྤྲོད་ལ་ཞུགས་ནས་རྒྱུགས་མཐའ་འཁྱོལ་བར་བྱས། རྒྱུགས་སྤྲོད་ཉིན་མཐའ་མའི་དགོང་མོ་དེར་པ་ལགས་སངས་རྒྱས་རིན་ཆེན་གྱིས་པདྨ་སངས་རྒྱས་ལ་ཁ་པར་འབྱོར། ཨ་ཕས་ད་ཐེངས་ཁོ་རང་ཁྱིམ་ལ་ཡོང་དགོས་ཚུལ་བཤད། ཁོས་ལམ་སང་ལྷ་མོ་ལ་ཁ་པར་བཏང་ནས་གནས་ཚུལ་དེ་མོ་ལ་བཤད་པར། མོས་ “ནམ་འགྲོ་རྒྱུ་ཡིན་” དྲིས། “གནངས་ཉིན་འགྲོ་རྒྱུ་ཡིན་” ལབ། དངོས་གནས་བྱས་ན་ཁོང་གཉིས་ཟླ་བ་གཉིས་ཀྱི་གུང་སེང་ནང་སྤྲོ་འཆམ་ལ་འགྲོ་རྒྱུའི་འཆར་གཞི་ཡོད་མོད། འོན་ཀྱང་ཨ་ཕ་ཡི་བཀའ་ལྟར་ཕྱི་ཉིན་དེར་ཁོ་རང་ནང་ལ་ཆས། མོས་ཀྱང་རླངས་འཁོར་འབབ་ཚིགས་བར་བསྐྱལ་རྗེས། སྐབས་དེར་གློ་བུར་དུ་མོས་ཁོ་ལ་འཐམས། མོའི་ངོ་གདོང་མིག་ཆུས་བརླན་ཅིང་ “བརྩེ་གདུང་གི་དྲན་རྟེན་ཡིན་”ཟེར་བཞིན་ཁོ་ལ་ལག་འདོགས་ཆུ་ཚོད་ཅིག་སྤྲད། དེར་འགྲུལ་བཞུད་པ་ཚོས་འཚང་ཁ་ཤིག་ཤིག་བྱེད་ལ། འགའ་རེས་ཁོང་གཉིས་ལ་བལྟས་ཏེ་ལྐོག་ཏུ་ལབ་གླེང་བྱེད། ཁོའི་མིག་ཟུང་ནས་ཀྱང་མཆི་མའི་རྡོག་པ་རྣམས་རིམ་བཞིན་ཁེངས་ཡོང་བས་ཉེ་འགྲམ་ན་ཡོད་པའི་མི་དེ་དག་རབ་རིབ་ཙམ་ལས་གསལ་པོ་མཐོང་མི་ཐུབ་པར་གྱུར། ཁུ་སིམ་སིམ་ངང་རླངས་འཁོར་ནང་དུ་འཛུལ་རྗེས། སྒེའུ་ཁུང་ནས་ཕྱིར་ལྟ་བྱེད་སྐབས་ཡུད་ཙམ་ནས་མོའི་གཟུགས་བརྙན་ནི་རྒྱང་རིང་ནས་རྒྱང་རིང་དུ་འཕུར་འགྲོ་བའི་ཕྱེ་མ་ལེབ་དང་འདྲ་བར་མཐོང་ཡུལ་ནས་ཡལ། ཁང་པའི་སྒོ་འགྲམ་ལ་སླེབས་མ་ཐག་ཁོས་ “པ་ལགས། པ་ལགས།” ཞེས་བོས་པས་དེ་མ་ཐག་ཏུ་ཕ་སངས་རྒྱས་རིན་ཆེན་སྒོའི་ཕྱི་རུ་ཐོན་ཡོང་ནས། “ངའི་ནོར་བུ་ཁྱོད་སླེབས་པ་ཡིན་ནམ་”ཞེས་དང་། ལམ་ཁར་ཡོང་དུས་དཀའ་ངལ་ཕྲད་ཡོད་མེད་ཀྱི་སྐོར་སྐད་ཆ་དྲིས། ཁོས་ཀྱང་དཀའ་ངལ་ཅི་ཡང་མ་བྱུང་བའི་གནས་ཚུལ་རྣམས་རེ་རེ་ནས་ཤོད་བཞིན་ཕ་བུ་གཉིས་ཁྱིམ་ནང་ལ་འཛུལ།
ཞོགས་པ་ཞིག་ལ་ཁོས་པ་ལགས་ལ་མཐོ་སློབ་ཀྱི་གནས་ཚུལ་དང་སློབ་སྦྱོང་གི་སྐོར་རྣམས་རེ་རེ་ནས་བཤད། ཕ་སངས་རྒྱས་རིན་ཆེན་ཤིན་ཏུ་དགའ་པོ་བྱས་པ་དང་། རིམ་བཞིན་ཁོ་དང་ལྷ་མོ་གཉིས་ཀྱི་བར་ལ་བརྩེ་གདུང་གི་འབྲེལ་བ་ཡོད་པ་དང་། ཁོས་ཐད་ཀར་པ་ལགས་ལ་ལྷ་མོ་དང་གཉེན་སྒྲིག་བྱ་རྒྱུ་ཡིན་ཚུལ་སྨྲས་པས། ཨ་ཕའི་དགའ་བའི་ངོ་གདོང་ནི་དེ་མ་ཐག་ཤིན་ཏུ་ཁྲོས་པའི་རྣམ་འགྱུར་ཞིག་ཏུ་གྱུར་པ་དང་། དེ་ནས་ཨ་ཕས་ཁྲོས་ཚིག་འདི་དག་ལབ་བྱུང་། “ལྟས་ངན་ཁྱོད། གལ་ཏེ་མོ་དང་མཉམ་དུ་སྡོད་ན། ཁྱིམ་ཚང་འདི་དང་འབྲེལ་བ་གཅད་རྒྱུ་རེད། ཁྱིམ་ཚང་འདི་རུ་སྡོད་འདོད་ཡོད་ན། མོ་དང་འབྲེལ་བ་གཅད་རྒྱུ་རེད་མ་གཏོགས་འགྲོ་ས་མེད། ངའི་སྙིང་ལ་བཅངས་ཡོད་པའི་རེ་བ་ནི། ཁྱོད་སློབ་སྦྱོང་མཐར་ཕྱིན་ཏེ་སྤྱིར་གྲོང་འདི་དང་མ་རྒན་ངེད་གཉིས་ལ་ཞབས་ཏོག་བསྒྲུབ་བསམས་ན་ཡང་། ངས་རྔུལ་ཁྲག་ལས་བསགས་པའི་དངུལ་རྣམས་དོན་མེད་གཏོང་མཁན་ཁྱོད། གང་ལྟར་ལྷ་མོ་དང་ཁྱིམ་ཚང་འདི་གཉིས་འདམ་ག་བྱ་རྒྱུ་རེད་” ཟེར་བཞིན། ཁྱིམ་ནས་ཕྱི་རོལ་དུ་བུད། ཁྲོས་ཚིག་དེ་དག་གིས་ཁོའི་སྙིང་ལ་གྲི་བསྣུན་པ་ལས་ཀྱང་ན་ཟུག་ཆེ་བ་བཟོས། དགོང་མོ་དེར་ཁོ་རང་ཁེར་རྐྱང་ཉལ་ཁང་ནང་དུ་སྐྱོ་སྡུག་དང་ཡི་མུག་གི་ངང་ལྷ་མོ་དང་ལྷན་དུ་བསྐྱོད་པའི་འདས་དོན་དག་ཕྱིར་དྲན་བྱེད་དུས། ཡིད་ཀྱི་མེ་ལོང་དུ་མོའི་ངོ་རིས་དེ་དག་གསལ་པོར་འཆར་འོང་། ཁོ་རང་ཅི་བྱ་གཏོལ་མེད་དུ་གྱུར་ནའང་མཚན་མོ་དེར་བསམ་གཞིག་ནན་མོ་བཏང་སྟེ། མཚན་སྨག་གི་དཀྱིལ་ནས་མཐོ་སློབ་ལ་བྲོས་ཕྱིན། དེ་གར་འབྱོར་མ་ཐག་ཁོས་ལྷ་མོ་ལ་ཁ་པར་བཏང་། ཡུད་ཙམ་ནས་ལྷ་མོ་ཡང་སླེབས། མོས་”ཁྱོད་འདི་འདྲ་མྱུར་དུ་སླེབས་དོན་ཅི། ནང་ལ་གནས་ཚུལ་འདྲ་ལྷགས་མ་སོང་ངམ་”ཞེས་དྲིས། ཁོས་གནས་ཚུལ་རྣམས་ཇི་མ་ཇི་བཞིན་དུ་བཤད། ཉིན་འགའ་ཤས་རྗེས་རྒྱ་གར་གཞུང་གི་ལས་ཀ་མི་དམན་པ་ཞིག་རྙེད་པ་དང་སྟབས་བསྟུན་ཏེ་ཁོང་གཉིས་ཀྱིས་གཉེན་སྒྲིག་བྱ་རྒྱུ་ཐག་བཅད་དེ་ལྷ་མོའི་ནང་ལ་ཕྱིན། ཁྱིམ་ཚང་དེར་མོ་རང་བརྩིས་པའི་ཁྱིམ་མི་ལྔ་ཡོད་ཅིང་ཕ་ཡི་མིང་ལ་བསམ་གྲུབ་ཟེར། ཁོ་ལྷ་མོའི་གྲོགས་པོ་ཡིན་ཁུལ་བྱས་ཏེ་ཉིན་ཤས་དེ་གར་བསྡད།
ནམ་དུས་ནི་དགུན་ཁ་ཞིག་སྟེ། གྲང་ངར་ལྡན་པའི་ཡུལ་ལྗོངས་དེའི་རི་ལུང་ཡོངས་ལ་ཁ་བས་གཡོགས་ཏེ་དཀར་སིང་ངེར་མཆིས། ཉིན་ཞིག་ལྷ་མོས་ལྐོག་ཏུ་པ་ལགས་ལ་མོ་རང་དང་པདྨ་སངས་རྒྱས་གཉིས་པོའི་དབར་བརྩེ་གདུང་གི་འབྲེལ་བ་ཡོད་ཚུལ་ཞུས། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ། མོའི་པ་ལགས་བསམ་གྲུབ་ཀྱིས་པདྨ་སངས་རྒྱས་ལ་ཚིག་པ་ཟ་བའི་རྣམ་འགྱུར་དྲག་པོ་ཞིག་བསྟན་ཅིང་ཁོའི་སྐེ་ནས་འཇུས་ཏེ་ཁྱིམ་ནང་ནས་ཕྱིར་ཕུད། སྐབས་དེ་དུས་ལྷ་མོ་ནི་ཉལ་ཁང་ནང་དུ་བཅུག་སྟེ་ཕྱིར་ཐོན་རྒྱུ་མེད་པར་བཟོས་སྟབས། ནང་ནས་ངུ་འབོད་དང་སྒོ་རྡུང་གིན་ “སྒོ་ཕྱེས་དང་། སྒོ་ཕྱེས་དང་” ཞེས་སྐད་འབོད་རྒྱག་བཞིན་མཆིས། པདྨ་སངས་རྒྱས་མཚན་གང་པོར་ལྷ་མོའི་ཁྱིམ་གྱི་སྒོ་འགྲམ་དུ་ཉལ་དགོས་ཐུག་པས། གྲང་རླུང་སིར་སིར་དུ་ཤ་གསེང་རུས་གསེང་ལ་འཚངས་ཏེ་གཉིད་ཁུག་ཁག་པོ་བྱུང་ཡང་ཨུ་ཚུགས་བྱས་པས་གཉིད་དུ་ཡུར།
ཉིན་གྲངས་ནི་རེ་རེ་བཞིན་འདས་འགྲོ། མོའི་ཕ་རྒན་བསམ་གྲུབ་ཀྱིས་ཁོ་ལ་ “ཁྱོད་ཀྱིས་ངའི་བུ་མོ་ཡི་མི་ཚེ་དོན་མེད་བཟོས་སོང་” ཟེར་བཞིན་སྡེར་མ་ཁ་ཆག་ཅིག་གི་ནང་ཟས་ལྷག་འཕྲོ་རྣམས་སྟེར་བས། ཕལ་ཆེར་ཁྱིམ་ཚང་དེའི་སྒོ་ཁྱི་དང་གཅིག་མཚུངས་ལྟ་བུར་བྱས། ཁོ་རང་ད་ལྟ་ “ང་ནི་དེང་དུས་ཀྱི་སློབ་སྦྱོང་དང་། འཛམ་གླིང་གི་སྐོར་མཐོང་རྒྱ་མེད་པའི་གྲོང་གསེབ་ཆུང་ཆུང་ཞིག་ཏུ་སྐྱེས་པའི་མི་དཀྱུས་མ་ཞིག་ཡིན་པའི་རྐྱེན་གྱིས་ཡིན་ནམ། ཡང་ན་ང་ལྷ་མོ་དང་ལྷན་དུ་འདུག་པའི་ལས་སྨོན་ཟད་པ་ཡིན་” ཞེས་བསམ་གཞིག་གི་ནང་དུ་ལྷུང་འགྲོ་བའི་སྐབས་ཡིན། འོན་ཀྱང་ཉིན་ཞིག་ལྷ་མོས་ཕ་མ་གཉིས་ལ་ “ང་ཚེ་འདིར་པདྨ་དང་ལྷན་དུ་གཉེན་སྒྲིག་བྱ་རྒྱུ་ཡིན་པས། གལ་སྲིད་ཁྱོད་གཉིས་ཀྱིས་གནང་བ་མེད་ན། ངས་རང་ལ་གྲི་ཡིས་བསྣུན་ཏེ་འཆི་རྒྱུ་ལས་གཞན་མེད་” ཟེར་བཞིན། གྲི་ཡིས་རང་གི་ལག་རྩ་གཏུབས་ཏེ་ཁྲག་དམར་ཛར་ཛར་ངང་བཞུར། མཇུག་མཐར་ཕ་རྒན་བསམ་གྲུབ་ཀྱང་འུ་ཐུག་ནས་ཁས་ལེན་མི་བྱེད་ཀ་མེད་དུ་གྱུར།

དྲུག་པ།

དུས་དེ་ནས་བཟུང་པདྨ་སངས་རྒྱས་དང་ལྷ་མོ་གཉིས་ལ་རེ་སྨོན་དང་ཡིད་ཆེས་གསར་པ་ཞིག་གིས་སེམས་ཐག་གཙང་བཅད་ཀྱིས་སྡུག་གི་ཁུར་པོ་མཉམ་ཁུར་དང་། སྐྱིད་ཀྱི་རྟ་ཕོ་མཉམ་བཞོན་ཡིན་པའི་དམ་བཅའ་བརྟན་པོར་བྱས། ཕྱི་ཉིན་ནས་ཁོས་ཀྱང་རྒྱ་གར་གཞུང་གི་ལས་ཀ་དེར་སླར་ཡང་མུ་འཐུད་ནས་ཕྱིན། དགོང་མོར་པདྨ་སངས་རྒྱས་ཁྱིམ་ལ་འབྱོར་སྐབས་ལྷ་མོས་ཉིན་ལྟར་ཁ་ཟས་ཞིམ་པོ་གྲ་སྒྲིག་བྱས་ནས་འཇོག་པ་དང་། མཚམས་རེར་སྡེར་མ་གཅིག་གི་ནང་མཉམ་ཟ་ཡང་བྱེད། ཁོས་འབད་པ་བརྒྱ་འགྱུར་བསྐྱེད་དེ་དངུལ་ཅུང་ཟད་བསགས་པ་ལ་བརྟེན་ནས་ཁང་པ་ཞིག་ཀྱང་ཉོ་ཐུབ་པ་བྱུང་། དེ་ནས་ལྷ་མོ་དང་གཉེན་སྒྲིག་བྱས་ཏེ། ཡུན་རིང་མ་འགོར་བར་ནམ་རྒྱུན་དང་མི་འདྲ་བར་ལྷ་མོ་ནི་ཁོང་ཁྲོ་ལང་ཆོག་ཆོག་དང་ལུས་ཁམས་ཉོབ་པོ་ཞིག་ཆགས་ཀྱི་འདུག་ཟེར་ལ། མཚམས་མཚམས་སུ་ཞེ་མེར་ལངས་པ་དང་། སྐྱུག་བྲོ་བ་སོགས་བྱེད། ཡང་མཚམས་རེར་སྐྱུར་མོའི་རིགས་དང་ཁ་ཚ་པོ་དགོས་ཞེས་འདྲ་མིན་སྣ་ཚོགས་ཟེར། ད་གཟོད་པདྨ་སངས་རྒྱས་སེམས་ཁྲལ་གྱིས་མ་བཟོད་པར་སྨན་པ་བསྟེན་དུ་ཕྱིན། སྨན་པ་ལགས་ཀྱིས་མོ་ལ་གཟུགས་པོ་འཁོར་ཡོད་ཚུལ་གསུངས། མ་ཟད་སྨན་པས་ད་ནས་བཟུང་ལུས་པོ་ལ་བདག་སྐྱོང་ཡག་པོ་དགོས་ཤིང་། ལས་ཀ་ཡང་ཤུགས་ཆེན་པོ་བྱེད་མི་ཉེན་པ་དང་། གཟུགས་པོ་ལྷོད་ལྷོད་གཞག་དགོས་ཚུལ་སོགས་གསུངས་པས། ཁོས་ལྷ་མོ་ལ་གཟུགས་པོ་འཁོར་ཡོད་པ་རྣ་བར་ཐོས་མ་ཐག་ཡིད་ལ་དགའ་སྤྲོ་འགོག་ཏུ་མེད་པར་འཆར་ཞིང་། རྨི་ལམ་གྱི་ཞིང་ཁམས་ཆུང་ངུ་ཞིག་ལ་བསྐྱལ་བར་བྱས། མོའི་གྲོད་ཁོག་ནི་ཉིན་རེ་ལས་ཇེ་ཆེ་རུ་འགྲོ་བཞིན་འདུག མཚམས་རེ་ཁོས་མོ་ཡི་གྲོད་ཁོག་ལ་རྣ་བ་གཏད་དེ་བུ་ཡིན་ཟེར་གྱི་འདུག་ཅེས་ཀུ་རེ་རྩེ། ལྷ་མོའི་རེ་བར་བུ་མོ་བྱུང་ན་བསམ་པ་དེ་རེད། ཉིན་ཞིག་གློ་བུར་དུ་མོའི་ཁ་ནས་ཁྲག་སྐྱུགས་སོང་། ཁོས་མྱུར་དུ་སྨན་ཁང་ལ་ཁྲིད། སྨན་པས་བརྟག་དཔྱད་ཞིབ་མོར་བྱས་ཏེ་ཉིན་ཁ་ཤས་ཆེད་སྨན་སྤྲད་རྗེས་ཅང་མི་སྨྲ་བར་སྨན་པ་ལོག་ཕྱིན། ཉིན་རེ་བཞིན་ལྷ་མོའི་ནད་གཞི་ནི་ཇེ་ལྕི་རུ་སོང་། སྨན་པས་སྤྲད་པའི་སྨན་དག་བཟས་ཀྱང་དྲག་སྐྱེད་མ་བྱུང་། བླ་མ་རྣམས་ཀྱི་ཕྱག་མོ་དང་རྩིས་སོགས་ལས་བབས་པའི་སྐུ་རིམ་བསྒྲུབས་ཀྱང་མོའི་ནད་གཞི་ལ་འགྱུར་ལྡོག་གཏན་ནས་མེད་པར་གྱུར་ཏེ། མི་རྟག་དུས་ཀྱི་འགྱུར་བ་ལ་ཕྱི་བཤོལ་བྱེད་ཐབས་མེད་པར། སྟོན་རླུང་གྲང་ཤུར་ཤུར་དུ་ལྡང་བའི་ནུབ་མོ་ཞིག་ལ་ལྷ་མོའི་ཚེ་སྲོག་གི་བྱིའུ་ཆུང་གར་འགྲོ་རང་དབང་མེད་པར་ཁུར། ཁོས་ངུ་ཤུམ་རྒྱག་གིན་མིག་ཆུ་ཛར་ཛར་ངང་དལ་གྱིས་མོའི་མགོ་སྔས་མགོའི་སྟེང་དུ་བཞག ཁོ་དེ་ནུབ་སྡུག་གིས་མ་བཟོད་པར་མོའི་ཕུང་པོའི་ཉེ་འགྲམ་དེར་ཉལ། ད་གཟོད་ཁོ་ནི་གསོན་པའི་མི་དང་བྲལ་བའི་སྟེང་། ཤི་བའི་རོ་དང་ཡང་བྲལ་བ་ལྟ་བུར་གྱུར། མ་ཟད་མོའི་གྲོད་ཁོག་ནང་གི་ཕྲུ་གུ་དེ་ཡང་མ་ལོན་པས། ད་གཟོད་ཁོ་ནི་སྨྱོ་ཚུབ་ཚུབ་ལྟ་བུ་སེམས་པ་རྣལ་དུ་མི་གནས་མཁན་ཞིག་ཆགས། ཉིན་ཞིག་ལྷ་མོའི་སྔས་མགོའི་འོག་ན་ལྟེབ་ཚིགས་བརྒྱབ་ཡོད་པའི་ཤོག་བུ་ཞིག་མཐོང་། དེའི་ནང་དུ་བྲིས་པའི་ཡིག་གཟུགས་དེ་ནི་ལྷ་མོའི་རེད། མོས་བྲིས་དོན་ནི།
ངའི་སྙིང་གི་ཚི་ལུ་བུ་ཆུང་པདྨ་ལགས།
ཁྱེད་ཀྱིས་ཁ་ཡོད་ལག་ཡོད་ཐོག ངས་ཚེ་སྔོན་བསགས་པའི་ལས་ཀྱི་རྣམ་སྨིན་དུ་སྨིན་པའི་ནད་གཞི་ལྕི་མོ་འདི་དྲག་པའི་ཆེད་དུ་ཐབས་ཤེས་སྣ་ཚོགས་བྱས་ཀྱང་། ནད་འདི་ལ་འགྱུར་ལྡོག་ཅིག་མི་མངོན་པར་འདུག་པས་ཕལ་ཆེར་འཆི་ནད་ཡིན་པ་འདྲ། འཇིག་རྟེན་འདིའི་ནང་ང་གསོན་པའི་ཉིན་ཐ་མ་དེ་ག་དུས་ཡིན་པ་ཤེས་མ་སོང་། ངས་ཁྱོད་ལ་མི་ཚེ་འདིའི་ནང་དཀའ་ངལ་དང་གནོད་པ་ཤ་སྟག་བསྐྱལ་བ་ལས་རོགས་རམ་དང་བརྩེ་བ་བློ་ཚིམས་པོ་ཞིག་སྤྲོད་ཐུབ་མ་སོང་། ངས་སྙིང་ནས་དགོངས་དག་ཞུ་རྒྱུ་ཡིན།
བྱུང་ན་ཚེ་ཕྱི་མར་མཇལ་བའི་སྨོན་ལམ་དང་བཅས།
སྤྱི་ལོ་ ༢༠༡༠/༠༣/༡༣ ལ་ལྷ་མོ་ནས།

ཡི་གེ་དག་ཚིག་འབྲུ་རེ་རེ་ནས་བཀླགས་རྗེས་རིམ་བཞིན་པདྨ་སངས་རྒྱས་དྲན་མེད་དུ་བརྒྱལ།
ཉིན་ཤས་རྗེས་ཤིག་ལ་ཡུལ་ལུང་འདིར་གཏམ་ངན་གྱི་རླུང་ཡན་ཞིག་ཕྱོགས་གང་སར་ནས་ལྡང་བྱུང་། ནམ་རྒྱུན་ཡུལ་འདིའི་མི་རྣམས་འགྲོ་རྒྱུར་འཇིགས་སྣང་སྐྱེ་བཞིན་ཡོད་པའི་ལུང་མདོའི་བྲག་རོང་དེའི་ཟུར་ནས་མི་ཞིག་ལྕེབས་སོང་བ་འགྲུལ་མི་འགས་མཐོང་འདུག དེ་ནི་པདྨ་སངས་རྒྱས་ཡིན་པ་ད་ལྟ་ཡུལ་མི་ཚོས་ཚ་ཚ་འུར་འུར་ངང་གླེང་།
དུས་ཡུན་གང་འཚམས་ཕྱིན་ཟིན་པའི་རྗེས་ཤིག་སྟེ། ཉི་འོད་ཀྱི་ཚ་གདུག་འོག་ཡུལ་ལུང་འདིའི་ཁང་ཁྱིམ་དེ་དག་གསོན་ཤུགས་ཀྱིས་ཀྲོང་ངེར་འགྱིངས་ཡོད་ནའང་། གྲོང་མཐའི་ཁང་པ་དེ་ནི་སྐྱ་ལོག་གེར་ཚོན་མདངས་ཤོར་ཏེ་སུ་ཞིག་ལ་མྱ་ངན་བྱེད་པ་དང་འདྲ་ལ། སྔ་དགོང་དག་ལ་བྱ་ཚོགས་མང་པོ་ཞིག་ཁང་པ་དེའི་སྒོ་དང་སྒེའུ་ནས་གཤོག་སྒྲོ་ཐག་ཐག་ངང་ཕར་ཕུར་ཚུར་ཕུར་བྱེད།…….

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།