ལི་ཐང་དབྱིག་གཉེན། (རྫོང་སར་མཐོ་སློབ།)
ཐ་སྙད་རེ་རེ་སྔར་བཞིན་འདི་གར་འོང་།།
ལང་ཚོ་སྟོང་པའི་རྒོལ་བ་མང་དུ་རྩོམ།།
ཕྱི་བཞིན་གཅིག་པུར་འགྲིམ་པའི་ཆོ་ག་དག །
སྐད་ཅིག་ཉིད་ལ་འཆི་ན་དགའ་ཨང་སྙམ།།
མི་ཚེ་མ་ངེས་བྱེ་ཐང་གཅིག་ཏུ་སླེབས།།
མྱོང་བ་ཅི་ཡང་མེད་པའི་ཙག་རླུང་དེས།།
རྣ་བའི་རྒྱ་སྒོ་ཡང་ཡང་བརྡུངས་པའི་རྗེས།།
ལན་རེར་སྙིང་པོ་གང་ཞིག་འདུག་གམ་ལགས།།
ང་ཡི་ཚེ་སྨད་གདུང་བའི་སེམས་ཁམས་གང་།།
བུ་ག་སྟོང་ལ་འཛུལ་བར་རྩོམ་པའི་ཚེ།།
བྱེ་མའི་ཐང་ན་ཤིན་ཏུ་འཚབ་འཚུབ་ངང་།།
མི་ངོ་ཁྱི་ངོ་མ་ལོན་ཞེ་ཡང་སྨྲེང་།།
རང་སེམས་གཡའ་དག་ཁང་ཆུང་གྲུ་བཞིའི་ནང་།།
སྙིང་པོ་མེད་པའི་གཞས་འདི་བཏང་བ་ཡིས།།
ཐག་ཉེ་ཐག་ཐུང་བདོག་པའི་མི་དག་ལ།།
ཐུགས་སུན་བྱས་པའི་ཉེས་པ་གྲངས་མི་ལོངས་།།
ད་ནི་ཅི་ཡང་ཡིན་ལ་ཅི་ཡང་མིན།།
གསར་འགྱུར་དེ་དག་རང་ལ་གསལ་ན་ཡང་།།
ཕུགས་ཀྱི་ཆ་རྒྱུས་ལོན་པར་དཀའ་བ་ཡིས།།
རང་གིས་རང་ལ་ཅི་ཞིག་འཆད་དགོས་བྱུང་།།
ཉེས་པ་མེད་པའི་མི་དེ་ག་བར་ཕྱིན།།
འཆུམ་པ་དེ་ག་རང་དུ་གནས་ན་ཡང་།།
ཡལ་བ་མེད་པའི་བག་ཆགས་འོང་བ་ལྟའི།།
རང་སེམས་འདི་ལ་སྒྲོན་མེ་སྦར་དགོས་ཐུག །
རྣམ་རྟོག་སྒྲོ་གུར་ག་ཙམ་ཕུབ་ན་ཡང་།།
ཅི་ཡང་གསལ་ཁ་མེད་པའི་ཅ་ག་ལ།།
མདངས་མེད་ཆགས་སྡང་བྱེ་བ་བརྩེགས་པ་བཞིན།།
སྙིང་པོ་མེད་པའི་ལས་འདི་འཐུ་དགོས་བྱུང་།།