ང་ལ་ཡང་སྲིད་ཡོད།  དེའང་དབུས་གཙང་དུ་ཡིན།

ལོ་རིམ་དགུ་པའི་སློབ་གཉེར་བ། བཤད་སྒྲུབ་ཉིན་བྱེད།

རྣམ་རྟོག་མེ་ཏོག་ཡིན་པས་ཕྱོགས་དང་ཕྱོགས་ནས་རྒྱས་ཀྱི།།
རིག་པ་རྟ་རྒོད་ཡིན་པས་གང་དང་གང་ལ་ཤོར་གྱི།།
ཁྲིམས་ཀྱི་སྐེ་རགས་ལྷོད་པའི་རྒྱལ་ཁབ་དཔུང་ལ་ཁྲིད་ནས།།
བསམ་བློ་བཅིངས་གྲོལ་བཏང་སྟེ་འཕག་འཚག་རྒྱག་འདོད་སྐྱེས་སོང་།།

ལོ་རྒྱུས་ལུག་ཁྱུ་བཞིན་དུ་ཡར་ནས་ཡར་ལ་དེད་ན།།
བྱས་རྗེས་ཉི་མ་བཞིན་དུ་ཇེ་གསལ་ཇེ་གསལ་གྱུར་པ།།
ཆོས་འཇིག་གང་ལ་བསམས་ཀྱང་དཔའ་བོ་དཔའ་ནག་ཡིན་པའི།།
དབུས་གཙང་ཉི་མའི་གླིང་ལ་སེམས་པ་ཡང་ཡང་ཤོར་སོང་།།

དྲང་སྲོང་བརྒྱད་ཁྲི་བཞི་སྟོང་ལྷ་སའི་ཞོལ་ནས་འཚར་འདུག །
གྲུབ་ཐོབ་དགུ་འབུམ་ལྷག་ཙམ་གཙང་གི་གླིང་ནས་འཕུར་འདུག །
ང་ཡང་འཕུར་འདོད་ཅན་གྱི་བྱ་རྒྱལ་རྒོད་ཅིག་འདོད་པས།།
སྐྱེ་བ་རྗེས་མ་དེ་ཡང་དབུས་དང་གཙང་ལ་འཁྲུངས་ཤོག །

བཀའ་འགྱུར་ཁྱི་སྐྱག་བཞིན་དུ་གང་དང་གང་ལ་གཏོར་ན།།
ས་ནག་ངོ་གདོང་འདི་ཉིད་ཁབ་མིག་མ་ལུས་ཁྱབ་འགྲོ།།
དེ་ཚོ་སྒྱུར་བ་པོ་ཡི་སྐྱེ་ས་འཚར་ས་དྲན་ན།།
སྐྱེ་བ་རྗེས་མ་དེ་ཡང་དབུས་དང་གཙང་ལ་འཁྲུངས་ཤོག །

བསྟན་འགྱུར་གཙང་ཤོག་བཞིན་དུ་སུ་དང་གང་གིས་སྤྱད་ན།།
མི་ལོ་མང་པོའི་བར་དུ་འདང་ངེས་ཤེས་པ་ཡོད་རེད།།
དེ་ཚོ་ནང་འདྲེན་མཁན་གྱི་ལུང་པ་ལུང་ཚན་བསམས་ན།།
སྐྱེ་བ་རྗེས་མ་དེ་ཡང་དབུས་དང་གཙང་ལ་འཁྲུངས་ཤོག །

རྙིང་བསྟན་འགྲམ་ཆུ་མི་ལྡང་མཛེས་པའི་མཛེས་ཆ་བསམས་ན།།
མེས་དབོན་རྣམ་གསུམ་དེ་དང་རོང་ཀློང་འཇིགས་གསུམ་དྲན་ཡོང་།།
དེ་ཚོས་སྲི་ཞུ་བྱས་པའི་བྱ་བ་བྱས་རྗེས་བསམས་ན།།
སྐྱེ་བ་རྗེས་མ་དེ་ཡང་དབུས་དང་གཙང་ལ་འཁྲུངས་ཤོག །

སྐ་བ་དཔལ་བརྩེགས་བྲིས་ན་ཅོག་རོ་རྒྱལ་མཚན་ལྷག་གི།
ཡེ་ཤེས་སྡེ་དེ་བྲིས་ན་མང་པོའི་ཐ་སྙད་ཆད་ཀྱི།།
ངོ་མཚར་ལོ་པཎ་ཁོང་ཚོའི་འཁྲུངས་ཡུལ་ཡིད་ལ་དྲན་ན།།
སྐྱེ་བ་རྗེས་མ་དེ་ཡང་དབུས་དང་གཙང་ལ་འཁྲུངས་ཤོག །

དེང་རབས་བོད་མིའི་ཁྲོད་ཀྱི་ཁ་ཕོ་ཁ་ཆེས་ཡོད་དོ།།
རླངས་བཙོས་ཤ་མོག་བཞིན་དུ་བཙབས་ཏེ་ཕྱོགས་གཅིག་སྤུངས་ན།།
གཙང་གི་ཐོན་མི་གཅིག་པུའི་རྐང་པའི་རྗེས་ཙམ་མི་ནོན།།
སྐྱེ་བ་རྗེས་མ་དེ་ཡང་དབུས་དང་གཙང་ལ་འཁྲུངས་ཤོག །

བོད་རྒྱལ་བཅུ་ཚན་བཞི་ཡི་སྐྱེས་པའི་སྐྱེས་རབས་དེད་ན།།
ལྷག་ཏུ་ལྷ་རྗེ་དར་མ་འཁྲུངས་སའི་འཁྲུངས་ཡུལ་བཙལ་ན།།
འགྲོ་ས་གཞན་ཞིག་མེད་དོ་ཁ་ཕོ་ལུང་སྟོང་སྒྲ་རེད།།
སྐྱེ་བ་རྗེས་མ་དེ་ཡང་དབུས་དང་གཙང་ལ་འཁྲུངས་ཤོག །

མང་པོ་མང་པོ་བྲིས་ན་མང་པོའི་སེམས་པ་ན་འགྲོ།།
ཉུང་ཉུང་ཉུང་ཉུང་བྲིས་ན་བརྗོད་བྱའི་མཚན་ཉིད་ཤོར་གྱི།།
གང་ལྟར་གླིང་བུ་བཞིན་དུ་རན་ཙམ་རན་ཙམ་བུས་ཏེ།།
དབུས་དང་གཙང་གི་མི་སྣ་དབྱངས་སུ་གྱེར་ནས་བཞག་ཡོད།།

གེ་སར་རྒྱལ་པོའི་ཚོམས་ཀྱི་ལྷ་སྒྲུང་ཀླུ་སྒྲུང་མིན་ནོ།།
མིག་མཐོང་ལག་ཟིན་ཡིན་པའི་བྱས་པ་ཅན་པོ་ཁོང་ཚོ།།
བུ་མོའི་སྐེ་རྒྱན་བཞིན་དུ་གསེར་ཚགས་དངུལ་ཚགས་བརྒྱབ་ཡོད།།
ཡིད་ལ་བབས་པ་བྱུང་ན་ལུང་རྒྱུན་མེད་ཀྱང་ཀློག་ཆོག །

ཕུགས་བསམ་མེ་ཏོག་བཞིན་དུ་ལག་ཏུ་འཛིན་པ་ཡོད་ན།།
གཙང་པའི་འབྲུག་སྨྱོན་བཞིན་དུ་སྙིང་གཏམ་རྐྱང་རྐྱང་བཤད་དེ།།
ཅི་འདོད་ལག་ལེན་བསྟར་བའི་རང་དབང་ཅན་དུ་སྐྱེས་ནས།།
ང་ཡང་དབུས་དང་གཙང་གི་བྱས་པ་ཅན་ཞིག་འདོད་དོ།།

ང་ནི་ཞེན་འཛིན་ཅན་གྱི་མུན་ནག་ཁྱིམ་ན་ཡོད་པས།།
ཕོག་ཡོང་སྡུག་ཡོང་སྙམ་པའི་བསམ་བློའི་རྒྱ་སྐྱེད་མི་བྱེད།།
སེམས་ལ་སྙིང་སྡུག་བཞིན་དུ་ཐད་ཀར་འབབ་པ་བྱུང་སོང་།།
ང་ཡི་ཡང་སྲིད་དེ་ཡང་དབུས་དང་གཙང་ལ་འཁྲུངས་ཤོག །

༢༠༡༩/༠༣/༡༤

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།