བསྟོད་ཕྲེང་ཡིད་ཀྱི་ཆེ་བརྗོད།

ཚུལ་ཁྲིམས་རྡོ་རྗེ། (དཔལ་ཡུལ་ཆོས་འཁོར་གླིང་།)

ཡེ་ནས་ཀ་དག་སྤྲོས་བྲལ་རིག་པའི་གཤིས།།
འགགས་མེད་ལྷུན་གྲུབ་གཞོན་ནུ་བུམ་སྐུའི་གདངས།།
དབྱེར་མེད་གཞོམ་ཞིག་བྲལ་བའི་བླ་མ་ལ།།
སྤང་བླང་རེ་དོགས་བྲལ་ཕྱིར་ཕྱག་བགྱི་འོ།།

མཁྱེན་རབ་བརྟན་པའི་འཁོར་ལོའི་རྗེས་འགྲོ་ཞིང་།།
བརྩེ་ཆེན་མིག་མི་འཛུམ་པའི་བདག་ཉིད་ཅན།།
མཐུ་སྟོབས་ནུས་པ་རྡོ་རྗེ་ཅན་མཚུངས་པའི།།
བྱང་སེམས་དཔའ་བོ་ཆེན་པོ་སྐྱབས་སུ་བསྙེན།།

ཕྱི་ལྟར་འདུལ་འཛིན་ཉེ་བ་འཁོར་དང་མཚུངས།།
ནང་ལྟར་རྒྱལ་སྲས་སེམས་དཔའ་ཆེན་པོ་དངོས།།
གསང་བ་རིམ་གཉིས་གདིང་ལྡན་ཧེ་རུ་ཀ།
གསུམ་ལྡན་རྡོ་རྗེ་འཛིན་པ་བདག་གི་སྐྱབས།།

གནའ་དེང་ཤེས་བྱའི་གནས་ལ་མངའ་དབང་འབྱོར།།
བསྟན་དང་འགྲོ་བའི་དོན་ཆེན་སྲོག་ཏུ་འཛིན།།
མདོ་རྒྱུད་མན་ངག་བཅས་པའི་གནད་ཀུན་རྟོགས།།
མཁན་ཆེན་འགྲོ་བའི་དེད་དཔོན་གཙུག་གི་ནོར།།

སྐྱེ་བའི་མྱུ་གུ་གངས་རིའི་འདབས་ནས་བཞད།།
འགྲོ་དོན་ཕྲིན་ལས་གོ་ལའི་ཁྱོན་ཀུན་ཁྱབ།།
སྒོ་གསུམ་དལ་མེད་བསྟན་འགྲོའི་དོན་ལ་བརྩོན།།
མཁན་ཆེན་སྙིགས་དུས་སྒྲོན་མེ་ཁྱེད་ལ་འདུད།།

ཐོས་པ་རིས་མེད་རྒྱ་ཆེའི་གཞུང་ལ་མཛད།།
བསམ་པས་སྒྲོ་འདོགས་གདན་ཐོག་གཅིག་ལ་བཅད།།
སྒོམ་པས་གཡེལ་མེད་ཉིན་མཚན་རྟག་འབུངས་པ།།
ངེས་དོན་ཆོས་ཀྱི་བཤེས་གཉེན་བླ་ན་འཕགས།།

དུས་ངན་སྙིགས་མའི་མུན་ནག་གཏིང་རུམ་ནས།།
སེར་རྫུན་འུག་པས་ཧབ་སྒྲ་རྒོད་དུས་འདིར།།
ལུགས་གཉིས་སྣང་བ་དཀར་པོའི་ཟེར་ཐག་གིས།།
བླང་དོར་ཚུལ་བཞིན་སྟོན་པའི་བླ་མ་རྒྱལ།།

རླབས་ཆེན་མེས་པོའི་མཛད་རྗེས་རིགས་པའི་གཞུང་།།
མི་ཉམས་ཁུར་དུ་ལེན་ཕྱིར་ཞིང་འདི་རུ།།
ཇི་སྲིད་འགྲོ་ཁམས་རྒྱ་མཚོ་མ་སྟོངས་བར།།
དེ་སྲིད་དམ་པ་ཆེན་པོ་བཞུགས་གསོལ་འདེབས།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།