གཅེས་ཕྲུག་སྟོབས་དགའ།

ལོ་རིམ་དགུ་པའི་སློབ་གཉེར་བ། ཚུལ་ཁྲིམས་ཟླ་བ།

གཅིག

དགུན་ས་འཁྱག་རྡོ་སྐམ་གྱི་དུས་ཚིགས་ཤིག་ལ་ཆུ་ཀླུང་ཐམས་ཅད་འཁྱག་པས་བསྡམས་ཏེ་གྲམ་པའི་གསེབ་ནས་སྐད་ངན་ཏབ་ཏབ་ཏུ་གྲག་གི་ཡོད་ལ། རྩི་ཤིང་ཡོད་ཚད་ཀྱི་ལོ་མ་ས་རུ་ཟགས་ནས་སྡོང་གཟུགས་སྐྱ་ཧྲེང་དུ་གྱུར་ཅིང་། ལ་ཁའི་རྩྭ་སྐྱ་དག་ཀྱང་རླུང་བུའི་རྒྱུ་ཕྱོགས་དང་བསྡོངས་ནས་རང་དབང་མེད་པར་གང་སར་སྤུར་འགྲོ། འབྲི་སླ་སུམ་མདོ་ནི་ས་གྲུ་གསུམ་བདུད་ཀྱི་ཧོམ་ཁུང་འདྲ་བ་ཞིག་དང་། ཆུ་གྲུ་གསུམ་སྤུ་གྲི་གཉིས་གཤིབ་འདྲ་ལ། གནམ་གྲུ་གསུམ་གྱང་རལ་མཁའ་ལ་འགྲེང་བ་ལྟ་བུ་ཞིག་ཡིན། ལུང་པའི་མདའ་ནི་བྱང་ལ་ཁེལ་ཡོད་སྟབས་རླུང་འཚུབ་རེ་ལངས་ཡོང་ན་ལུང་མདའི་ཐལ་བ་ཡོད་ཚད་གནམ་ལ་སྤུར་ནས་ཉི་མ་ཡང་བསྒྲིབས་འགྲོ། ཕ་ཡུལ་དམ་བེ་ཡིན་ཡང་སྐྱིད་ཅེས་པ་ལྟར་འབྲི་སླ་ལུང་པར་ཡང་བསམས་ན་ཞེ་འཁྲེང་ས་དང་། ཉལ་ན་རྨི་ལམ་གཏོང་ས་ཡིན་པའི་ཡུལ་མི་དང་གྲོང་སྡེ་མང་པོ་ཡོད། གོ་འཇོའི་ས་ཆ་ཡོད་ཚད་འབྲི་སླ་ལྟ་བུ་ཡང་མ་ཡིན་ཏེ། ས་ཆ་ལ་ལར་ཚང་ཚིང་ནགས་ཀྱི་ལོ་མ་དགུང་ལ་བསྙེགས་ནས་བྱ་བྱིའུས་སྐད་སྙན་སྒྲོག་ས་དང་། ལ་ལ་གཡུ་ཡི་མེ་ལོང་ས་ལ་བཀྲམ་པ་ལྟ་བུའི་སྤང་རི་ཡོད་ལ་མེ་ཏོག་སྣ་ཚོགས་ཀྱིས་མཛེས་སྡུག་འགྲན་སྡུར་བྱེད་པ་མ་ཟད། ཕུ་ལ་རྟ་ནོར་ལུག་གསུམ་གྱི་འཕེལ་ཁ་རྒྱས་པའི་འབྲོག་ས་དང་། མདའ་ལ་གྲོ་ནས་སྲན་གསུམ་སོགས་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་བའི་རོང་ས། གཞན་ཡང་བྲག་རི་དང་སྤང་གཤོངས། ནགས་རི་དང་མཚེའུ་སོགས་ལུས་སེམས་ལ་བདེ་དགའ་སྟེར་བའི་ལྷ་ཡི་ཞིང་ཁམས་ཆུང་ཆུང་ཞིག་ཡིན་ཞེས་བརྗོད་ཀྱང་སྟོང་ལབ་རྩ་བ་ནས་མིན།
སྟོབས་དགའ་ད་ལྟ་ནང་ནས་རྫི་དྲ་ཞིག་ཁུར་ཏེ་སྒོར་ཐོན་བྱུང་། ཁོ་ནི་ཆུང་དུས་དབང་གྲགས་ཚང་གི་བུ་གཅེས་ས་ལ་མི་འཇོག་པ་ཞིག་སྟེ། ཁོའི་མིང་ངོ་མ་ནི་སྟོབས་ལྡན་གྲགས་པ་ཡིན་ཡང་ཁོ་རང་གི་ཨ་མས་གཅེས་མིང་དེ་འདྲ་བཏགས་པས་ད་ཆར་མི་ཚང་མས་སྟོབས་དགའ་ཞེས་འབོད་ཀྱི་ཡོད། སྟོབས་དགའི་གཟུགས་གཞི་ནི་མི་རིང་མི་ཐུང་ཚད་ལ་རན་པ་ཞིག་ཡིན་ཞིང་། མངོན་གསལ་དོད་པོ་གཅིག་ནི་ཐོད་པའི་སྟེང་དུ་རྨ་ཤུལ་གྱེན་འཛེགས་ཤིག་ཡོད་པས་དེ་ནི་ཁོས་རང་ཉིད་དཔའ་བོ་ཞིག་ཡིན་པའི་ངོམ་སོ་ཡང་བྱེད་པ་ཡིན། ད་ཆར་ལུག་གི་རྫི་བོ་ལས་གཞན་གང་ཡང་མི་འཇོན་ཞིང་། ད་དུང་སྟོབས་དགའ་རྫོང་དུ་སོང་ནས་ཞབས་འདྲེན་བཞག་པའི་སྒྲུང་ཁྱད་མཚར་དེ་འདྲ་མང་པོ་ཞིག་དེང་སང་མི་ཚོས་མཚར་གཏམ་གྱི་ཚུལ་དུ་གླེང་བཞིན་ཡོད།
དཔེ་མཚོན་འགའ་བཀོད་ན། ཁོ་ཉིན་ཞིག་རྫོང་ནང་དུ་འགྲོ་སྐབས་གཅིན་པ་ཤོར་ཏེ་ཡར་རྒྱུག་མར་རྒྱུག་མང་པོ་བྱས་པའི་མཐར་གསང་སྤྱོད་ཅིག་རྙེད་དེ་ཐད་ཀར་ནང་དུ་འཛུལ། སྟོབས་དགའ་འགྲོ་སའི་གསང་སྤྱོད་ནང་དུ་བུ་མོ་རྐྱང་རྐྱང་ཡིན་པས་ཁོང་ཚོ་སྐྲག་སྟེ་བྲོས། སྟོབས་དགས་བུ་མོ་འདི་ཚོ་བྲོས་འགྲོ་ལུགས་ལ་བལྟས་ན་གསང་སྤྱོད་ནང་དུ་འདྲེ་ཡོད་པ་འདྲ་བསམས་ནས་ཁོ་རང་ཡང་བྲོས་ཏེ་དོར་མའི་ནང་དུ་གཅིན་པ་ཤོར་བ་རེད། སྟོབས་དགས་བུ་མོ་རྣམས་ཁོ་རང་ལ་འབྲོས་ཀྱི་ཡོད་པ་མ་ཚོར་ཏེ་མི་ཞིག་ལ་སྐད་ཆ་འདྲི་དུས་ཁྱེད་རང་བུ་མོའི་གསང་སྤྱོད་དུ་ཕྱིན་པས་རེད་ཟེར། མ་གཞི་སྟོབས་དགའ་ལ་ཁག་མེད་དེ་ཁོས་བོད་ཡིག་དང་རྒྱ་ཡིག་གང་ཡང་ཤེས་ཀྱི་མེད་ཁར་གྲོང་ཁྱེར་ནང་གི་གསང་སྤྱོད་ལ་ཡང་ཕོ་མོའི་ཁྱད་པར་ཡོད་པ་ཁོའི་ཀླད་པའི་ནང་དུ་འཁོར་མ་མྱོང་།
ད་དུང་སྟོབས་དགའ་ཟ་ཁང་དུ་སོང་སྟེ་ཐུར་མས་ཟས་ཟ་མ་ཤེས་པ་དང་། ཚོང་ཁང་སྒོ་འགྲམ་དུ་གོན་པ་འགྲེམས་སྟོན་ཆེད་བསླངས་པའི་འགྱིག་གི་བུ་མོ་ལ་བལྟས་ཏེ་སྐད་ཆ་བཤད་པ། ཚོང་ཁང་དུ་འགྲོ་སྐབས་ཤེལ་སྒོ་ལ་ཐོད་རྡུང་བརྒྱབ་སྟེ་སྣ་ཁྲག་བཞུར་བ། ཐོག་མར་རྫོང་དུ་ཡོང་སྐབས་རླངས་འཁོར་མཐོང་དུས་གཅན་གཟན་ཆེན་པོ་ཞིག་སླེབས་སོང་ཟེར་ནས་བྲོས་འགྲོ་བ་དང་། ཡང་ཉིན་ཞིག་སྟོབས་དགས་ཁོ་རང་གི་ཅ་ལག་ཅིག་ཚོང་ཁང་དུ་བཞག་སྟེ་ཕྱི་རོལ་དུ་སོང་རྗེས་སུ་སླར་ཡོང་སྟེ་ཚོང་བདག་རྒྱ་མོ་དེ་ལ་“འང་་་་་་་ཀ་ཧྲི་མོ་ཧྲང་ངའི་ཅ་ལག་གང་དུ་ཡོད” ཅེས་རྒྱ་སྐད་ཡིན་ཁུལ་གྱིས་སྐད་དེ་འདྲ་ཞིག་བརྒྱབ་པས་རྒྱ་མོ་མགོ་འཐོམས་ཏེ་ལན་རྒྱག་མ་ཤེས་པར་ལུས་སྐབས། ད་དུང་ཁོས་ “འདྲེ་རྒྱ་དེས་རྒྱ་སྐད་ཀྱང་ཤེས་ཀྱི་མི་འདུག་”ཅེས་གཤེ་གཤེ་བཏང་།
ཡང་ཐེངས་གཅིག་སྟོབས་དགའ་ལ་གཡག་གི་རྔ་མ་ཞིག་བཙོང་རྒྱུ་ཡོད་པས་རྒྱ་རྒན་ཞིག་གིས་ཉོ་འདོད་ཀྱིས་སྒོར་ག་ཚོད་རེད་ཅེས་རྒྱ་སྐད་ཀྱི་ཐོག་ནས་“ཝེ་་་་་་་ཏོག་ཧྲོ་ཁྱན་”ལབ་པས་སྟོབས་དགའ་ཁོང་ཁྲོ་ལང་ཐག་ཆོད་དེ་“ཧིན་་་ཇོ་རིན་པོ་ངས་ཡར་ཕྱོགས་ནས་“ཧོ་ཏོ་ཁྱན་”དང་མ་བརྗེས་པ་ཡིན། ཁྱོད་ཀྱི་“ཏོག་ཧྲོ་ཁྱན་”དང་མི་བརྗེ་སེམས་ཐག་ཡིན་ཕར་རྒྱུགས་ཟེར་ནས་སོང་སྐད། དེ་བཞིན་རྫོང་གི་ཚོང་ཁང་ནང་དུ་ཡོད་པའི་ཤེལ་སྒོ་ཆེན་པོ་དེའི་ནང་དུ་ཤར་བའི་ཁོ་རང་གི་གཟུགས་བརྙན་ལ་བལྟས་ཏེ་གད་མོ་དགོད་བཞིན་ “འདི་ལ་ཡང་ང་རང་འདྲ་ཞིག་ལངས་བསྡད་འདུག་”ཅེས་ལབ་པ་སོགས་སྒྲུང་མཚར་པོ་མང་པོ་བཤད་རྒྱུ་ཡོད།
ཁོའི་དཔྲལ་བའི་རྨ་ཤུལ་རིང་པོ་དེ་ལ་ཡང་སྒྲུང་ཐུང་ཞིག་ཡོད་དེ། ཁོ་རང་ཉིན་ལྟར་རྫི་བོ་ལ་འགྲོ་བཞིན་ཡོད་པས་ཉིན་ཞིག་རྫི་ས་ལ་འབྱོར་དུས་རི་གདོང་ཕར་ཕྱོགས་ཀྱི་རྫི་བོ་དེས་ཀི་ཧི་ཧི་ཟེེར་བའི་ཀི་རིང་ཞིག་བཏབ་ཡོང་བར་ཐོས། སྟོབས་དགས་དེ་གོ་བ་དང་ཚུར་ཕྱོགས་ནས་ཀི་ཧི་ཧི་ཞེས་ཅུང་ཁྲོས་པའི་ཉམས་ཀྱིས་ཕར་བོས། ཕ་རི་དང་ཚུ་རི་ནས། ཚུར་ཀི་ཧི་ཧི་དང་། ཕར་ཀི་ཧི་ཧི་ཟེར་ནས་ཕར་འབོད་ཚུར་འབོད་འགའ་བྱས་མཐར། ཁྱོད་བུ་རྒོད་པོ་ཡིན་ན་ཚུར་ཤོག་ཅེས་བོས། ཕར་ཕྱོགས་ནས། ཁྱོད་བུ་རྒོད་པོ་ཡིན་ན་ཚུར་ཤོག་ཟེར། དེ་ལྟར་བུ་རྒོད་པོ་ཡིན་ན་ཚུར་ཤོག་དང་ཕར་ཤོག་ཅེས་འབོད་ཀྱིན་འབོད་ཀྱིན་ཕར་རྒྱུག་ཚུར་རྒྱུག་བྱས། ཁོ་གཉིས་གདོང་ཐུག་པ་ན། ཅི་ཡིན་དང་འདི་ཡིན། དོན་རྩ་དང་དགོས་པ། རྒྱུ་མཚན་དང་གནས་ལུགས་སོགས་གང་ཡང་མེད་པར་གྲི་ཁ་འགྲན་ཏེ་ཕན་ཚུན་ལུས་ལ་རྨས་སྐྱོན་གང་འཚམས་བཟོས་ནས་མཐར་རང་ཚོད་ཀྱིས་མཚམས་འཇོག་བྱས། ཁོའི་ཐོད་པའི་རྨ་ཤུལ་ཡང་དེ་དུས་བྱུང་བ་ཞིག་ཡིན་པས་དེ་ནི་ཁོས་ལས་སླ་པོ་ཞིག་མིན་པར་དཔའ་རྟགས་ཀྱི་རྒྱན་ཆ་ཆེན་པོ་ཞིག་ཡིན་པར་རློམ་བཞིན་ཡོད་ལ། དེ་ཉིན་གྱི་འཛིང་ལུགས་འཛིང་སྟངས་སྐོར་ནི་མི་ཐུག་ཁྱི་ཐུག་ལ་བཤད་པ་ཡིན་པས་ད་ལྟ་ཡུལ་མི་ཚང་མའི་བློ་ཐོག་ལ་འཇགས་ཡོད།

གཉིས།

དེ་རིང་ཡང་ཁོ་ལུག་རྫིར་འགྲོ་རྒྱུ་ཡིན་ཤག་རེད། སྟོབས་དགའི་གདོང་མདོག་དམར་པོ་ཡིན་ཞིང་མཁུར་མགོ་ཆེ་ལ་སྣ་རྩེ་རྡོག་རྡོག་ཅིག་ཡིན། ཁོའི་མདུན་སོ་རྣམས་སེར་པོ་ཆགས་ཤིང་མཚམས་མཚམས་སུ་སོ་གསེང་དུ་རྩྭ་ཞིག་བཙུགས་ཏེ་ཟས་ལྷག་རྣམས་ཕྱིར་འདྲུ་བར་བྱེད་པས་ཕྲུ་གུ་རྣམས་ཀྱིས་སྟོབས་དགའ་རྩྭ་ཟན་ཞེས་འཕྱ་བ་ཡིན། རྒྱ་ཚར་གྱི་ཕྱུ་པ་དེའི་གོང་བ་ལ་དྲེག་པ་མཐུག་ཐག་ཆོད་ཅིག་ཆགས་ཡོད། དེ་ཡང་ལོས་ཡིན་ཏེ་གོན་པ་དེ་བཟོས་ནས་ལོ་གཅིག་ལྷག་སོང་ཡང་ཐེངས་གཅིག་ཀྱང་འཁྲུད་མྱོང་མེད།
ད་དུང་ཁོའི་མགོ་ཡི་སྐྲ་རྣམས་ཀྱང་ཕྱིང་པ་ལྟར་ལེབ་ལེབ་ཏུ་ཆགས་ཡོད། སྐྲ་ཡི་སྣེ་མོ་དག་སུམ་བསླས་བྱས་ཡོད་ཀྱང་བསླས་ནས་ཟླ་བ་གཉིས་ཙམ་སོང་སྟབས་ད་ལྟ་བསླས་མ་དཀྲོལ་དགོས་ཀྱང་ལས་སླ་མོས་བཤིག་མི་ཐུབ། རྒྱུ་མཚན་དེས་ལོས་ཡིན་ཡུལ་འདིའི་ལུག་རྫི་རྣམས་ཀྱིས་ཟླ་བ་གཉིས་ཙམ་གྱི་མཚམས་སུ་མགོ་ཐེངས་རེ་བཀྲུ་ཡི་ཡོད་ཅིང་ཁོང་ཚོའི་མགོ་འཁྲུད་པ་ནི་ལས་སླ་པོ་མིན་ཏེ་གྲ་སྒྲིག་དང་། འཁྲུད་པ། བསླ་བ་སོགས་བྱེད་པར་དུས་ཚོད་ཉི་མ་གཅིག་ཏག་ཏག་དགོས། སྐྲ་འཁྲུད་པའི་སྐབས་སུ་ཁྲུས་རྫས་ཀྱང་གོན་པ་འཁྲུད་བྱེད་ཀྱི་འདག་རྫས་ཞིབ་མོ་དེ་མེད་ན་ལས་སླ་མོར་མི་དག ད་དུང་སྐྲ་ཡི་གསེང་ན་ཤིག་དང་སྲོ་མ་ཡང་མི་ཉུང་བ་ཞིག་ཡོད་པས་སྐྲ་འཁྲུད་མཁན་གྱིས་མ་ཎི་འདོན་བཞིན་སྲོ་ཚགས་ཟེར་བ་དེ་རྒྱག་པ་ཡིན། སྤྱིར་བཏང་ལུང་པ་འདིའི་མི་རྣམས་ཀྱིས་དྲེག་པ་ལ་གཡང་དང་དངོས་གྲུབ་ཟེར་བ་ཞིག་ཡོད་ཟེར་ནས་ཕོར་པ་དང་། སྲུང་བ་སོགས་ལས་སླ་མོ་མི་འཁྲུད་ཅིང་། ཉིན་རེ་ཐེངས་རེར་འཁྲུད་མཁན་ཞིག་ཡོད་ན་དེ་ནི་ལྟས་ངན་དུ་བརྩིས་ཏེ། སྐྱིད་ཆེ་ནའང་ཉིན་སྐྲ་མི་འཁྲུད། སྡུག་ཆེ་ནའང་ལོ་སྐྲ་མི་འཇོག་ཅེས་པའི་སྡོམ་ཚིག་སྟབས་བདེ་ཞིག་ཀྱང་གྱེར་རྒྱུ་ཡོད།
སྟོབས་དགའི་རས་ལྷམ་མགོ་ཁྲ་མ་དེའི་ཟུར་གྱི་ཨི་ཁུང་ནས་དྲེག་པ་ཅན་གྱི་རྐང་པ་ཡང་ཅུང་ཙམ་མཐོང་ཐུབ་ཅིང་། སྟོད་ཐུང་གི་ཕུང་ཁ་ལ་ཡང་མེ་སྟག་ཕོག་པའི་ཨི་ཁུང་ཁ་ཤས་ཡོད། དོར་མ་ལྷན་པས་གླན་པ་དེའི་བྱིན་པའི་ནང་དུ་ཤུར་མོ་འགའ་དོད་ཅིང་པུས་མོ་ཡོད་སར་འབུར་འབུར་ཆགས་འདུག ལྕགས་ཕོར་ཆེན་པོ་ཞིག་ཁ་ལ་ཚད་ཀྱིན་འདུག་པ་ནི་ད་ལྟ་ཇ་རྩམ་འཐུང་བཞིན་པ་རེད། ད་དུང་ཁོའི་སྐེ་ལ་ཕྲེང་བ་བཏགས་ཡོད་ཅིང་རུམ་སྒོ་ནས་སྦ་དཀར་གྱི་དབྱུག་པའི་སྣེ་མོ་ཞིག་མཐོང་གྱིན་པ་ནི་མ་ཎི་ལག་འཁོར་གྱི་ཡུ་བ་རེད།
སྟོབས་དགའ་རྫི་བོར་འགྲོ་སྐབས་དག་ལ་མ་དག་པའི་སྒྲོལ་མ་ཉེར་གཅིག་གི་བསྟོད་པ་དང་། བཛྲ་གུ་རུ་གཉིས་ནི་ཁོའི་ཁ་འདོན་ཡོད་ན་མེད་ན་དེ་ཡིན། དེ་ཡང་ཁོས་སྒྲོལ་མ་འདི་འདྲ་འདོན་པ་ཡིན་ཏེ། ༀ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་སྒྲོལ་མ་ཉི་མ་དཔལ་མོ། །སྤྱན་སྐད་ཅིག་གློག་འདྲ་མ། །འཇིག་གསང་ཡང་ཉི་མ། །ཕྱག་དེ་བཞིན་གཤེགས་ཀའི་གཙུག་གཏོར། །ཞེས་དང་། ཕྱག་ལྷ་ཚོགས་རྒྱལ་པོ། །ལྷ་མི་ཚོགས་བསྟན་མ། །ཞེས་སོགས་སྐད་ཤུགས་ཆེན་པོས་བཏོན་ཡོང་ལ། མཚམས་མཚམས་སུ་པགས་པ་སྲབ་མོས་རྒྱུན་ཐག་བྱས་པའི་བཅུ་དཔོན་གྱི་སྣེ་མོ་སོ་ཡིས་བཙིར་ཏེ་བཅུ་དཔོན་རེ་རེ་མར་བཅད་ནས་སླར་ཡང་སྒྲོལ་མ་འགོ་བཙུགས།
ཁོས་འདི་ལྟར་སྒྲོལ་མ་འདོན་ཤེས་པ་ཡང་ཆུང་ཆུང་སྐབས་སུ་ཁོ་རང་གི་ཨ་མས་དགོང་མོ་ཉལ་ཚར་དུས་ཞལ་རྒྱུན་གྱི་ཚུལ་དུ་བསླབས་ཏེ་ངག་ཐོག་ལ་སླེབས་པ་ཞིག་རེད། ཁ་འདོན་རེ་ཞིག་ཚར་སོང་ན་མཐར། དགེ་ཡ་འདི་ཡིས་མྱུར་དུ་བདག །གུ་རུ་རིན་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འཁོད་པར་ཤོག །ཅེས་མིག་ཟུམ་ཟུམ་བྱེད་ཡོང་། རི་ཁར་རྫི་ཇ་ཁོལ་བ་དང་མཉམ་དུ་ཤུག་པའི་ལོ་མ་ཞིག་ཇ་ཡི་ནང་དུ་བསྒྲེས་ཏེ་ནམ་མཁར་གཏོར་བཞིན། རྒྱ་གར་པན་ཆེན་བོད་ལ་བཀའ་དྲིན་ཆེ། །པདྨ་འབྱུང་གནས་སྐུ་ལ་འདས་གྲོངས་མེད། །ད་ལྟ་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད། །ཨོ་རྒྱན་རིན་པོ་ཆེ་ལ་མཆོད་པ་འབུལ། །ཞེས་དང་། གནས་གསུམ་དག་པ་དཔལ་གྱི་ཙ་རི་གངས་རི་ཁ་བ་དཀར། །སོགས་ཚིག་བཞི་མང་པོ་ཞིག་འདོན་ཡོང་བ་ནི་ཁོ་རང་གི་སྲོལ་རྒྱུན་ཞིག་ཡིན། ད་དུང་རྫི་བོ་མང་པོ་དང་ཇ་མཉམ་བསྐོལ་བྱས་ན་ཇ་མཆོད་ཀྱི་དབུ་མཛད་ནི་ཁོ་རང་གིས་བྱེད་རྐྱང་ཡིན།
སྟོབས་དགའ་སྐབས་ལ་ལར་གཞི་བདག་གི་རྩེར་རྫི་བོ་ལ་འགྲོ་བཞིན་ཡོད་ཅིང་། དེ་དུས་གཞི་བདག་གི་སྲས་མཁར་གྱི་འགྲམ་དུ་སླེབས་ན་རྡོ་བ་རེ་ཟུང་ཞིག་སྲས་མཁར་གྱི་སྟེང་དུ་གཡུགས་ཏེ། ཀི་ཧི་ཧི་ལྷ་བསྭོ། ཕོ་ལྷ་བསྭོ། དགྲ་ལྷ་བསྭོ། སྲོང་བཙན་རྡོ་རྗེ་ངང་དཀར། སྡོམ་གྱི་རི་ཆེན་ཕྱུག་མོ་སོགས་གཞི་བདག་མང་པོ་ཞིག་གི་མིང་དྲངས་ཏེ་དེ་དག་གི་མཐར། མི་ལ་ན་ཚ་མ་གཏོང་། ཕྱུགས་ལ་གོད་ཁ་མ་གཏོང་། བསམ་པ་ལ་བར་ཆད་མ་གཏོང་། ཉིན་གྱི་མི་ལ་བྱ་ར་གྱིས། མཚན་གྱི་མི་ལ་མེལ་ཚེ་གྱིས། ཕར་འགྲོ་མི་ལ་སྐྱེལ་མ་གྱིས། ཚུར་འོང་མི་ལ་བསུ་མ་གྱིས། ཀི་ལྷ་བསྭོ། ཞེས་སོགས་ལྷ་འབོད་ཀླུ་བཀུག་མང་ཐག་ཆོད་ཅིག་བྱེད་པ་ཡིན།
སྟོབས་དགའ་ནི་ཁྱིམ་ཚང་འདི་ཡི་བུ་ཆེ་མགོ་དེ་ཡིན་པ་དང་། དབང་གྲགས་ཚང་ཡང་བཞག་ན་མཐིལ་ཡོད་པ་དང་། འཇུས་ན་ལུང་ཡོད་པའི་ཁྱིམ་ཚང་ཆེ་གྲས་ཤིག་ཡིན་ཁར། ཕྱི་ལ་དཀར་ནག་གི་ནོར་ལུག ནང་ལ་ཁྲ་ཁྲ་ཡི་གཟི་བྱུར། མི་རབས་མང་པོར་བརྒྱུད་དེ་ཡོང་བའི་གོས་ཆེན་དང་སྟག་གཟིག་གི་པགས་པའི་གོས་རིགས་སོགས་ཀྱང་མང་པོ་ཞིག་ཡོད། ནམ་རྒྱུན་ཡུལ་ལྷ་གསོ་བ་དང་བག་སྟོན་སོགས་ཀྱི་སྐབས་སུ་ཡང་རྟ་རག་དཀར་དང་། བུ་སྟོབས་དགའ་གཉིས་ཀྱང་འགྲོ་དགོས་པ་སྨོས་མེད་རེད། སྟོབས་དགའ་མ་གཞི་ནས་མི་ཞིག་དང་ཐུག་ན་སྐད་ཆ་མ་བཤད་པར་འདུག་མི་ཤེས་པ་ཞིག་ཡིན་པས། བག་སྟོན་གྱི་སྐབས་ཤིག་ལ་ཕོ་གསར་མོ་གསར་སོགས་ཡུལ་མི་མང་པོ་ཞིག་འཛོམས་སར་ཁོས་འདི་ལྟར་བཤད་པ་རེད།
ཡ་་་་་་་ལོ་ཆུང་ཆུང་ལོ་ཆུང་གྲ་མཉམ་ཚོ། ད་དེ་རིང་འདི་ལ་ཤ་ཁོག་གིས་གྲལ་སྒྲིག་དང་། ལྐུགས་པ་ཡིས་ཆང་འཐུང་རྒྱག་མཁན་དེ་འདྲ་སུ་ཡོད་རྒྱུ་མ་རེད། དེ་འདྲ་ཡིན་དུས་མི་རེས་གཏམ་རེ་ཤོད། བྱ་རེས་སྒྲོ་རེ་བཀྲོབས། ང་རང་འདྲ་ཡིན་ན་ཤེས་པ་རྒྱ་ཆེན་པོ་དང་། མཐོང་བ་གྲངས་མང་པོ་དེ་འདྲ་ཅི་མིན་ཡང་། བྱང་ཁོག་ཀུན་དགའ་ར་བ་འདི་གཏམ་སྐད་ཆ་གཉིས་ཀྱི་ནང་མཛོད་ཆུང་ཆུང་ཞིག་ཡིན། དེ་ཡང་རྒྱལ་རབས་གསལ་མེ་དང་། མི་ལའི་མགུར་འབུམ། ཐང་ཡིག་སྡེ་ལྔ་སོགས་ཕ་ཁུ་བོའི་གནའ་གཏམ་དང་། བུ་ཁུ་ལོའི་རྣ་འཇོག་ཅུང་ཟད་ཅིག་ཡོད། ད་བཤད་ན་བཤད་རྒྱུའི་ཡལ་ག་རྒྱ་ཆེན་པོ་དང་། ཚིག་གི་ལོ་མ་གྲངས་མང་པོ། སྲིད་པ་ས་ལ་ཆགས་ཚུལ་དང་། སྲིད་གསུམ་མས་ནས་གྲུབ་ཚུལ། སྟོན་པ་སངས་རྒྱས་བྱོན་ཚུལ་དང་། འདྲེན་པ་དགེ་འདུན་ཕེབས་ཚུལ་སོགས་མང་པོ་བཤད་རྒྱུ་འདུག་ཀྱང་། ད་རེས་འདི་ལ་མིག་བཙུམས་ན་རང་ཡུལ་གྱི་རི་མགོ་མི་རིག་མཁན་སུ་མི་འདུག་པས་དེ་རིང་དེ་ཙམ་ལས་མང་པོ་མི་བཤད་ཟེར།
དེ་མཚམས་སུ་ཕོ་གསར་ཁ་བདེ་ཞིག་གིས་ཡ་སྟོབས་དགའ་མི་ཚང་ཆེན་པོའི་བུ་ཡིན་པའི་ཡིན་གོ་ཆོད་འདུག སྐད་ཆ་ཉན་ན་གོ་རྒྱུ་ཡོད་པ་ཞིག་བཤད་སོང་། ད་ངས་དྲི་བ་ཞིག་འདྲི། བོད་ལ་བཀའ་དྲིན་ཆེ་བའི་མེས་དབོན་རྣམ་གསུམ་དེ་སུ་རེད་དེ་ཨེ་ཤེས་ཞེས་ཟེར། སྟོབས་དགའ་ཅུང་དལ་བའི་ངང་ནས། ཡ་་་་་་་ཉོག་རྣམས། བོད་ཀྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཟེར་ན། ཨོ་རྒྱན་རིན་པོ་ཆེ་དང་། བྷོ་དྷི་ས་ཏྭ། ཁྲི་སྲོང་ལྡེ་བཙན་གསུམ་རེད། ད་ཤེས་ཨེ་སོང་ཟེར་བཞིན་ཤིང་ཕོར་དངུལ་ཤན་མའི་ནང་གི་ཆང་དེ་ལ་ཧུབ་ཆེན་གཅིག་བྱས་པས་ཐམས་ཅད་ཀྱིས་དགའ་བསུ་ཐོབ། ཁོས་དེ་འདྲ་བཤད་པ་ན་ཐམས་ཅད་ཀྱིས་ཡིན་ཤག་ཤག་བྱེད་པ་ལས་འགྲིག་མི་འགྲིག་གི་དག་ཕུད་མཁན་སུ་ཡང་མེད་པས་སྟོབས་དགའ་ནི་མི་ཚོགས་འདི་ཚོའི་དཀྱིལ་དུ་ལུང་ཆུང་ནང་གི་དཔོན་ཆུང་དང་། ཆུ་ཆུང་སྒང་གི་ཟམ་ཆུང་ཟེར་བ་དེ་ངོ་མ་རེད།
དེ་ཚོ་ནི་ཁོས་ཁོ་རང་དང་འདྲ་བའི་མི་དག་ལས་རང་བཞིན་གྱིས་ཤེས་སོང་བ་ཡིན་གྱི། དེ་ལས་གཞན་ཁོས་ཀ་ཁ་གཡག་རྒན་ཙམ་ཞིག་ལ་ན་རོ་ཡུར་ཆུ་ཙམ་རེ་འཐེན་ཡང་ངོ་མི་ཤེས་ཁོ་ཐག་ཡིན། བུ་གཅེས་ས་ལ་མི་འཇོག་པའི་སྟོབས་དགའི་མི་ཚེ་འདི་ལྟར་གྱུར་པ་ཡང་། བདེ་བར་སྡོད་ལ་མཁས་མི་སྲིད། །བདེ་བ་ཆུང་ལ་ཆགས་པ་དེས། །ཆེན་པོའི་བདེ་བ་ཐོབ་མི་སྲིད། །ཅེས་པའི་ས་པཎ་གྱི་ལུང་དུམ་དེས་ཏག་ཏག་ཟིན་འདུག་སྟེ། གནད་དོན་འདི་ནི་ཁོའི་ཨ་ཕ་ཨ་མ་གཉིས་དང་ཡང་འབྲེལ་བ་དམ་ཟབ་ཅིག་ཡོད་པ་ཡིན།
འོ་རེད། སྟོབས་དགའ་ཕོ་ལོ་བརྒྱད་ལ་སླེབས་དུས་ཉིན་ཞིག་གྲོང་པའི་ཕྲུ་གུ་རྣམས་ལས་ཕྲུ་གུ་ལྔ་རྫོང་དུ་སློབ་གྲྭ་འགྲོ་དགོས་པའི་བརྡ་ཐོ་འབྱོར། རྫོང་གི་བརྡ་ཐོ་དེ་ནི་སྟོབས་དགའི་ཕ་མ་གཉིས་ཀྱི་རྣ་བར་ཐོས་ན་ཆེས་མི་སྙན་ཞིང་འཇིགས་སུ་རུང་བའམ་ཐོས་ན་མི་བཟོད་པའི་གཏམ་ངན་ཞིག་ཡིན་ཏེ། རང་གི་ཤ་ལས་ཆད་པའི་བུ་གཅེས་སྙིང་དང་འདྲ་བ་འདི་ཆུང་ཆུང་ནས་ཕ་མ་དང་ཁ་བྲལ་ཏེ་སློབ་གྲྭར་སོང་ན་ཉིན་གྱི་ཟས་དང་མཚན་གྱི་གཉིད་མི་འགྲོ་ལ། བུ་ལ་སྡུག་པོ་དེ་འདྲ་མྱོང་དུ་འཇུག་མི་བཟོད་ཟེར་ནས་སྟོབས་དགའི་མགོ་ལ་བྱིལ་བྱིལ་འགའ་བྱེད་བཞིན། “ཨ་ཕོ་ཁྱོད་སྐྲག་མི་དགོས། ཨ་མས་ཁྱོད་རང་སློབ་གྲྭ་འགྲོ་མི་དགོས་པའི་ཐབས་ཤེས་བྱེད་ཆོག་”ཅེས་ཕྲུ་གུ་ལ་སེམས་གསོ་བཏང་།
ལུང་པ་འདིའི་མི་རྣམས་ཀྱིས་ཕྲུ་གུ་སློབ་གྲྭར་གཏོང་བ་ནི་བཙོན་ཁང་དུ་གཏོང་བ་ལྟ་བུའི་ཚོར་བ་ཞིག་ཡོང་གི་ཡོད་པས་རེད། དེ་ཡང་ལོས་ཡིན་ཏེ་ཡུལ་འདིར་གནའ་ནས་ད་བར་ཤེས་ཡོན་པ་ཞིག་འཚར་ལོངས་བྱུང་སྟེ་སྤྱི་ཚོགས་ཀྱི་སྣེ་ཁྲིད་ནས་སྤྱི་ཚོགས་ཀྱི་དགོས་མཁོ་སྒྲུབ་པའི་ལས་ཀ་སྣ་གཅིག་བསྒྲུབས་མྱོང་བར་བཤད་རྒྱུ་དང་མཐོང་རྒྱུ་མེད་ཅིང་། སྔོན་གྱི་མཁས་པ་འགའ་ཞིག་གིས་ཡུལ་ལུང་འདི་ནི་མཁས་པ་མུ་གེས་འཆི་ས་རེད་ཟེར་ནས་གོ་རྒྱུ་དང་བསམ་རྒྱུ་ཡོད་པའི་གསུང་ཡང་བསྩལ་མྱོང་ཡོད་པ་རེད། བླ་རྒན་དང་མི་རྒན་རེ་ཟུང་གིས་བོད་ཡིག་ཆལ་ཆོལ་ཞིག་ཤེས་པ་དེ་ཡང་བླ་མ་དཀོན་མཆོག་གིས་གཟིགས་པ་ཞིག་ལོས་ཡིན། འདི་པའི་ཤེས་ཡོན་པ་ཟེར་ན་ཡང་འདྲ། མི་མཁས་པ་ཟེར་ན་ཡང་འདྲ་ཨ་མཆོད་བྱེད་ཤེས་པ་དང་། གྲོང་ཆོག་ལ་རྒྱུག་ཤེས་སོང་ན་དེ་ལས་གོང་དུ་གྱུར་པ་ཞིག་མེད་ཅིང་། ཨ་མཆོད་དང་གྲོང་ཆོག་འགྲོ་ཤེས་སོང་ན་དེ་རིང་ནས་བཟུང་ “མཆུ་མར་ཁུའི་ནང་དུ་ཟུག་སོང་”ཟེར་ནས་འཇོན་མདོག་གིས་མགོ་བོ་འཕྲེད་ལ་གཡུག་པར་བྱེད། མཆུ་མར་ཁུའི་ནང་དུ་ཟུག་སོང་ཟེར་བའི་ཚིག་འདི་ནི་རྒན་གཞོན་ཀུན་ཀྱི་ངག་ཐོག་ལ་གྱེར་རྒྱུ་ཡོད། སྡོམ་ཚིག་འདི་ལ་བརྟགས་ན་ཡང་ལུང་པ་འདིའི་མི་རྣམས་ནི་མཆུ་མར་ཁུའི་ནང་དུ་ཟུག་པ་ལྟ་བུའི་བཟའ་རྒྱུ་བཏུང་རྒྱུ་གཙུག་ཏུ་བཀུར་བ་ལས་རྒྱང་རིང་དུ་མིག་གིས་འཚོ་མི་ཤེས་པའི་རྟགས་ཤིག་མངོན་ཡོང་། མ་གཞི་ནས་ཁོང་ཚོས་ཤེས་ཡོན་དང་རིག་གནས་ཞེས་པ་སོགས་ནི་བཟའ་རྒྱུ་ཞིག་གམ་བཏུང་རྒྱུ་ཞིག་ཅི་ཡིན་མི་ཤེས།
རྒྱུ་མཚན་དེས་རྫོང་གི་བརྡ་ཐོ་འབྱོར་ནས་ཅི་བྱེད་འདི་བྱེད་མེད་པར་སྟོབས་དགའི་ཚབ་ཏུ་གཡང་འཕེལ་ཚང་གི་བུ་ནོར་བུ་ལ་མི་མང་ཤོག་སྒོར་ལྔ་སྟོང་གླ་ཆ་སྤྲད་དེ་ལོ་གཅིག་གི་རིང་སློབ་གྲྭར་བཏང་། ལོ་གཅིག་ཚར་བ་དང་སླར་ཡང་སྒོར་སྤྲད་དེ་སྟོབས་དགའ་སློབ་གྲྭར་འགྲོ་མི་དགོས་པའི་ཆེད། ཐབས་ཤེས་ཡོད་དགུ་བྱས་པས་འདོད་དོན་ཡིད་བཞིན་དུ་འགྲུབ་ནས་སྟོབས་དགའ་སློབ་གྲྭར་འགྲོ་མ་དགོས་པར་ཐར་པ་ཐོབ་སྟེ་གྲོང་པའི་བྱིས་པ་ལས་མེད་ཚོ་དང་མཉམ་དུ་རྩེད་མོ་བརྩེ་རྒྱུ་དང་། བྱིའུ་ཡི་ཚང་བསྔོགས་ཏེ་སྒོ་ང་གཅོག་པ། སྡེ་པ་གཞན་དག་གི་ཁང་པ་དང་། ལྷས་ར་སོགས་བཤིག་སྟེ་སྡོད་མི་ཚུགས་པའི་ལས་མེད་ཀྱི་བྱིས་པ་ལང་ཤོར་ཞིག་ཆགས། སྟོབས་དགའི་ཁྱིམ་ཚང་ནི་རྒྱུ་དཔལ་འབྱོར་སོགས་གང་ཐད་ནས་འཐུས་ཚང་ཞིག་ཡིན་པའི་ཁར་ཁོ་རང་ནི་བུ་གཅེས་སྙིང་གི་ཚི་ལུ་དེ་ཡིན་པས་སྡེ་པའི་ཕྲུ་གུ་གཞན་པ་དང་མི་འདྲ་བར་ལུས་ལ་གྱོན་རྒྱུའི་གོས་གསར་པ་དང་། ཁ་རུ་བཟའ་རྒྱུ་ཟས་ཤ་མར་དང་ཀ་ར་སོགས་སྤྲད་དེ་རྟ་ཕོ་ཆེན་ཆག་གིས་གསོ་བ་ལྟར་བྱེད་ཀྱི་ཡོད་པས་དཀར་ས་ལ་དཀར་དང་། དམར་ས་ལ་དམར་ཡོད་ཅིང་ཟ་ཉལ་རྩེད་གསུམ་གྱིས་དུས་འདས་སོང་བ་རེད།

གསུམ།

ད་ནི་སྟོབས་དགའི་ཐོད་ཁ་ན་ཡོད་པའི་རྨ་ཤུལ་དང་ལྷན་དུ་རྨ་ཤུལ་མིན་པའི་ཤུར་མོ་འགའ་ཡང་གསར་དུ་དོད་ཡོད་པས་རྨ་ཤུལ་གྱེན་གཟར་བ་དེ་དང་། རང་དོད་ཀྱི་ཤུར་མོ་འཕྲེད་ཉལ་དུ་ཡོད་པ་དེ་གཉིས་ནི་གནམ་ལ་ཤར་བའི་སྐར་མ་སྨལ་པོ་དང་ཨ་ན་མ་ན་རེད། ད་ལྟ་སྟོབས་དགས་འབྲོང་རྒོད་འཕྲེད་ཉལ་བྱས་པ་འདྲ་བའི་སྲིབ་རིའི་དེའི་སྒང་ནས། གཡས་བརྐྱངས་གཡོན་བསྐུམ་སྐོར་ནས་བསྐོར་དགའ་ཡི། །དགྲ་ལུས་ནི་རབ་འཇོམས་མ། །ཡིག་བཅུ་པའི་ངག་བཀོད་པའི། །རིག་ཀ་ཧཱུྂ་ལ་སྒྲོལ་མ་ཉི་མ། །སོགས་དག་ལ་མ་དག་གི་སྒྲོལ་མ་འདོན་བཞིན་མཚམས་མཚམས་སུ་ཏའོ་་་་་དང་། ཀི་ཧི་ཧི་་་་་་་ཞེས་པའི་སྒྲ་རེ་ཟུང་རེ་གྲག་འོང་ཞིང་འབྲོང་གི་སོག་རྩེ་དང་འདྲ་བའི་རི་འབུར་གྱི་སྒང་དེ་ནས་དུ་བ་སྔོ་ལོང་ལོང་དུ་བཏང་བྱུང་བས་ད་ནི་རྫི་ཇ་སྐོལ་བཞིན་པ་འདྲ།
དེ་རིང་ཁ་སང་སྟོབས་དགའ་རི་བོའི་སྒང་དུ་འགྲོ་སྐབས་སེམས་ལ་ཡང་སྐོར་བསྐྱར་སྐོར་གྱིས་བསམ་བློ་འདྲ་མིན་སྣ་ཚོགས་འཆར་གྱི་ཡོད་དེ། ཁོས་གན་ཀྱལ་གྱིས་རྫི་དྲ་སྒལ་འོག་ཏུ་མནན། པུས་མོ་གཡོན་མའི་སྟེང་དུ་རྐང་པ་གཡས་པ་བཞག་སྟེ་རྐང་རྩེ་འགུལ་ལྷེམ་ལྷེམ་བྱེད་ཅིང་། སོ་གསེང་གི་རྩྭ་དེ་ཁ་ཁུག་ཕར་ཚུར་རྗེ་བཞིན་མིག་ནམ་མཁའ་ལ་ཧད་དེ་འདི་ལྟར་བསམས། ཨོ་་་་་མགོ་སྟེང་ནས་སྐད་ཆེན་པོ་གྲག་སྟེ་འཕུར་འགྲོ་བའི་གནམ་གྲུ་འདི་ཚོ་གང་ནས་གང་དུ་འཕུར་འགྲོ་ཡི་ཡོད་དམ། རྒྱང་རིང་དུ་མཐོང་བཞིན་པའི་རི་བོ་འདི་དག་གི་རྒྱབ་ཏུ་ཅི་ཞིག་ཡོད་དམ། གལ་སྲིད་ང་ལ་གནམ་གྲུ་ཞིག་ཡོད་ན་ངས་རི་བོ་འདི་ཚོའི་རྒྱབ་ཏུ་ཅི་ཞིག་ཡོད་པ་འཚོལ་དུ་འགྲོ་ཨ། མ་གཞི་ང་ཚོའི་ལུང་པ་འདིར་གནམ་གྲུ་གཏན་ནས་མེད་པ་ཅི་ཡིན་ནམ། འོ་རེད་ང་རང་ཆུང་དུས་རྫོང་དུ་སློབ་གྲྭར་སོང་ཡོད་ན་ད་ལྟ་རྒྱང་རིང་གི་རི་བོ་འདི་ཚོའི་རྒྱབ་ཏུ་ལྟད་མོ་ལ་འགྲོ་བ་དང་། གཅིག་བྱས་ན་གནམ་གྲུའི་ནང་དུ་འཕུར་གྱི་ཡོད་ན་ཅི་ཆ། ཁོས་ཨུ་ཤུ་རིང་པོ་ཞིག་གཏོང་བཞིན་མུ་མཐུད་བསམ་བློ་འགའ་བཏང་མཐར། རང་ཉིད་དང་ན་མཉམ་ཡིན་པའི་གཡང་འཕེལ་ཚང་གི་བུ་ནོར་བུ་མིག་སྔར་ཤར། ནོར་བུ། ནོར་བུ་ཁོ་སློབ་གྲྭ་མཐར་ཕྱིན་ནས་རྒྱ་ནག་གི་གྲོང་ཁྱེར་ཆེན་པོ་ཞིག་ཏུ་ལས་ཀ་རག་པ་མ་ཟད་འདི་ལོའི་ལོ་གསར་སྐབས་སུ་ཁྱིམ་དུ་ཡོང་རྒྱུ་ཟེར།
གལ་སྲིད། གལ་སྲིད་དེ་དུས་ངེད་ཚང་གི་སྒོར་ལྔ་སྟོང་དེ་མེད་ན་ནོར་བུ་ཡང་ད་ལྟ་ཕར་ཕྱོགས་ཀྱི་རི་བོའི་སྒང་དུ་རྫི་ཇ་སྐོལ་བཞིན་ཡོད་ངེས། ཡང་ན་དེ་དུས་རྫོང་དུ་སློབ་གྲྭར་འགྲོ་མཁན་དེ་ང་རང་ཡིན་པའི་དབང་དུ་བཏང་ན། ད་ལོའི་ལོ་གསར་གྱི་སྐབས་སུ་ཁྱིམ་དུ་ཡོང་མཁན་དེ་ང་རང་ཡིན་པ་དང་། དེ་རིང་རི་སྒང་འདིར་རྫི་ཇ་སྐོལ་འདུག་མཁན་དེ་ནི་ནོར་བུ་ཡིན་སྲིད་པ་སོགས་རྣམ་རྟོག་གི་འཆར་སྒོ་མུ་ནས་མུ་མཐུད་དེ་ད་ལྟ་ནས་བྱིས་དུས་ཀྱི་བར་དུ་ཡར་སླེབས། བྱིས་དུས་ནས་ད་ལྟའི་བར་དུ་མར་སླེབས་ཀྱང་བློ་ཁ་གང་བའི་འཇུ་ས་ཞིག་མ་རག་པར་རླན་གཤེར་མིན་པའི་མཆི་མ་ཞིག་སྙིང་ཁོང་དུ་བཞུར་བཞིན་ད་ལྟ་ད་དུང་རི་སྒང་དེར་བསམ་གཞིག་ཀློང་དུ་ཐིམས་ནས་ཅི་ཞིག་འཚོལ་སྙེག་ལ་བྲེལ་འདུག
29/09/2015

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།