བཙུན་དགོན་ལོ་རིམ་བཞི་པའི་སློབ་གཉེར་བ། ངག་དབང་ཆོས་དབྱིངས།
སྒྱུ་ལུས་བལ་སྐུད་ཀྱི་ཐག་པ།།
གར་འདྲེན་ངེས་པ་ཞིག་མེད་ཀྱང་།།
ཕ་མའི་རེ་སྐུལ་དེ་བསྒྲུབ་ཕྱིར།།
བཙུན་པའི་བསླབ་པ་འདི་ལོས་སྲུང་།།
དཀའ་སྡུག་རྒྱ་མཚོ་ཡི་རི་མོ།།
གྲངས་སུ་བརྗོད་པ་དེ་བྲལ་ཡང་།།
བཙན་འོག་འབྲོས་ཐབས་ལ་བསམས་ན།།
ཞི་བདེར་སྐྱིད་སྣང་ཞིག་ལོས་སེམས།།
ཚེ་མཇུག་ལ་ཁ་ཡི་དར་ཅོག །
གར་གཡུག་ཡིད་རྟོན་དེ་མེད་རུང་།།
དགོན་འདིའི་བཀའ་དྲིན་ལ་གཞིགས་ན།།
དྲིན་ལན་སྟོང་ཆ་དེ་ལོས་སྐོང་།།
གཏི་མུག་བརྩེ་མེད་ཀྱི་སྲབ་ཁ།།
གར་གཅུ་རང་དབང་གིས་སྟོང་མོད།།
དགེ་སྐོས་སྐུ་ངལ་ལ་བསམས་ན།།
ཞོགས་སྔ་ཕྱི་ཉལ་དེ་ལོས་བྱེད།།
རྣམ་ཤེས་གཟུགས་མེད་ཀྱི་ལྷགས་རླུང་།།
འདིར་གནས་ལྷིང་འཇགས་ཤིག་མེད་ཀྱང་།།
བཤེས་གཉེན་འོ་བརྒྱལ་དེ་དྲན་ན།།
ཚིག་དོན་མདུད་འགྲོལ་ལ་ལོས་འབད།།
མ་རིག་འཕྲུལ་ཆས་ཀྱི་ཁ་ལོས།།
གར་ཕྱོགས་བསམ་བརྗོད་ལས་འདས་ཀྱང་།།
མཆེད་གྲོགས་ལམ་ཁྲིད་དེ་བཟང་བས།།
མདུན་ནས་མདུན་ཕྱོགས་སུ་ལོས་འགྲོ།།
ཚེ་སྲོག་དར་སྐུད་འདི་ཕྲ་མོ།།
ནམ་ཆད་ངེས་པ་ཞིག་མེད་ཀྱང་།།
བླ་མའི་བཀའ་དྲིན་དེ་དྲན་བཞིན།།
ངལ་བ་ཁྱད་གསོད་ཅིག་ལོས་བྱེད།།