ལོ་རིམ་ལྔ་པའི་སློབ་གཉེར་བ། བློ་གྲོས།
རྨད་བྱུང་མཚན་དཔེ་བཟང་པོ་འབར་བའི་སྐུ།།
དྲི་མས་མ་གོས་ཡན་ལག་དྲུག་ཅུའི་གསུང་།།
མཁྱེན་བརྩེའི་བདག་ཉིད་ཡེ་ཤེས་ཐུགས་མངའ་བའི།།
དུས་གསུམ་བདེ་གཤེགས་རྣམས་ཀྱི་ཞབས་ལ་འདུད།།
ཕྱི་ལྟར་འདུལ་འཛིན་སྡོམ་བརྩོན་དམ་པའི་མཆོག།
ནང་ལྟར་ཡུམ་དོན་དགོངས་པའི་གནས་ལ་མཁས།།
གསང་བ་ངེས་གསང་རྡོ་རྗེའི་རྣལ་འབྱོར་མང་།།
སྐྲུན་གནས་ཆོས་སྡེ་ཆེན་མོ་རྗེས་སུ་དྲན།།
ཞེས་གང་ཞིག་བརྗོད་པར་བྱ་བའི་སྒོ་ཡངས་པོར་ཕྱེ་སྟེ། དེ་ཡང་ནང་བསྟན་གཙུག་ལག་སློབ་གཉེར་ཁང་ཀུན་ཀྱི་མེས་པོ། རང་རེ་ནང་པའི་ནོར་སྐལ། གཞན་སྡེར་ངོམ་སོའི་སྙིང་ནོར་ཏེ་རིག་པའི་འབྱུང་གནས་དཔལ་ནཱ་ལནྡཱ་བྱ་བ་ནི་དུས་རབས་ལྔ་པ་ནས་བཟུང་ལོ་བརྒྱ་ཕྲག་བརྒྱད་ཀྱི་རིང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རབ་ཏུ་དར་བའི་བསྟི་གནས་སུ་སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ་པ་ཞིག་ཏུ་གྱུར་མོད། ད་ལྟ་ང་ཚོའི་མིག་ལམ་དུ་གྱུར་པ་ནི་དགོན་གནས་ཀྱི་ཞིག་རོ་དང་རྣ་ལམ་དུ་གྱུར་པའི་ལོ་རྒྱུས་ཙམ་ལས་དངོས་སུ་མཇལ་བའི་བསོད་ནམས་ཀྱི་བགོ་སྐལ་དང་བྲལ་བ་ཡིན། དེ་ལྟར་ལོ་རྒྱུས་ལ་མཚོན་ན་དཀྱུས་གཅིག་ཏུ་བསྡོམས་པའི་ཞིབ་ཕྲ་མ་མཆིས་ཀྱང་། སྔོན་རྒྱ་བོད་ཀྱི་དམ་པ་འགའ་ཞིག་རྒྱ་གར་འཕགས་པའི་ཡུལ་དུ་འབྱོར་བའི་ལམ་ཡིག་དང་རྣམ་ཐར་ཁག་ཏུ་གསལ་བས་ཁོང་རྣམ་པའི་བཀའ་དྲིན་ནི་ཤིན་ཏུ་གཞལ་དཀའ་བར་སྨོས་ཅི་དགོས། འོན་ཀྱང་དེང་དུས་ལོ་རྒྱུས་ལ་ཐུགས་སྣང་གནང་མཁན་ཆེས་དཀོན་པས་དྲན་སྐུལ་ཚུལ་དུ་གཙུག་ལག་ཁང་ཆེན་མོ་ནཱ་ལནྡཱའི་བྱུང་རབས་གངྒཱའི་རྒྱུན་ལྟར་རིང་པོ་ལས་ཆུ་ཐིགས་ཙམ་ཞིག་འདིར་འགོད་པར་འདོད་དོ།།
ནཱ་ལནྡཱ་ཞེས་པའི་ཐ་སྙད་ཐོགས་ཚུལ།
ནཱ་ལནྡཱ་ཞེས་པའི་ཐ་སྙད་ལ་མཁས་པ་རྣམས་ཀྱིས་འགྲེལ་ཚུལ་དུ་མ་ཞིག་ཡོད་པ་ལས། དང་པོ་རྒྱ་ཡི་བཙུན་པ་ཧྤ་ཤཱན་[1]བྱ་བའི་ལམ་ཡིག་ཏུ་ནཱ་ལནྡཱའི་གྲོང་བརྡལ་ཞེས་བྱུང་བ་དང་། བཙུན་པ་ཞཱན་ཟང་[2]གི་ལམ་ཡིག་ཏུའང་ནཱ་ལནྡཱ་ཞེས་གསལ་བ་དེ་སྦྱིན་པས་མི་ངོམས་པ་ཞེས་པའི་དོན་དང་། ལུང་པ་དེའི་ངག་རྒྱུན་ལྟར་ན་གནས་དེར་རྩྭ་འདམ་བུ་མང་པོ་སྐྱེས་པས་འདམ་བུའི་ཚལ་ཞེས་གྲགས་པ་དང་། ཡུལ་འདིའི་རྫིང་བུ་ཞིག་ན་ཀླུ་ནཱ་ལནྡཱ་ཟེར་བ་ཡོད་པས་དགོན་པའི་མིང་དུ་དེ་ལྟར་ཆགས་པ་དང་། མེ་ཏོག་པདྨ་མང་པོ་ཡོད་པས་པདྨ་བསྩལ་ཞེས་གྲགས་ཚུལ་ནཱ་ལནྡཱ་ཞིབ་འཇུག་ཅེས་པའི་དེབ་ནང་གསལ།[3] ཡང་དུས་རབས་བཅུ་གསུམ་པའི་སྟོད་ལ་རྒྱ་གར་རྡོ་རྗེ་གདན་དུ་ཕེབས་པའི་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་རྣམ་ཐར་དུ།[4] “ན་ལེན་དྲ་ཞེས་པ་མིའི་དབང་པོ་སྔོན་རྒྱལ་པོས་བཞེངས་པས། དེ་སྐད་གྲགས།” ཞེས་དང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མར།[5] “ནཱ་ལནྡྲ་ནི་རང་རེའི་འདུལ་བར་ནཱ་ལ་ད་ཞེས་བྱུང་ཞིང་། བྲམ་ཟེ་སྐར་རྒྱལ་ལ་རྒོལ་བའི་བ་དན་དུ་ཐོབ་པ་གསུངས་ཀྱང་མིང་དོན་ནི་མི་གསལ། ཁ་ཅིག་གིས་དགོན་གནས་ཉེ་བའི་མཚེའུ་དེ་ན་ཀླུ་ན་ལནྡ་བྱ་བ་ཡོད་པས་དེ་སྐད་མིང་དུ་གྲགས་ཟེར། ཡང་བྱང་སེམས་གྲོང་འདིར་བཞུགས་པ་ཞིག་གིས་སྦྱིན་ཏེ་ཟད་ནས་ཅུང་ཟད་ངན་པ་དག་ཀྱང་བྱིན་པས་ནཱ་ལནྡཱ་སྟེ་མི་ཆོག་སྦྱིན་བྱ་བ་ཡིན་ཟེར། ཨ་ལམ་མི་འདང་བ་དང་མི་ཆོག་པའི་དོན་ཡིན་མོད། འདི་ངན་པ་བཟང་སྦྱིན་བྱ་བའི་མིང་དེ་ཀ་རང་ཡིན་ནམ་ཡང་སྙམ་མོ། །གཞན་ཡོངས་སུ་གྲགས་པ་ནི་འདམ་བུ་སྦྱིན་ཞེས་སྒྱུར་བ་དེ་ཡིན།” ཞེས་གསུངས་པ་ལས་ཐག་གཅོད་ངེས་པར་དུ་མཛད་མེད་དོ། །ཉེ་ཆར་གྱི་ཉམས་ཞིབ་པ་སྐྱེས་གསར་ཀླུ་སྒྲུབ་ལྟར་ན་སྦྱིན་པས་མི་ངོམས་པ་ཞེས་པ་དེ་སཾ་ཀྲ་ཏའི་སྐད་ཡིག་ཐོག་ཉམས་ཞིབ་བྱས་པར་མིང་གི་སྒྲ་ཙམ་འདྲ་ཡང་དོན་ལ་ཡིན་མིན་ཞིབ་འཇུག་བྱ་རྒྱུར་ལྷག་པ་དང་། ཀླུའི་མིང་དེ་དགོན་པའི་མིང་དུ་ཆགས་པའང་མི་བདེན་ཟེར། དེའི་སྒྲུབ་བྱེད་དུ་བཙུན་པ་ཧྤ་ཤཱན་གྱི་ལམ་ཡིག་ཏུ་ཤཱ་རིའི་བུའི་མཆོད་རྟེན་མཇལ་ཡོད་པའི་སྐོར་གསལ་ཡང་གཞན་གཙུག་ལག་ཁང་ཡོད་ཚུལ་གང་ཡང་མ་བཀོད་པས་དེ་ཉིད་རྒྱ་གར་དུ་ཕེབས་དུས་ཕལ་ཆེར་ནཱ་ལནྡཱའི་གཙུག་ལག་ཁང་མེད་པ་འདྲ། འོན་ཀྱང་ལམ་ཡིག་ནང་ནཱ་ལནྡཱའི་གྲོང་རྡལ་ཞེས་པ་བྱུང་བས་ཡུལ་མིང་ནཱ་ལནྡཱ་བྱ་བ་དེ་ཕྱིས་སུ་གཙུག་ལག་ཁང་གི་མིང་དུ་ཆགས་པ་ལྟ་བུར་བཀོད་འདུག་གོ།
ནཱ་ལནྡཱའི་གཙུག་ལག་ཁང་མ་བཞེངས་སྔོན་གྱི་ལོ་རྒྱུས།
གཙུག་ལག་ཁང་དེ་ཉིད་མ་བཞེངས་པའི་སྔོན་དུ་ས་ཆ་འདི་ཨམྲའི་ལྡུམ་ར་ཞིག་ཡིན་པ་ཚོང་པ་ལྔ་བརྒྱས་གསེར་གྱི་དོང་ཙེ་བྱེ་བའི་རིན་གྱིས་ཨམྲའི་ཚལ་ཉོས་ནས་བཅོམ་ལྡན་འདས་ལ་ཕུལ་ཞིང་། དེར་རྫོགས་པའི་སངས་རྒྱས་སྟོན་པ་བཅོམ་ལྡན་འདས་ཀྱིས་ཟླ་བ་གསུམ་གྱི་རིང་ཆོས་གསུངས་པ་དང་། དེའི་སྐབས་སུ་ཆོས་ཞུ་མཁན་གཙོ་བོ་ཚོང་པ་ལྔ་བརྒྱ་དེ་དག་ཐམས་ཅད་དགྲ་བཅོམ་པའི་གོ་འཕང་ཐོབ་པར་ཞཱན་ཟང་གི་རྣམ་ཐར་[6]དུ་གསལ། གཞན་ཡང་སངས་རྒྱས་ཤཱཀྱ་ཐུབ་པའི་ཉན་ཐོས་མཆོག་ཟུང་གི་ཡ་གྱལ་ཤེས་རབ་ཅན་རྣམས་ཀྱི་མཆོག་ཏུ་གྱུར་པ་བཙུན་པ་ཤཱ་རིའི་བུའི་འཁྲུངས་ཡུལ་ཡང་དེ་ཡིན་ཞིང་དགྲ་བཅོམ་པའི་གོ་འཕང་ཡང་གནས་དེར་ཐོབ་ཚུལ་གསེར་ཐང་དུ།[7] “དེ་ཡང་སྟོན་པ་བཞུགས་དུས་ཚོང་པ་ལྔ་བརྒྱ་ཙམ་གྱིས་ཨམྲའི་སྐྱེད་ཚལ་ཞིག་གསེར་བྱེ་བ་བྱིན་ཏེ་ཉོས་ནས་ཕུལ་ཞིང་དེར་དབྱར་ཞལ་བཞེས་མཛད། མཆོག་ཟུང་གཉིས་ཀའི་འཁྲུངས་ས་དང་འདས་ས་ཡང་འདིའི་ཉེ་འཁོར་ཅི་རིགས་པར་ངོས་འཛིན་མཛད།” ཅེས་དང་། ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་རྒྱ་གར་ཆོས་འབྱུང་ནའང་།[8] “དེ་ལ་ནཱ་ལེནྡྲཱ་ནི་སྔོན་འཕགས་པ་ཤཱ་རིའི་བུ་འཁྲུངས་པའི་ཡུལ་དང་། མཐར་ཤཱ་རིའི་བུ་འཁོར་དགྲ་བཅོམ་པ་ཁྲི་ཕྲག་བརྒྱད་དང་བཅས་ཏེ་མྱ་ངན་ལས་འདས་པའི་ས་ཡང་ཡིན་ལ།” ཞེས་གསུངས་པས་ས་ཁུལ་དེ་སྔོན་མ་ནས་བདག་ཅག་གི་སྟོན་པས་བྱིན་གྱིས་བརླབས་ཡོད་པར་ལོ་རྒྱུས་སྨྲ་བ་དག་མགྲིན་གཅིག་ཏུ་གནས་སོ།།
ནཱ་ལནྡཱའི་གཙུག་ལག་ཁང་འཛུགས་སྐྲུན་བྱེད་ཚུལ།
བཅོམ་ལྡན་འདས་དགོངས་པ་མྱ་ངན་ལས་འདས་པའི་རྗེས་སུ་རྒྱལ་པོ་ཤཀྲཱ་དིཏྱ་སྟེ་གཞོན་ནུ་སྦས་པས་སྟོན་པ་དང་དེའི་བསྟན་པར་བསྙེན་བཀུར་གྱི་ཚུལ་དུ་གཙུག་ལག་ཁང་དེ་ཉིད་ཐོག་མར་བཞེངས་ནས་རྒྱལ་པོ་ཚེ་ལས་འདས་པས་དེའི་བུ་བུདྷ་གུཔྟ་སྟེ་སངས་རྒྱས་སྦས་པ་བྱ་བས་རྒྱལ་སྲིད་ལ་དབང་བསྒྱུར་ཅིང་དེས་ཀྱང་སྔར་ཡབ་ཀྱིས་བཞེངས་པའི་ལྷོ་ངོས་སུ་གཙུག་ལག་ཁང་ཞིག་བརྩིགས། དེའི་བུ་ཏ་ཐཱ་ག་ཏ་གུཔྟས་ཤར་ཕྱོགས་སུ་བརྩིགས། དེའི་བུ་བཱལཱ་དིཧྱས་ཀྱང་བྱང་ཤར་མཚམས་སུ་བརྩིགས་ཤིང་རྒྱལ་སྲིད་སྐྱོང་བའི་སྐབས་སུ་རྒྱ་ནག་ནས་ཆོས་པ་འགའ་ཞིག་ནང་པའི་གཞུང་ལུགས་སློབ་པར་འབྱོར་བས་རྒྱལ་པོ་ཐུགས་རབ་ཏུ་དགྱེས་ནས་རྒྱལ་སྲིད་སྤངས་ཤིང་དབེན་པར་གནས། ཡང་དེའི་བུ་བཛྲ་བྱ་བས་བྱང་ཕྱོགས་སུ་གཙུག་ལག་ཁང་བཞེངས་པ་དང་། དེའི་ཉེ་འདབས་སུ་ཡུལ་དབུས་ཀྱི་རྒྱལ་པོ་ཧརྴ་བྱ་བས་ཀྱང་གཙུག་ལག་ཁང་གཅིག་བརྩིགས་པར་གྲགས། དེའི་སྐབས་ཞཱན་ཟང་འཕགས་ཡུལ་དུ་ཕེབས་དུས་ནཱ་ལནྡཱ་དེ་ཉིད་གཙུག་ལག་ཁང་དྲུག་གི་བདག་ཉིད་དུ་ཡོད་ཅིང་ད་དུང་རྩིག་བཞིན་པར་འདུག་གསུངས་པས་གཙུག་ལག་ཁང་ཐོག་མར་ཕྱག་འདེབས་མཁན་ཡང་རྒྱལ་པོ་ཤཀྲཱ་དིཏྱ་སྟེ་ཀུ་མཱ་ར་གུཔྟ་དང་པོ་ཡིན་པར་གསལ་བ་དང་། རྒྱལ་པོ་དེ་ཡི་ལོ་རྒྱུས་ལ་དཔགས་ན་སྤྱི་ལོ་ ༤༡༥ ནས་ ༤༥༥ བར་དུ་བྱོན་ཡོད་པར་ངོས་འཛིན་བྱས་འདུག་པས་གཙུག་ལག་ཁང་དེ་ཡང་དུས་དེ་ནས་བཟུང་དར་ཡོད་པས་དུས་རབས་ལྔ་པའི་མཚམས་སུ་བྱུང་བ་རྟོགས་ཐུབ་བོ།།
འཛུགས་སྐྲུན་བྱེད་ཚུལ་ཐད་བཞེད་པ་ཅུང་མི་འདྲ་བ་ཡོད་པ་ནི་རྒྱ་གར་ཆོས་འབྱུང་དུ།[9] “བར་སྐབས་སུ་བྲམ་ཟེའི་གྲོང་ནི་སྟོངས། འཕགས་པ་ཤཱ་རིའི་བུའི་མཆོད་རྟེན་ཞིག་ཡོད་པ་ལ་རྒྱལ་པོ་མྱ་ངན་མེད་ཀྱིས་རྒྱ་ཆེར་མཆོད་ནས་སངས་རྒྱས་ཀྱི་ལྷ་ཁང་ཆེན་པོ་ཞིག་བཞེངས་སོ།།” ཞེས་དང་། “དེ་ལྟར་ན་ནཱ་ལནྡཱའི་གཙུག་ལག་ཁང་ཐོག་མར་འདེབས་པ་མྱ་ངན་མེད། ཆོས་གཞི་དར་བར་མཛད་པ་སློབ་དཔོན་ལྔ་བརྒྱ་དང་། མཐོ་བཙུན་སྐུ་མཆེད། རྒྱས་པར་མཛད་པ་སྒྲ་གཅན་འཛིན་བཟང་པོ། ཤིན་ཏུ་རྒྱས་པར་མཛད་པ་ཀླུ་སྒྲུབ་བོ།།” ཞེས་དང་། དེ་དང་མཚུངས་པར་སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་གྱིས་མཛད་པའི་དཔག་བསམ་ལྗོན་བཟང་ལས།[10] “དེར་ནཱ་ལེནྡ་ནི་སྔར་ཤཱ་རིའི་བུའི་འཁྲུངས་གཤེགས་ཀྱི་ཡུལ་དུ་བྲམ་ཟེའི་གྲོང་ཡོད་པ་སྟོང་ཤུལ་དུ་ཤཱ་རིའི་བུའི་མཆོད་རྟེན་ཡོད་པ་ལ་མྱ་ངན་མེད་ཀྱིས་མཆོད་ཅིང་ལྷ་ཁང་བཞེངས་པ་དེར་ཕྱིས་སུ་མཐོ་བཙུན་སྐུ་མཆེད་ཀྱིས་ལྷ་ཁང་བརྒྱ་བཞེངས་ཏེ་དེར་སྔར་གྱི་ཐེག་ཆེན་པ་རྣམས་བྱོན་ནས་ཆོས་གཞི་དར་ལ། དུས་ཕྱིས་ས་ར་ཧ་དང་ཀླུ་སྒྲུབ་ཀྱི་དུས་སུ་དེར་ཐེག་ཆེན་ཤིན་ཏུ་དར་རོ།།” ཞེས་གསུངས་པས་ནཱ་ལནྡཱའི་གཙུག་ལག་ཁང་ཐོག་མར་འདེབས་མཁན་ཆོས་རྒྱལ་མྱ་ངན་མེད་ཡིན་ཞིང་མཐོ་བཙུན་སྐུ་མཆེད་གཉིས་པོས་ཀྱང་ལྷ་ཁང་བརྩིགས་པར་གསལ་པོར་བསྟན་མོད། ཞཱན་ཟང་གི་རྣམ་ཐར་ན་ཆོས་རྒྱལ་མྱ་ངན་མེད་དང་མཐོ་བཙུན་སྐུ་མཆེད་གཉིས་པོ་གཙུག་ལག་ཁང་འཛུགས་སྐྲུན་དང་འབྲེལ་བ་ཡོད་པའི་སྐོར་མ་འཁོད་པས་ཅུང་མི་འདྲ་བར་སྣང་། འོན་ཀྱང་གསེར་ཐང་དུ་གསལ་བ་ལྟར་ན།[11] “དེ་ནས་སྟོན་པ་འདས་ནས་རྒྱལ་པོ་ཤཀྲཱ་དིཏྱ་སྟེ་བརྒྱ་བྱིན་ཉི་མ་བྱ་བས་གཙུག་ལག་ཁང་བཏབ་ཟེར་རྭ་ལོའི་རྣམ་ཐར་ནས་ཞེས་བྱུང་བ་ཡང་འདི་བརྡའ་ཉམས་པ་ཨེ་ཡིན་སྙམ། ཕྱིས་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཤཀྲཱ་དིཏྱ་སྟེ་རྒྱལ་པོ་གཞོན་ནུ་སྦས་པ་དང་པོ་དང་གཅིག་པར་བྱེད། དེ་ལྟར་ན་གཙུག་ལག་ཁང་ཆེར་བསྐྱེད་པའི་འགོ་བཙུགས་པ་ཡིན་གྱི་དགོན་གནས་སྔར་ནས་ཡོད་པར་སེམས།” ཞེས་པས་དགོན་པའི་གཞི་རྩ་སྔར་ནས་ཡོད་པའི་སྟེང་རྒྱལ་པོ་ཤཀྲཱ་དིཏྱས་ཐོག་མར་གཙུག་ལག་ཁང་རྒྱ་བསྐྱེད་གནང་ཞིང་རིག་པའི་གནས་ལ་ཐོས་བསམ་སྒོམ་པའི་བྱ་བ་རྒྱ་ཆེར་དུས་དེ་ནས་བཟུང་དར་བས་དེ་ཉིད་ཐོག་མར་འཛུགས་སྐྲུན་བྱེད་མཁན་དུ་གྲགས་པར་མངོན་ནོ།།
གཙུག་ལག་ཁང་གི་བཟོ་བཀོད།
གཙུག་ལག་ཁང་གི་ཁོར་ཡུག་ཡོངས་རྫོགས་ལ་ཕྱི་ལོགས་ནས་སོ་ཕག་གི་ར་བ་སྒོ་ཆེན་གཅིག་ཡོད་པ་ཞིག་གིས་བསྐོར་ཞིང་གཙུག་ལག་ཁང་དེ་དག་གཅིག་ལ་གཅིག་སྦྲེལ་བས་བརྒྱུད་ནས་འགྲོ་ནུས་པ་དང་། ཁང་བཟང་མངོན་པར་མཐོ་བའི་རྩེ་མོར་ལྕོག་ཁར་གྱིས་བརྒྱན་ཅིང་དེ་དག་ཀྱང་རྒྱན་གྱིས་སྤུད་པས་རབ་ཏུ་མཛེས་པར་སྣང་ལ། ཐོག་སོ་བཞི་བརྩེགས་པའི་གཙུག་ལག་ཁང་གི་སྟེང་ཐོག་དེ་ཉིད་སྤྲིན་པ་ལས་ཀྱང་མཐོ་བ་ཡོད་པས་དེའི་སྒེའུ་ཁུང་ནས་བལྟས་ན་སྤྲིན་པས་སྤྲིན་གསར་དང་རླུང་གིས་རླུང་གསར་རྒྱུན་ཆགས་སུ་འདོན་སྤེལ་བྱེད་པར་མངོན་ཞིང་། ཉི་མ་ནུབ་ཁ་མའི་མཚམས་སྤྲིན་གྱི་མཚར་སྡུག་དང་ཟླ་བའི་འོད་ཀོར་ཡང་མིག་ལམ་དུ་གསལ་ལམ་མེར་གྱུར་ཅེས་དང་། སྟེང་ཐོག་དེར་ཞོགས་པའི་ན་བུན་སྟུག་པོས་བསྒྲིབས་ནས་དེར་གནས་པའི་མི་དག་ཀྱང་མི་མངོན་ཚུལ་སོགས་ལོ་རྒྱུས་དག་ན་གསལ་ལ། དེ་བཞིན་གསེར་ཐང་ལས་ཀྱང་།[12]“ཁང་ཆེན་གྱི་མཐའ་ནས་དགེ་འདུན་གྱི་བྲང་ཁང་རྣམས་ཐོག་སོ་བཞི་བཞི་བཅས་པས་སྐོར་ཞིང་། ཀ་བ་དམར་པོ་མུ་ཏིག་ལྟར་འབར་བ་ལ་བརྐོས་རིས་སྣ་ཚོགས་པས་བརྒྱན།” ཞེས་གསུངས་པས་བསྟི་གནས་འདིའི་ནང་ཐོས་བསམ་སྒོམ་པའི་སློབ་སྦྱོང་གིས་ཕྱུག་པར་མ་ཟད། ཕྱིའི་བཀོད་པས་ཀྱང་སྐྱེ་དགུ་ཐམས་ཅད་ཡིད་དབང་མེད་དུ་འཕྲོག་ཅིང་ངོ་མཚར་བའི་གནས་སུ་གྱུར་ཡོད་པ་ལོ་རྒྱུས་དེ་དག་ལས་དཔོག་ནུས། ཡང་ཆེས་རྨད་དུ་བྱུང་བའི་ཁང་བཟང་ཆེན་པོ་དེའི་རྩ་བ་ནས་བཟུང་ཁོར་ཡུག་ཐམས་ཅད་ཨམྲའི་སྐྱེད་ཚལ་གྱི་བསིལ་གྲིབ་སྔོན་པོས་མཛེས་ཤིང་དེའི་དབུས་སུ་ཟབ་ལ་དྭངས་པའི་རྫིང་བུར་མེ་ཏོག་པདྨ་དང་ཀཱ་ནཱ་ཀཱ་འདྲེས་མར་ཤར་ཡོད་པ་ལོ་རྒྱུས་ཕལ་མོ་ཆེ་རུ་འཁོད་ཡོད་པས་གཙུག་ལག་ཁང་ཆེན་མོའི་ཁོར་ཡུག་ཀྱང་ཡིད་འཕྲོག་ནུས་པའི་མཛེས་ཆ་ལྡན་པ་ཞིག་ཏུ་ངོས་འཛིན་བྱེད་ཐུབ། དེ་ཉིད་ལས།[13] “དགོན་པའི་ལྷོ་ནུབ་ཏུ་མཚེའུ་ཡོད་པར་ཉིན་གུང་བརྡ་བཏང་བ་ན་དགེ་སློང་བརྒྱ་སྟོང་ཙམ་རེ་བྱོན་ཏེ་ཁྲུས་བྱེད་པ་སོགས་གསུངས་ཏེ་མཚེའུ་ད་ལྟ་ཡང་ཡོད།” ཅེས་བྱ་བས་གཙུག་ལག་ཁང་ཉམས་རྒུད་བྱུང་ནས་ཡུན་རིང་པོར་སོང་ནའང་རྫིང་བུ་འདི་མ་བསྐམས་པར་གནས་ཡོད་པར་གྲགས་པ་ལྟར་ན་མི་ཡིས་བཟོས་པའི་རྫིང་བུ་མིན་པར་རང་བཞིན་གྱིས་གྲུབ་པ་ཞིག་ཡིན་པར་རྟོགས་ནུས་པ་ཡིན་ནོ།།
གཙུག་ལག་ཁང་དུ་འཛུལ་ཞུགས་གནང་སྟངས།
འཛམ་གླིང་ཁྱོན་ཀུན་ཏུ་སྙན་པའི་བ་དན་ལྟར་གཡོ་བའི་ནང་པའི་རིག་གཞུང་གི་བསྟི་གནས་ཆེན་པོ་འདིར་བློ་གསར་གཞོན་ནུ་ཚོར་གཞི་རིམ་དང་འབྲིང་རིམ་སློབ་གྲྭའི་ཡོན་ཏན་སློབ་སྲོལ་ཉུང་ཙམ་ཡོད་མོད། གཙོ་བོ་གཙུག་ལག་གོང་མའི་ཤེས་ཡོན་འབའ་ཞིག་སྐྲུན་པས་དེ་དང་འབྲེལ་བའི་ཤེས་ཡོན་གྱི་གཞི་རྩའམ་སྔོན་འགྲོའི་ཉེར་མཁོ་མེད་ན་འཛུལ་ཞུགས་བྱ་རྒྱུའི་གནང་བ་མི་ཐོབ་པར་མ་ཟད། འཛུལ་ཞུགས་བྱ་བ་ལ་ཡང་ཉུང་མཐའ་རང་ལོ་ཉི་ཤུ་ལོན་པ་ཞིག་ཡིན་དགོས་ཀྱི་ཡོད་ལ། གཙུག་ལག་གོང་མའི་ཤེས་ཡོན་ལ་སློབ་མཁན་མཁས་དབང་ཕལ་ཆེ་བ་སོག་པོ་དང་རྒྱ་ནག ཀོ་རི་ཡ་དང་བོད་རྒྱལ་ཁབ་ནས་འབྱོར་ཞིང་། ལ་ལ་ནང་ཆོས་ཀྱི་མ་དཔེ་ལེན་ཆེད་དུ་འོང་ལ། ལ་ལ་ནི་སོ་སོས་བྲིས་པའི་བསྟན་བཅོས་ལ་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་ངོས་ལེན་གྱི་ཐམ་ཀ་ལེན་པའི་ཆེད་དུ་འབྱོར་གྱི་ཡོད་པར་གྲགས། གལ་ཏེ་དེ་ལྟར་མིན་པར་སློབ་གཉེར་ཁང་དུ་འཛུལ་ཞུགས་འདོད་ན་ངེས་པར་དུ་རྒྱུགས་སྤྲོད་གཏོང་དགོས་པ་ཡིན། རྒྱུགས་སྤྲོད་ལྷན་ཚོགས་ཀྱི་ཚོགས་འཐུས་ཐམས་ཅད་གྲུབ་མཐའ་དང་གཞུང་ལུགས་ལ་ཕུལ་དུ་ཕྱིན་པ་ཤ་སྟག་ཡིན་པས་རྒྱུགས་སྤྲོད་ཀྱང་ཧ་ཅང་ཚད་མཐོན་པོ་ཞིག་ཡིན་དགོས་པར་འདུག དེ་ཡང་ནཱ་ལནྡཱ་ཞིབ་འཇུག་ཅེས་པའི་དེབ་ནང་དུ།[14] “སྡེ་སྣོད་གསུམ་གྱི་སྐོར་དྲིས་ནས་དྲི་ལན་ཡག་པོ་ཐེབས་ཚེ་ནང་དུ་ལེན་པ་མ་ཟད་ཚང་མས་མཐོང་དང་གུས་བརྩི་བྱེད་པ་དང་། དྲི་ལན་ཡག་པོ་མ་ཐེབས་ཚེ་ནང་དུ་ལེན་པ་ཙམ་ལས་རྩི་འཇོག་དེ་ཙམ་མེད་པ་མ་ཟད། ཁོ་རང་ཡང་ཅུང་ངོ་ཚ་བའི་ངང་གནས་དགོས། ཡང་རྩ་བ་ནས་དྲི་ལན་མ་ཐེབས་ཚེ་ནང་དུ་མི་ལེན་པ་སོགས་ཆེས་མཐོའི་གཙུག་ལག་སློབ་གྲྭའི་ཁྱད་ཆོས་འབུར་དུ་ཐོན་པ་ཡོད།” ཅེས་དང་། འཛུལ་ཞུགས་རྒྱུགས་སྤྲོད་གཏོང་མཁན་རྣམས་ལས་བརྒྱ་ཆ་ཉི་ཤུ་ཙམ་མ་གཏོགས་ཕལ་ཆེ་བས་རྒྱུགས་མི་འཕྲོད་པས་རེ་ཐག་ཆད་ནས་སོ་སོའི་ཡུལ་དུ་ལོག་འགྲོ་དགོས་པའི་སྐོར་ཞཱན་ཟང་གི་རྣམ་ཐར་ན་གསལ་ལོ།།
སློབ་ཚན་དང་སློབ་ཁྲིད།
སྤྱིར་ཆོས་སྲིད་དམ་ཕྱི་ནང་གི་རིག་པའི་གནས་ཡོངས་སུ་འདུས་པའི་སློབ་ཚན་ཕུན་སུམ་ཚོགས་པ་གཏན་འབེབས་བྱས་ཡོད་པའི་ནང་ནས་ནང་པ་སངས་རྒྱས་པའི་རིང་ལུགས་ལྟ་བུ་ལ་མཚོན་ན། ཐེག་ཆེན་ལ་གྲུབ་མཐའི་སྒོ་ནས་དབྱེ་བ་བྱས་ཏེ་དབུ་སེམས་ཀྱི་གྲུབ་མཐའ་སྨྲ་བའི་སྡེ་ཚན་སོ་སོར་ཕྱེ་ཡོད་པ་མ་ཟད། ཐེག་པ་དམན་པ་ཉན་ཐོས་ཀྱི་ཆོས་སྐོར་ལ་ཡང་ཉན་ཐོས་སྡེ་པ་བཅོ་བརྒྱད་ཀྱི་གྲུབ་མཐའ་ཡོངས་སུ་རྫོགས་པར་འཆད་ཉན་བྱེད། གཞན་ཡང་ཐུན་མོང་རིག་པའི་གནས་སྒྲ་དང་། ཚད་མ། བཟོ་དང་། གསོ་བ། རྩིས་དང་ཕྱི་རོལ་པའི་རིག་བྱེད་བཞི་སོགས་ལའང་སློབ་སྦྱོང་བྱེད་ཀྱི་ཡོད་པར་གྲགས། ཁྱད་པར་དུ་ཐེག་ཆེན་ལ་ཡང་ལྷ་སྒོམ་ཞིང་སྔགས་བཟླ་བ་དང་། མུ་དྲཱ་སྟེ་ཕྱག་རྒྱ་དང་། མཎྜལ་དང་། ཡོ་ག་དང་། ཏིང་ངེ་འཛིན་སྒྲུབ་མཁན་ཡང་གྲངས་མི་ཉུང་ཙམ་ཡོད་པར་མངོན། དེ་བཞིན་དུ་རྒྱ་གར་ཆོས་འབྱུང་དུ།[15] “སློབ་དཔོན་ཆེན་པོ་བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་ན་ལེནྡྲར་བྱོན་ཏེ། དེ་ཡང་བཙུན་པ་ནག་པོ་ཞེས་བྱ་བ་ཞིག་ལས་བསྙེན་པར་རྫོགས་ཤིང་ཉན་ཐོས་ཀྱི་སྡེ་སྣོད་རྣམས་གསན།” ཞེས་དང་། “སློབ་དཔོན་རྣམ་པར་མི་རྟོག་པ་ལ་སོགས་པ་སློབ་དཔོན་འགའ་ལས་ཐེག་པ་ཆེན་པོའི་ཆོས་ཀྱང་གསན་མོད་ཀྱི། གཙོ་བོར་གསང་བའི་བདག་པོ་ལ་སོགས་པ་ལྷག་པའི་ལྷ་རྣམས་ལས་ཐེག་པ་ཆེན་པོའི་མདོ་རྒྱུད་རྣམས་གསན་ཏེ། དབུ་མའི་ཚུལ་ལུགས་དར་བར་མཛད་དོ།།” ཞེས་པས་གཙུག་ལག་ཁང་ཆེན་མོའི་མཁས་གྲུབ་རིམ་བྱོན་རྣམ་པས་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སྐོར་ཁག་ལ་ཡང་ཐོས་བསམ་སྒོམ་པའི་ཉམས་ལེན་གནང་ཡོད་པར་མཚོན་ཐུབ། བསྟི་གནས་འདི་གཙོ་བོ་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་ལས་མི་འདའ་བས་དང་པོ་སློབ་གླིང་དེར་ཐོས་བསམ་ལ་ཕུལ་དུ་ཕྱིན་རྗེས་དབེན་གནས་གཞན་དུ་ཕེབས་ཏེ་སྒོམ་སྒྲུབ་ཀྱི་ཉམས་ལེན་ལ་བརྩོན་པས་གྲུབ་པའི་གོ་འཕང་མཐོན་པོར་སོན་པ་གྲངས་ལས་འདས་པ་ཞིག་བྱུང་བར་གསུངས། དེ་ཡང་སྐབས་ཤིག་ཏུ་ནཱ་ལནྡཱར་མུ་སྟེགས་འགའ་ཞིག་རྩོད་དུ་སླེབས་ཚེ་པཎ་གྲུབ་གྲགས་ཆེ་བ་རྣམས་དབེན་པའི་རི་སུལ་དུ་སྒོམ་སྒྲུབ་ཏུ་བཞུགས་ཡོད་སྟབས་ཤུལ་དུ་ཡོད་པ་རྣམས་ཀྱིས་རྩོད་པར་མ་ནུས་ནས་པཎ་གྲུབ་དེ་དག་གདན་དྲངས་པའི་ལོ་རྒྱུས་ལས་སྒོམ་སྒྲུབ་གནང་གི་ཡོད་པར་མངོན།
སློབ་ཁྲིད་ཀྱི་ཐད་དུ་ཡང་ཉིན་རྟག་པར་ཆོས་ཁྲི་བརྒྱ་ལས་མི་ཉུང་བར་བཤམས་ཏེ་སློབ་གཉེར་བ་རྣམས་ཀྱིས་སྐར་མ་གཅིག་ཀྱང་མ་ཆད་པར་བཀའ་ཆོས་ཉན། དགེ་རྒན་རྣམ་པས་ཆོས་བཤད་གནང་ཚར་བའི་རྗེས་སུ་དྲི་ལན་དང་བགྲོ་གླེང་བྱས་ཤིང་ཟུར་ཁྲིད་ཀྱང་བྱེད་སྲོལ་ཡོད་འདུག ཡང་སྐབས་སྐབས་སུ་མཁས་པ་དག་སློབ་གླིང་དེར་འཛོམས་ཏེ་གཞུང་ལུགས་ཀྱི་གོ་རྟོགས་དང་ཤེས་སྟོབས་ཀྱི་ཚོད་ལྟའི་ཆེད་དུ་བགྲོ་གླེང་བྱས་ནས་གཞུང་དང་འགལ་ཚེ་བཀག་སྟེ་མཐར་ཐུག་གི་དགོངས་པ་གསལ་སྟོན་བྱེད་ཀྱི་ཡོད་པར་ཡང་གསུངས་སོ།།
ངོ་མཚར་བྱིན་རླབས་ཆེ་བའི་གན་དྷོ་ལ།།
དངོས་སུ་མཇལ་བའི་གོ་སྐབས་བྲལ་གྱུར་ཀྱང་།།
ཁུངས་ལྡན་ལོ་རྒྱུས་གསུང་དབྱངས་སྙན་མོ་དེ།།
སྒྲ་འཛིན་དབང་པོར་བུ་རམ་ཇི་བཞིན་གྱུར།།
ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།
སློབ་དཔོན་དང་སློབ་མའི་བར་གྱི་མཐུན་འབྲེལ།
ཞཱན་ཟང་བསྟི་གནས་འདིར་སློབ་གཉེར་བྱེད་པའི་སྐབས་དགེ་འདུན་གྱི་གྲངས་ཁྲི་ཕྲག་ཡོད་པ་ལས་གཅིག་སྟོང་ལྔ་བརྒྱ་བཅུ་དགེ་རྒན་དང་བརྒྱད་སྟོང་ལྔ་བརྒྱ་སློབ་ཕྲུག་ཡིན་པར་བཤད་ལ། དགེ་རྒན་ནང་ལ་ཡང་སྡེ་ཚན་གཉིས་སུ་ཕྱེ་ཡོད་པ་ཨུཔཱདྷ་ཡ་དང་ཨ་ཅརྱ་ཞེས་པ་ལས་སྔ་མ་དེ་གོ་ས་མཐོ་ཞིང་སློབ་གཉེར་བ་རྣམས་ལ་ཆོས་བཤད་དང་། གསུང་རབ་དག་གི་འགྲེལ་བརྗོད། འགྱུར་གྱི་བྱ་བ་དང་། སྡོམ་པ་ཡང་འབོག་འོས་པར་བཤད། ཨ་ཅརྱས་ཀྱང་སློབ་སྟོན་དང་བསྟན་བཅོས་ལ་འགྲེལ་བཤད་དང་འགྱུར་གྱི་བྱ་བ་སོགས་གནང་ཆོག་ཀྱང་སྡོམ་པ་འབོག་པའི་གནང་བ་མེད་པར་གྲགས། དགེ་རྒན་གཅིག་གིས་སློབ་བུ་བདུན་ཙམ་གྱི་འགན་ཁུར་ཏེ་གཟིགས་རྟོག་གནང་བས་བླ་སློབ་གཉིས་ཀྱི་བར་ལ་འདྲིས་གཤིབ་ཧ་ཅང་ཆེ་བས་སློབ་ཕྲུག་རེ་རེ་ལ་ཡང་ཕྱི་ནང་གི་མཐུན་རྐྱེན་དག་དཀའ་ངལ་གང་ཡང་མེད་པར་འབྱོར་ཐུབ་པའི་ཚུལ་ནི། ཨི་ཅིང་གིས་[16]“བདག་དགེ་རྒན་མཉམ་དུ་འདྲིས་གཤིབ་ཆེན་པོའི་སྒོ་ནས་རིག་པ་སློབ་པས་དེ་དག་ཞབས་ལས་རིན་ཐང་དང་བྲལ་བའི་ཤེས་ཡོན་མང་པོ་ལེན་མྱོང་།” ཞེས་ཁོང་གི་ལམ་ཡིག་ཏུ་བཀོད་འདུག ཞཱན་ཟང་བསྟི་གནས་དེར་སློབ་གཉེར་བྱེད་པའི་དུས་སུ་སྡེ་སྣོད་གསུམ་གྱི་པོ་ཏི་ཉི་ཤུ་འཆད་ནུས་མཁན་སློབ་དཔོན་ཆིག་སྟོང་དང་། པོ་ཏི་སུམ་ཅུ་འཆད་ནུས་མཁན་ལྔ་བརྒྱ། པོ་ཏི་ལྔ་བཅུ་འཆད་ནུས་མཁན་ཞཱན་ཟང་དེའི་ཁོངས་སུ་བརྩིས་ནས་མི་བཅུ་དང་། དེ་སྐབས་པོ་ཏི་ཡོངས་རྫོགས་འཆད་ནུས་མཁན་ནི་ནཱ་ལནྡཱའི་མཁན་པོ་ཤཱི་ལཱ་བྷ་དྲཱ་ཁོ་ན་ཡིན་ཞེས་པས་སློབ་དཔོན་རྣམ་པ་ཡང་ཡོན་ཏན་གྱི་ཆ་ནས་རིམ་པ་མང་པོ་ཡོད་པར་རྟོགས་ཐུབ།[17]
སློབ་མའི་ངོས་ནས་ཀྱང་དགེ་རྒན་ལ་བརྩི་བཀུར་ཆེ་ཞིང་འདི་ཕྱི་གཉིས་ཕན་གྱི་བཀའ་སློབ་ལམ་སྟོན་ལ་བླང་དོར་མ་ནོར་བར་བྱས་ཏེ་སློབ་སྦྱོང་ལ་དོ་སྣང་དང་ཧུར་བརྩོན་དྲག་པོ་བྱེད། འབྱུང་བཞི་འཁྲུགས་པའི་ནད་གཞི་རེ་ཐེབས་ཚེ་བླ་སློབ་ནང་ཕན་ཚུན་ནད་གཡོག་དང་རོགས་རམ་གང་དྲག་བྱེད་ཀྱི་ཡོད་པ་དང་། ཉིན་ལྟར་སློབ་ཕྲུག་རྣམས་ཀྱིས་ཞོགས་པ་སྔ་པོ་ལངས་ནས་སོ་འཁྲུད་བྱེད་ཀྱི་སོ་ཤིང་དང་ཁ་བཤལ་བྱེད་ཀྱི་ཆུ་བླངས་ཏེ་སློབ་དཔོན་གྱི་ཞལ་བསིལ་བྱེད་དུ་ཕུལ། དེ་བཞིན་སློབ་དཔོན་ལ་བཞུགས་གདན་བཏིང་སྟེ་འོ་མའི་བཞེས་ཐུག་གིས་མཆོད་པའི་རྗེས་སུ་བཞེས་ཕོར་བཀྲུས་ཏེ་མཐར་དགེ་རྒན་བསོད་སྙོམས་ལ་ཕེབས་ཁར་གོས་ཀྱང་གྲ་སྒྲིག་བྱེད་པ་སོགས་ཞབས་ཞུའི་ལམ་སྲོལ་བཟང་པོ་རྨད་དུ་བྱུང་བ་ཡོད་སྐད། གཙུག་ལག་ཁང་ཆེན་མོའི་སྒྲིགས་ཁྲིམས་ཀྱི་ཐད་དུ་ཁྲིམས་འགལ་ཆུང་ངུ་བྱས་ན་སོ་སོའི་འདུག་ས་ནས་གནས་དམན་སར་སྤོ་དགོས་ཤིང་ཁྲིམས་འགལ་ཆེ་བ་བྱས་ན་དགོན་པ་ནས་ཕྱིར་སྐྲོད་པ་སོགས་སྤོ་དགུ་དབྱུང་གསུམ་གྱི་ཁྲིམས་འདུལ་བ་གཞིར་བཟུང་ཐོག་ལག་ལེན་བསྟར་བ་ལས་རྡུང་རྡེག་གཏོང་བ་སོགས་ལུས་ཐོག་གི་ཉེས་ཆད་མེད་པར་གསལ་ལོ།།
ནཱ་ལནྡཱ་དང་འབྲེལ་བའི་པཎ་གྲུབ་གྲགས་ཅན།
ནཱ་ལནྡཱ་ཞེས་པའི་མཚན་ཐོས་མ་ཐག་བདག་ཅག་སྟོན་པའི་རྗེས་འཇུག་རྣམས་ཀྱི་བློ་ངོར་སློབ་དཔོན་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་ལ་སོགས་པའི་པཎ་གྲུབ་གྲགས་ཅན་རྣམས་ཤར་འོང་བ་ནི་སྨོས་མི་དགོས་པ་ཞིག་ཡིན། སློབ་དཔོན་ཀླུ་སྒྲུབ་ལྟ་བུ་ལ་མཚོན་ན་དཔལ་ནཱ་ལནྡཱའི་མཁན་པོ་སྒྲ་གཅན་འཛིན་གྱི་དྲུང་ནས་རབ་ཏུ་བྱུང་ཞིང་ཐེག་ཆེན་སྨྲ་བ་ལྔ་བརྒྱ་ལ་ལོ་མང་པོའི་རིང་གསེར་འགྱུར་རྩིའི་སྦྱོར་བ་ལ་བརྟེན་ནས་འཚོ་བ་སྦྱར་བའི་ལོ་རྒྱུས་སོགས་ཡོངས་སུ་གྲགས་ཀྱང་། སློབ་དཔོན་ཁོང་ནི་དུས་རབས་དང་པོར་བྱོན་ཡོད་པ་དང་ནཱ་ལནྡཱའི་གཙུག་ལག་ཁང་ནི་དུས་རབས་ལྔ་པ་ཙམ་ལས་མ་བྱུང་བས་ཀླུ་སྒྲུབ་གཙུག་ལག་ཁང་དེ་དང་འབྲེལ་བ་མེད་ཚུལ་སྐྱེས་སར་ཀླུ་སྒྲུབ་ཀྱིས་བརྩམས་པའི་ནཱ་ལནྡཱ་ཞིབ་འཇུག་ཅེས་པའི་དེབ་ནང་དུ་འདི་ལྟར་གསལ་ཏེ།[18]“རྒྱ་གར་ལོ་རྒྱུས་ཇི་སྙེད་པར་མགོན་པོ་ཀླུ་སྒྲུབ་ཀྱི་དུས་སྐབས་སུ་ནཱ་ལནྡཱ་མེད་སྟབས་ནཱ་ལནྡཱ་དང་འབྲེལ་བའི་བྱུང་རབས་འདི་རིགས་ཕལ་ཆེར་དགོན་པ་གཞན་དག་དང་ནོར་ནས་བཤད་དམ་སྙམ་པ་ལས་ནཱ་ལནྡཱ་དང་འབྲེལ་བ་མེད་པ་ཧ་ཅང་གསལ་པོ་ཡིན།” ཞེས་འཁོད་འདུག་ཀྱང་སྔོན་བྱོན་མཁས་གྲུབ་ཕལ་ཆེ་བ་ཚེ་ལ་རང་དབང་བརྙེས་པའི་སྐྱེས་བུ་ཡིན་པ་ལོ་རྒྱུས་ཁུངས་ལྡན་དག་ཏུ་གསལ་བ་ལྟར་མགོན་པོ་ཀླུ་སྒྲུབ་ཁོང་ཡང་ཚེ་ལ་རང་དབང་ཐོབ་པའི་ས་ཐོབ་ཀྱི་འཕགས་པ་ཞིག་ཡིན་པ་རྣམ་ཐར་དག་ན་མཇལ་རྒྱུ་ཡོད་པས་དུས་རབས་སྔ་ཕྱི་ཙམ་ལ་ལྟོས་ནས་མཐའ་གཅིག་ཏུ་ནཱ་ལནྡཱ་དང་འབྲེལ་བ་མེད་ཟེར་བ་དེ་མཁྱེན་རྒྱ་ཆེ་བའི་མཁས་པའི་དབང་པོ་རྣམ་པས་ད་དུང་ཡང་ཞིབ་ཏུ་དཔྱད་པར་རིགས། འཕགས་པ་ཐོགས་མེད་ལྟ་བུ་ཡིན་ནའང་ཁོང་ཉིད་སྐུ་ཚེ་སྨད་དུ་ནཱ་ལནྡཱར་ཕེབས་ཤིང་མཁན་པོ་གནང་སྟེ་དབྱར་ཁ་གཞུང་མང་དུ་བརྩམས། དགུན་དུས་མུ་སྟེགས་རྩོད་དུ་འོང་བ་རྣམས་དང་བརྩད་དེ་ཕམ་པར་བྱས་ནས་མུ་སྟེགས་པ་དྲུག་སྟོང་ལས་མི་ཉུང་བར་ནང་པའི་ཆོས་གྲལ་དུ་བཅུག་ནས་བསྟན་པའི་བྱ་བ་རླབས་ཆེན་པོར་མཛད་པར་གྲགས་ཀྱང་དུས་སྐབས་དེར་ནཱ་ལནྡཱའི་གཙུག་ལག་ཁང་འཛུགས་སྐྲུན་བྱེད་མུས་ཡིན་པས་དེར་ཡང་དགོན་གནས་གཞན་དང་གོ་ལོག་ཐེབས་པར་ཤས་ཆེ་བ་ལྟ་བུར་གསུངས་འདུག
འོན་ཀྱང་དུས་རབས་ལྔ་པའི་ཡན་ཆད་དུ་བྱུང་བའི་པཎ་གྲུབ་ཕལ་ཆེ་བ་ནི་ནཱ་ལནྡཱ་དང་འབྲེལ་བ་ཡོད་ངེས་ལ། དེ་དག་གི་ནང་ནས་ཀྱང་ཆེས་འབྲེལ་བ་ཡོད་པར་གྲགས་པའི་པཎ་གྲུབ་ནི་ཕྱོགས་གླང་དང་ཆོས་གྲགས་གཉིས་ཡིན་གསུངས། དེ་ཡང་སྐབས་ཤིག་ན་མུ་སྟེགས་ཀྱི་གྲུབ་མཐའ་སྨྲ་བ་སུ་དུར་ཇ་ཡ་བྱ་བ་ནཱ་ལནྡཱར་སླེབས་ནས་ནང་པའི་མཁས་པ་རྣམས་དང་ལྷན་དུ་རྩོད་དགོས་པར་སྨྲས་པ་ལ་སུས་ཀྱང་མ་ནུས་པས་སློབ་དཔོན་ཕྱོགས་ཀྱི་གླང་པོ་གདན་དྲངས་ཏེ་བརྩད་པས་མུ་སྟེགས་པ་ཕམ་ཞིང་སངས་རྒྱས་པའི་ཆོས་ལུགས་ལ་བསྒྱུར་པའི་ལོ་རྒྱུས་དང་། དེ་བཞིན་དཔལ་ལྡན་ཆོས་ཀྱི་གྲགས་པ་རི་སུལ་གྱི་ནགས་མཚམས་རྣམས་སུ་བསམ་གཏན་སྒོམ་ཞིང་བཞུགས་པ་དེའི་ཚེ་ན་མུ་སྟེགས་ཤཾ་ཀ་ར་ཨཱ་ཙརྱ་བྱ་བས་སངས་རྒྱས་པ་དང་མཉམ་དུ་རྩོད་པ་བྱའོ་ཞེས་ནཱ་ལནྡཱར་འཕྲིན་བརྫངས་པས་གཙུག་ལག་ཁང་དེར་བཞུགས་དགེ་འདུན་རྣམ་པས་སང་ཕོད་བྱའོ་ཞེས་ཕྱི་དུས་བཏབ་ནས་ལྷོ་ཕྱོགས་ནས་དཔལ་ལྡན་ཆོས་ཀྱི་གྲགས་པ་སྤྱན་དྲངས། དེ་ནས་རྩོད་པའི་དུས་སུ་བབས་པ་ན་རྒྱལ་པོ་རབ་གསལ་གྱིས་གཙོས་སངས་རྒྱས་པ་རྣམས་དང་མུ་སྟེགས་པ་རྣམས་ཝཱ་རཱ་ཎ་སཱིར་འདུས་ནས་བརྩད་པས་ཤཾ་ཀ་ར་ཨཱ་ཙརྱ་ཕམ་སྟེ་ཆུ་བོ་གངྒཱར་མཆོངས་ནས་ཤིའོ་ཞེས་རྒྱ་གར་ཆོས་འབྱུང་ན་གསལ། གཞན་ཡང་དམ་ཆོས་འདུལ་བ་རིན་པོ་ཆེ་ལ་ཤིན་ཏུ་མཁས་པའི་སློབ་དཔོན་ཡོན་ཏན་འོད་ནི་ནཱ་ལནྡཱའི་གཙུག་ལག་ཁང་དུ་ཡུན་རིང་པོར་བཞུགས་ནས་འདུལ་བའི་བཅས་མཚམས་ལེགས་པར་མཛད་པར་གྲགས། དེ་བཞིན་མགོན་པོ་ཀླུ་སྒྲུབ་ཀྱི་སློབ་བརྒྱུད་ལེགས་ལྡན་འབྱེད། དབུ་མའི་གཞུང་ལ་བྱང་ཆུབ་པ་སློབ་དཔོན་ཟླ་བ་གྲགས་པ་ནི་ནཱ་ལནྡཱའི་གཙུག་ལག་ཁང་དུ་བཞུགས་ཏེ་གཉེར་པའི་ལས་འགན་བཞེས་ཤིང་དགེ་འདུན་རྣམས་ལ་འཚོ་བ་སྦྱར་བ་དང་ཕྱིས་སུ་མཁན་པོ་ཡང་མཛད་པར་གྲགས། སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཕར་ཕྱིན་རང་ལས་མཁས་པ་རྣམ་གྲོལ་སྡེ། དེ་བཞིན་སློབ་དཔོན་ཤཱཀྱ་འོད། ཞི་བ་ལྷ། སློབ་དཔོན་སེངྒེ་བཟང་པོ། མཁན་ཆེན་ཞི་འཚོ་ནི་ནཱ་ལནྡཱ་དང་ཝི་ཀྲཾ་ཤི་ལཱ་ནས་སློབ་གཉེར་གནང་བའི་རྗེས་སུ་ནཱ་ལནྡཱའི་མཁན་པོ་ཡང་མཛད། ཀ་མ་ལ་ཤཱི་ལ་ཡང་ནཱ་ལནྡཱ་དང་ཝི་ཀྲཾ་ཤི་ལཱར་བཞུགས་ཡོད་པ་དང་། དུལ་བ་བཟང་པོ། ཛེ་ཏཱ་རི། ཡེ་ཤེས་ཀློང་། ཡེ་ཤེས་འོད། འཕྲོག་བྱེད་འོད། བརྟན་པའི་བློ་གྲོས། ཡོན་ཏན་བློ་གྲོས། ཛི་ན་མི་ཏྲ། པྲ་བྷ་མི་ཏྲ། ཡེ་ཤེས་ཟླ་བ་སོགས་བྱོན་ཡོད་པར་གསུངས་པ་ཙམ་ལས་དེ་དག་གི་ལོ་རྒྱུས་གསལ་ཁ་མཇལ་རྒྱུ་མེད་པས་ལོ་རྒྱུས་ལ་བྱང་ཆུབ་པའི་མཁྱེན་ལྡན་ཡོངས་ཀྱིས་དཔྱད་པར་འཚལ་ལོ།།
འཛིན་སྐྱོང་དང་ལས་འགན།
གཙུག་ལག་ཁང་འདིར་ཕྱིའི་མཐུན་རྐྱེན་མི་དཀོན་ཞིང་མཁས་གྲུབ་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་སྟོང་ཕྲག་དང་རིག་པ་སློབ་པའི་སློབ་ཕྲུག་ཁྲི་ཕྲག་བཅས་ཀྱིས་ཕྱུག་པས། ཕྱི་ནང་གང་ཅིའི་ཐད་ནས་ཕུན་སུམ་ཚོགས་པའི་རང་སྐྱོང་ཤེས་ཡོན་སྒྲིག་འཛུགས་ཀྱི་གཙུག་ལག་བསྟི་གནས་ཤིག་ཡིན་པར་མཚོན་ཐུབ། ཨི་ཅིང་གིས་འཛིན་སྐྱོང་གནང་མཁན་ལས་བྱེད་པའི་མིང་གནས་འགའ་བཀོད་འདུག་པ་ནི། དང་པོ་སྡེ་སྣོད་གསུམ་ལ་བྱང་ཆུབ་པ་དང་། མཁས་པའི་ངང་ཚུལ་ཅན་དང་། བསླབ་པ་རྒན་ཤོས་ཀྱི་ཆ་རྐྱེན་མངའ་བ་ཞིག་དགེ་འདུན་འདུས་པས་འོས་འདེམས་ཐོག་ནཱ་ལནྡཱའི་མཁན་པོར་མངའ་གསོལ་ཞིང་གཙུག་ལག་ཁང་གི་ལས་དོན་དང་སློབ་རིག་དང་འབྲེལ་བའི་བདག་སྐྱོང་སོགས་ལ་ལམ་སྟོན་སྩོལ་མཁན་ཞིག་ཡིན། བཙུན་པ་ཞཱན་ཟང་རང་ལོ་སུམ་ཅུ་སོ་གསུམ་པར་ནཱ་ལནྡཱར་འབྱོར་བའི་དུས་སྐབས་ཀྱི་མཁན་པོ་ནི་ལོ་བརྒྱ་དང་དྲུག་ལ་སོན་པའི་ཤཱི་ལ་བྷ་དྲ་ཞུ་བ་དེ་བཞུགས་སུ་གསོལ་བར་བཤད། དེ་ཉིད་ཀྱི་རྣམ་ཐར་ན་[19]“གནས་སྐོར་བ་ནི་བཙུན་པ་ཞི་ཞིང་དུལ་བ་ཉི་ཤུ་ཙམ་གྱིས་མགྲོན་བསུ་བྱས་ནས་ཕྱག་བྱར་འོས་པའི་མཁན་པོའི་འཁྲིས་སུ་བསྐྱལ་རྗེས་ངོ་སྤྲོད་ཕུལ་སོང་། དེ་དག་ནི་མཁན་པོ་ལ་བརྩི་བཀུར་ཤིན་ཏུ་ཆེ་བས་དེ་ཉིད་ཀྱི་མཚན་དངོས་སུ་འབོད་པའི་སྤོབས་པ་མ་མཆིས་པས་འདུལ་བའི་བང་མཛོད་ཅེས་ཞུ་ཡི་འདུག དེ་དུས་མཁན་པོ་ཁོང་ནི་སྐུ་ན་ཧ་ཅང་བགྲེས་པར་མཇལ་བ་མ་ཟད་དེ་ཉིད་ཀྱི་ཚ་བོ་བུདྡྷ་བྷདྲ་བྱ་བ་ཡང་ལོ་བདུན་ཅུ་ལོན་འདུག ཞཱན་ཟང་བདག་གིས་དམ་པའི་སྤྱོད་ལམ་དང་མཐུན་པར་པུས་མོ་བཙུགས་ཤིང་གྲུ་མོ་ས་ལ་ཕབས་ནས་ཕྱག་འཚལ།” ཞེས་བཀོད་འདུག གཉིས་པ་ཝི་ཧཱརཱ་པཱལཱ་ཏེ་སྒོ་ཆེན་སྲུང་ཞིང་གཙུག་ལག་ཁང་དང་འཁོར་གཡོག་སྐྱ་བོ་བར་གྱི་ལས་དོན་ཡོད་ཚེ་སྙན་སྒྲོན་ཞུ་མཁན་དང་། གསུམ་པ་ཀརྨ་དྷནཱ་བྱ་བ་ནི་དགོན་པའི་བྱ་གཞག་ཀུན་ལ་གཟིགས་རྟོག་གནང་མཁན་ཏེ་དེང་སང་གཙུག་ལག་སློབ་གྲྭ་ཆེན་མོའི་ཉེ་བའི་རིགས་བདག་གི་ལས་འགན་དང་ཕྱོགས་མཚུངས་ཡིན་ནམ་སྙམ། བཞི་པ་སཱི་ཐཱ་ཝིརཱ་ཞེས་བྱ་བ་ནི་འདོན་ཆོག་གི་ཆོ་གའི་སྐབས་སུ་དབུ་བཞུགས་གནང་མཁན་ཞིག་ཡིན།
བཙུན་པ་ཨི་ཅིང་ལྟར་ན་ལས་དོན་ཞིག་བྱུང་ཚེ་ལྷན་ཚོགས་འཐུས་མི་དང་དགེ་འདུན་ཡོངས་རྫོགས་འཚོགས་ཤིང་གྲོས་སྡུར་བྱས་ནས་མང་མོས་ཐོག་ཐག་གཅོད་མཛད་དགོས་པ་དང་། གལ་སྲིད་བསམ་ཚུལ་མི་འདྲ་བ་རེ་བྱུང་ན་རྒྱུ་མཚན་ཡང་དག་གི་ལམ་ནས་སོ་སོའི་འདོད་པ་བརྗོད་ཆོག་པར་འདུག ཆེས་ངོ་མཚར་བའི་གཏམ་ཞིག་ནི་བསྟི་གནས་དེ་ཉིད་ལོ་མང་པོའི་རིང་དུ་གནས་ཀྱང་དགེ་འདུན་སུས་ཀྱང་སྒྲིག་གཞི་དང་འགལ་མེད་ཚུལ་ཞཱན་ཟང་གི་རྣམ་ཐར་ན་གསལ་ཏེ།[20] “དགེ་འདུན་ཚོ་རང་བཞིན་གྱིས་ཞི་ཞིང་དུལ་ལ་སྤྱོད་ལམ་བཟང་བས་སྒྲིག་བཙུགས་མི་དགོས་པར་ཚུལ་མཐུན་གནས་པ་དང་། གཙུག་ལག་ཁང་ལོ་ངོ་བདུན་བརྒྱའི་རིང་འཚོ་བའི་གནས་སྐབས་སུ་ཁྲིམས་ལ་ངོ་ལོག་རྒྱག་པའི་ཉེས་ཅན་སུ་ཡང་མ་བྱུང་བས། རྒྱལ་པོ་ཡིད་རབ་ཏུ་དགྱེས་ནས་དགའ་ཚོར་དུ་གྲོང་ཁྱེར་བརྒྱ་ལས་འདུས་པའི་ཁྲལ་གཙུག་ལག་ཁང་དུ་ཕུལ་གྱི་ཡོད།” ཅེས་དང་། གཏམ་རྒྱུད་གསེར་ཐང་ནའང་།[21] “དེར་གནས་ཚད་ཀུན་ལ་མཁོ་བ་རྣམས་ན་ལནྡཱའི་ལྷ་འབངས་གྲོང་བརྒྱ་ཙམ་ཡོད་པ་ནས་སྦྱོར་ཞིང་། འབྲས་བཟང་ངན་སྣ་ཚོགས་པ་དང་། མར་དང་འོ་མ་སོགས་ཉིན་རེ་བཞིན་འབུལ་བས་འཚོ་ཆས་ཀྱིས་བྲེལ་བ་སུ་ཡང་མེད།” ཅེས་དང་། ཞཱན་ཟང་གི་རྣམ་ཐར་དུ།[22] “ནཱ་ལནྡཱ་ནི་མཁས་པའི་ཡོན་ཏན་གྱིས་གྲགས་པ་མ་ཟད། བཙུན་ཞིང་སྤྱོད་ལམ་བཟང་བའི་ཆ་ནས་ཀྱང་རྒྱ་གར་ཡུལ་གང་པོའི་མིག་ལྟོས་ལྟར་བྱེད། དགོན་པ་བཏབ་ནས་དེ་བར་ནང་ཁྲིམས་དང་འགལ་བ་སུ་ཡང་མ་བྱུང་སྐད།” ཅེས་གསུངས་སོ།།
ནཱ་ལནྡཱ་དང་བོད་ཀྱི་འབྲེལ་ལམ།
སྔོན་གྱི་ལོ་རྒྱུས་སྨྲ་བ་པོ་དང་རྩོམ་པ་པོ་རྣམས་ཀྱིས་ནཱ་ལནྡཱའི་བྱུང་རབས་ལེ་ཚན་ཉུང་ཙམ་ཞིག་ལས་མ་བྲིས་ནའང་དེ་དང་མཉམ་དུ་བོད་གངས་ཅན་ལྗོངས་དང་དེའི་རིག་གཞུང་སྐོར་ཅུང་ཙམ་ཞིག་མ་བཀོད་པར་རྩོམ་བྲིས་ཏེ་མཇུག་སྡོམ་བྱེད་མི་ཤེས་པ་ཇི་བཞིན་འདིར་ཡང་མདོ་ཙམ་བཀོད་ན། བོད་དང་རྒྱ་གར་གཉིས་ནི་སྤྱིར་ལོ་རྒྱུས་དང་རིག་གཞུང་། མི་རིགས་དང་ཚོང་འབྲེལ་སོགས་གང་ཐད་ནས་ཀྱང་འབྲེལ་བ་ཡོད་པ་མ་ཟད། ཁྱད་པར་དུ་ཆོས་ཕྱོགས་ནས་དཔལ་ནཱ་ལནྡཱ་དང་། བི་ཀྲཾ་ཤཱི་ལ་དང་། ཨོཏན་ཏ་པཱུ་རི་སོགས་དང་ཆེས་འབྲེལ་བ་ཡོད་པ་ཡིན། དེ་ཡང་ཐོག་མར་སྲོང་བཙན་སྒམ་པོས་བཀའ་མངགས་ལྟར་ཐོན་མི་སཾ་བྷོ་ཊ་སྤྱི་ལོ་ ༦༣༣ ལོར་རྒྱ་གར་དུ་ཕེབས་ཤིང་པཎྜི་ཏ་ཆེན་པོ་ལི་བྱིན་ཀ་རའི་དྲུང་ནས་སྒྲ་རིག་པ་ལ་སློབ་སྦྱོང་མཐར་ཕྱིན་པའི་རྗེས་སུ་ནཱ་ལནྡཱར་ཕེབས་ཏེ་ཐེག་ཆེན་གྱི་ཆོས་དུ་མའི་རྒྱ་དཔེ་གདན་དྲངས་ནས་བོད་བསྒྱུར་མཛད་པར་ཆོས་འབྱུང་ཁག་ལས་གསལ་ལ། དེ་བཞིན་གསེར་ཐང་དུ་“རང་རེའི་བློན་པོ་ཐུ་མི་སཾ་བྷོ་ཏྲ་ཡང་གུཔྟའི་རྒྱལ་བརྒྱུད་རྗེས་མ་གསུམ་གྱི་རིང་ཙམ་ན་རྒྱ་གར་དུ་བྱོན་ཏེ་བོད་ཡིག་ཀྱང་གུཔྟའི་དུས་ཀྱི་ཡི་གེ་ལ་མ་བྱས་པས་ཡི་གེ་དེ་དང་བོད་ཡིག་གཉིས་ཤིན་ཏུ་ཡང་འདྲ།” ཞེས་གསུངས། དེའི་རྗེས་སུ་སྤྱི་ལོ་ ༨༠༢ ལོར་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་རྒྱལ་སྲིད་ཀྱི་བདག་པོར་མངའ་གསོལ་བར་མཛད་ཀྱང་ཅུང་ནར་མ་སོན་པས་ཞང་བློན་མ་ཞང་གྲོམ་པ་སྐྱེས་ཀྱིས་སངས་རྒྱས་པའི་ཆོས་ཐོས་བསམ་སྒོམ་གསུམ་བྱེད་མི་ཆོག་པའི་ཁྲིམས་བཅས་པ་དང་སྟབས་བསྟུན་ནས་བོད་མི་གསལ་སྣང་བྱ་བ་སངས་རྒྱས་ཀྱི་གསུང་རབ་འཚོལ་བའི་སླད་དུ་བལ་ཡུལ་བརྒྱུད་ནས་རྒྱ་གར་དུ་བརྟོལ་ཞིང་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོ་དང་ནཱ་ལནྡཱའི་རྟེན་རྣམས་ལ་མཆོད་པ་བྱས། མཁན་ཆེན་བོ་དྷི་ས་ཏྭའི་ཞལ་མཇལ་ཏེ་བོད་དུ་གདན་དྲངས་ཤིང་། དེ་ཉིད་ཀྱིས་སློབ་དཔོན་པད་མ་སཾ་བྷ་བ་ཞེས་པ་དེ་སྤྱན་དྲངས་ན་རྒྱལ་པོའི་དགོངས་པ་ཡང་འགྲུབ་གསུངས་པ་བཞིན་སློབ་དཔོན་མང་ཡུལ་ནས་གདན་འདྲེན་ཞུས་ཤིང་མཁན་སློབ་ཆོས་གསུམ་ཞལ་འཛོམས་ཏེ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྨང་བཏིང་བར་མཛད། དེ་ནས་བཻ་རོ་ཙ་ན་སོགས་བོད་མིར་ལོ་ཙཱ་བ་བསླབས་ནས་རྒྱ་གར་དུ་མངགས་ཏེ་སློབ་དཔོན་ཆེན་པོ་ཤྲཱི་སིངྷ་དང་། རྡོ་རྗེ་ཧཱུྃ་མཛད་ལ་སོགས་པ་གྲུབ་པའི་རིག་འཛིན་རྣམས་ཀྱི་གསང་བའི་མཛོད་བརྟོལ་ཏེ། གསང་སྔགས་བླ་ན་མེད་པའི་རྒྱུད་སྡེ་མང་པོ་དང་། ཡང་གསང་རྫོགས་པ་ཆེན་པོའི་མན་ངག་དཔག་ཏུ་མེད་པ་གསན་ནས་སོ་སོས་གྲུབ་པའང་ཐོབ། ཟབ་དོན་རྣམས་མི་བརྗེད་པའི་གཟུངས་ཀྱིས་བཟུང་ཞིང་། དཔེ་རྒྱུད་ཀྱི་རྒྱ་དཔེ་མང་པོ་འཕྲུལ་ཡིག་ཏུ་བྲིས་ཏེ་བསྣམས་ནས་བོད་དུ་བྱོན་ཞེས་བདུད་འཇོམས་རྒྱལ་རབས་ན་གསལ། དེ་རྗེས་ཀ་མ་ལ་ཤཱི་ལ་ཕེབས་ནས་དུས་སྐབས་དེར་རྒྱ་ནག་ཧ་ཤང་མ་ཧཱ་ཡ་ན་བྱ་བས་ཅི་ཡང་ཡིད་ལ་མི་བྱེད་པས་འཚང་རྒྱ་ཟེར་བའི་ལྟ་ལོག་སྤེལ་བ་དེ་ཚར་བཅད་པར་མཛད། དེ་བཞིན་ཇོ་བོ་རྗེ་བོད་དུ་བྱོན་ནས་ཇོ་བོ་བཀའ་གདམས་པའི་གྲུབ་མཐའི་སྲོལ་གཏོད་པའི་སྐོར་ཡང་ཡོངས་སུ་གྲགས་པ་ལྟར་དང་། དེ་བཞིན་བོད་ནས་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་དང་། རྩ་མོ་ལོ་ཙཱ་བ་སངས་རྒྱས་གྲགས་པ། སྟེང་པ་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས། ཁ་རག་གཉོས་ལོ་ཙཱ་བ་འབྱུང་པོ། མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་པ། གཉན་ལོ་དར་མ་གྲགས། ཆག་ལོ་དགྲ་བཅོམ། ཆག་ལོ་ཆོས་རྗེ་དཔལ་སོགས་ལོ་ཙཱ་བ་འདི་དག་ནཱ་ལནྡཱར་བྱོན་ཡོད་པ་ནཱ་ལནྡཱའི་ཞིབ་འཇུག་ནང་གསལ། འདིར་ནཱ་ལནྡཱ་དང་འབྲེལ་བའི་ལོ་པཎ་རྣམས་དང་དེ་དག་གིས་དམ་ཆོས་རིན་པོ་ཆེ་བོད་དུ་གདན་དྲངས་ཚུལ་བཀོད་པ་ཙམ་ལས། བོད་ཀྱི་ཆོས་བརྒྱུད་ཐམས་ཅད་ནཱ་ལནྡཱའི་ཆོས་བརྒྱུད་ཁོ་ན་ལས་འོངས་པའི་དོན་ནི་མ་ཡིན་ཏེ་དུར་ཁྲོད་ཆེན་པོ་བརྒྱད་ན་བཞུགས་པའི་རིག་འཛིན་ཆེན་པོ་བརྒྱད་ལས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་དབང་ལུང་མན་ངག་སོགས་ཞུས་ཏེ་གངས་ཅན་ཁ་བའི་ལྗོངས་སུ་མདོ་རྒྱུད་དང་བཅས་པ་དར་བར་མཛད་པ་ལོ་རྒྱུས་ནང་གསལ། དེ་ཡང་བདུད་འཇོམས་ཆོས་འབྱུང་ལས།[23] “རྒྱ་གར་དུ་ཡོད་པའི་རྒྱུད་རྣམས་རྒྱ་གར་རང་ནས་བྱུང་བ་མ་ཡིན་ཞིང་ལྷ་ཀླུ་གནོད་སྦྱིན་མཁའ་འགྲོ་ལ་སོགས་པའི་གནས་དང་། འཛམ་བུའི་གླིང་གི་ཆ་ཤས་ཟ་ཧོར་དང་། ཤམྦྷ་ལ་དང་། སིངྒ་ལའི་རི་མ་ལ་ཡ་དང་། ཨོ་རྒྱན་དང་། འགྲོ་ལྡིང་གི་ཡུལ་སོགས་གནས་ཆེན་པོ་གཞན་དང་གཞན་རྣམས་ནས་གྲུབ་པའི་སློབ་དཔོན་ཆེན་པོ་རྣམས་ཀྱིས་སྤྱན་དྲངས་ནས་དེར་བྱོན་པ་ཡིན་པས།” ཞེས་དང་། དེ་ཉིད་ལས། “རྗེ་བཙུན་ཏཱ་ར་ནཱ་ཐས། འགྲོ་ལྡིང་གི་གླིང་ན་སྔོན་བསྟན་པ་རྣལ་མ་མེད་པ་ལ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་དང་པོར་བཙུགས། མར་མེ་མཛད་བཟང་པོས་ཀྱང་བྱོན། དེ་ནས་བརྩམས་ཏེ་ལོ་བརྒྱ་ཙམ་གྱི་བར་དུ་མ་ག་དྷ་དང་། ཨོ་རྒྱན་དང་། ཁ་ཆེ་ལ་སོགས་པའི་རྡོ་རྗེ་འཛིན་པ་མང་པོ་བྱོན་ཏེ་སྔགས་ཀྱི་ཐེག་པ་ལྷག་པར་རྒྱས་པར་མཛད། སྔོན་རྒྱལ་པོ་དྷརྨ་པཱ་ལའི་སྐབས་སུ་སྦས་ཏེ། རྒྱ་གར་དུ་ནུབ་པའི་རྒྱུད་ཀྱི་རིགས་དང་། ཨོ་ཌཱི་ཡཱ་ན་ནས་སྤྱན་དྲངས་པའི་རྒྱུད་ཀྱི་རིགས་རྒྱ་གར་ན་མེད་པ་མང་དུ་ཡོད།” ཅེས་གསུངས་པས་ཀྱང་གསལ་ལོ།།
གཏོར་བཤིག་དང་ཉམས་རྒུད་བྱུང་ཚུལ།
དུས་རབས་བཅུ་གཉིས་པའི་ཡན་ཆད་དུ་ནཱ་ལནྡཱར་རྒྱལ་བའི་བསྟན་པ་ཡར་ངོའི་ཟླ་བ་འཕེལ་བ་ཇི་བཞིན་དར་ཞིང་རྒྱས་ལ་བསྟན་པའི་སྒྲོན་མེའི་འོད་སྣང་འགྲོ་བའི་སྨག་རུམ་དུ་ཤར་ཏེ་རྨོངས་པའི་མུན་པ་ཡུན་རིང་གི་བར་དུ་བསལ་བའི་མཐར། དུས་རབས་བཅུ་གཉིས་པའི་སྨད་དུ་ཆུ་ཤེལ་ཟླ་བ་ནུབ་ཀྱི་ཕྱོགས་སུ་ལྷུང་བ་ལྟར་ཉམས་རྒུད་ཆེན་པོ་བྱུང་བས། སྤྱིར་ནང་པ་སངས་རྒྱས་པ་དག་དང་ལྷག་པར་དུ་ནཱ་ལནྡཱའི་དགེ་འདུན་འདུས་པ་རྒྱ་མཚོ་གདུང་བའི་མེ་ཆེན་པོའི་མྱ་ངན་གྱིས་མནར་བར་གྱུར། དེའི་རྐྱེན་ངན་བྱུང་བའི་ཐད་ལོ་རྒྱུས་སྨྲ་བ་དག་ལ་འདོད་ཚུལ་མི་འདྲ་བ་མང་དུ་མཆིས་མོད། ཐུན་མོང་ཡོངས་སུ་གྲགས་པ་ལྟར་ན་ཁ་ཆེའི་དམག་དཔོན་བཁྟི་ཡར་ཁིལྗི་བྱ་བའི་དམག་གིས་གཏོར་བཤིག་བཏང་བར་བཤད། དེ་ཡང་སྤྱི་ལོ་ ༡༡༩༧ ནས་ ༡༢༠༦ བར་ཁ་ཆེའི་དམག་གིས་ཡུལ་མགྡྷ་དབང་སྒྱུར་བྱེད་པའི་དུས་སྐབས་སུ་ནཱ་ལནྡཱ་དང་། ཝི་ཀྲཾ་ཤཱི་ལ། ཨོ་ཏན་ཏ་པཱུ་རི་ལ་སོགས་པའི་གཙུག་ལག་ཁང་ཆེན་མོ་དེ་དག་ལ་ཡང་གནོད་སྐྱོན་བྱུང་ཡོད་པར་གྲགས། འོན་ཀྱང་ནཱ་ལནྡཱའི་གཙུག་ལག་ཁང་དེ་ནུབ་གཅིག་ཏུ་ཞིག་པ་ནི་ག་ལ་ཡིན་ཏེ། དུས་རབས་བཅུ་གསུམ་པའི་སྟོད་དུ་ཡང་ཆག་ལོ་ཙཱ་བ་ནཱ་ལནྡཱར་འབྱོར་ནས་པཎྜིཏ་ཆེན་པོ་རཱ་ཧུ་ལ་ཤྲཱི་བྷ་དྲ་སྟེ་དཔལ་སྒྲ་གཅན་འཛིན་བཟང་པོ་དང་གཞན་པཎྜིཏ་བཞི་དང་དགེ་འདུན་ཞལ་གྲངས་བདུན་ཅུ་ཙམ་དང་མཇལ་ནས་པཎྜིཏ་རཱ་ཧུ་ལ་སློབ་དཔོན་དུ་བསྟེན་ཞིང་དམ་ཆོས་ཀྱང་མང་དུ་གསན་པར་དེ་ཉིད་ཀྱི་རྣམ་ཐར་ན་གསལ་ཡོད་པ་ནི། “ཏུ་རུཥ་ཀས་ཉམས་དམའ་བར་བྱས་པས། ཞབས་ཏོག་བྱེད་པ་དང་། མཆོད་པ་འབུལ་མཁན་མེད་པ་ཤས་ཆེ་སྟེ། སོ་ཕག་གིས་བརྩིགས་པས་མ་ཞིག་པ་མང་པོ་འདུག དེ་ན་བླ་མ་པཎྜི་ཏ་ཆེན་པོ་རཱ་ཧུ་ལ་ཤྲཱི་བྷ་དྲའམ་དཔལ་སྒྲ་གཅན་འཛིན་བཟང་པོ་མཁས་གྲུབ་བཙུན་པའི་དགེ་སློང་དགུང་ལོ་དགུ་བཅུ་ལྷག་བཞེས་པ་དེ་བཞུགས།” ཞེས་གསུངས། སྐབས་ཤིག་ན་ཏུ་རུ་ཀ་སླེབས་ནས་ཆག་ལོ་ཙཱ་བས་བླ་མ་ཁུར་ནས་ཡེ་ཤེས་མགོན་པོའི་མགོན་ཁང་གི་ཕྱོགས་སུ་བྲོས་པའི་ལོ་རྒྱུས་ཞིབ་པར་གསུངས་ཡོད་ཀྱང་ཡིག་ཚོགས་ལ་འཇིགས་པས་འདིར་རྒྱས་པར་མ་སྤྲོས་སོ། །མདོར་ན་སྐབས་དེ་དུས་ཀྱི་སྤྱི་ཚོགས་དང་། ཆོས་ལུགས། སྲིད་ཕྱོགས་ཀྱི་གནས་སྟངས་འགྱུར་བའི་རྐྱེན་ངན་ལ་བརྟེན་ནས་གཙུག་ལག་ཁང་ཆེན་མོ་དེ་ཉིད་ཉམས་པར་གྱུར་ཏོ།།
གཙུག་ལག་ཁང་གི་བྱུང་རབས་སྙིང་བསྡུས་ཤིག།
གནའ་རབས་ལོ་རྒྱུས་དག་ལ་གཞིར་བཟུང་ནས།།
འུད་གཏམ་སྤངས་ཤིང་བརྗོད་པའི་ཁུལ་ཡིན་ཡང་།།
རྟོག་བཟོ་རང་གར་སོང་ན་ཁོ་བོས་ནོངས།།
དགེ་ལེགས་འཕེལ།
[1] དུས་རབས་ལྔ་པའི་སྟོད་དུ་རྒྱ་གར་ལ་ཕེབས་པའི་རྒྱ་ཡི་བཙུན་པ།
[2] དུས་རབས་བདུན་པའི་ནང་རྒྱ་གར་དུ་ཕེབས་པའི་རྒྱ་ཡི་བཙུན་པ།
[3] བོད་ཀྱི་དཔེ་མཛོད་ཁང་གི་པར་མ། ཤོག་གྲངས། ༥༦ པར་གསལ།
[4] བོད་ཀྱི་དཔེ་མཛོད་ཁང་གི་པར་མ། ཤོག་གྲངས། ༤༠ པར་གསལ།
[5] གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་པར་མ། ཤོག་གྲངས། ༢༦༢ པར་གསལ།
[6] (The life of Hiuen-Tsiang) ཤོག་གྲངས། ༡༡༠ པར་གསལ།
[7] གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་པར་མ། ཤོག་གྲངས། ༢༦༢ པར་གསལ།
[8] སེར་བྱེས་རིག་མཛོད་པར་མ། ཤོག་གྲངས། ༧༦ པར་གསལ།
[9] སེར་བྱེས་རིག་མཛོད་པར་མ། ཤོག་གྲངས། ༧༦ པར་གསལ།
[10] དཔག་བསམ་ལྗོན་བཟང་། ཤོག་གྲངས། ༨༤ པར་གསལ།
[11] གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་པར་མ། ཤོག་གྲངས། ༢༦༢ པར་གསལ།
[12] གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་པར་མ། ཤོག་གྲངས། ༢༦༥ པར་གསལ།
[13] གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་པར་མ། ཤོག་གྲངས། ༢༦༥ པར་གསལ།
[14] བོད་ཀྱི་དཔེ་མཛོད་ཁང་གི་པར་མ། ཤོག་གྲངས། ༦༩ པར་གསལ།
[15] སེར་བྱེས་རིག་མཛོད་པར་མ། ཤོག་གྲངས། ༧༧ པར་གསལ།
[16] (A Record of the Buddhist Religion as Practiced in India and the Malay) ཤོག་གྲངས། ༡༨༤ པར་གསལ།
[17] (The life of Hiuen -Tsiang) ཤོག་གྲངས། ༡༡༢ པར་གསལ།
[18] བོད་ཀྱི་དཔེ་མཛོད་ཁང་གི་པར་མ། ཤོག་གྲངས། ༡༤༧ པར་གསལ།
[19] (The life of Hiuen -Tisang) ཤོག་གྲངས། ༡༠༦ པར་གསལ།
[20] (The life of Hiuen -Tsiang) ཤོག་གྲངས། ༡༡༢ པར་གསལ།
[21] གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་པར་མ། ཤོག་གྲངས། ༢༦༦ པར་གསལ།
[22] (The life of Hiuen – Tsiang) ཤོག་གྲངས། ༡༡༢ པར་གསལ།
[23] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། ཤོག་གྲངས། ༢༤༣ པར་གསལ།