ལོ་རིམ་དྲུག་པའི་སློབ་གཉེར་བ། བསྟན་འཛིན་ལེགས་གྲུབ།
ཐོག་ས་གཞི་རྡོ་རྗེ་ཕག་མོའི་གནས།།
བར་ཨོ་རྒྱན་སྦས་ལུང་བྱིན་གྱིས་བརླབས།།
མཐའ་གཏེར་སྟོན་མང་པོས་གནས་ཞལ་ཕྱེ།།
གནས་འདི་ནི་ཐོག་མཐའ་བར་གསུམ་དགེ།
ནགས་ཚང་ཚིང་འཁྲིགས་པའི་རི་ཐོད་ན།།
གངས་དཀར་མོ་སེང་གེའི་དབུ་འཕང་མཐོ།།
གཙང་སྤྲིན་དཀར་བུ་མོའི་རྣམ་འགྱུར་ནི།།
སྟེང་ལྷ་དང་ལྷ་མོའི་དཔལ་ཡང་འཕྲོག །
ཕྱོགས་ཤར་ལྷོ་ནུབ་བྱང་རི་རྩེ་ནས།།
ཆུ་འགྲོ་བ་འདྲེན་པ་ལྷུང་ལྷུང་འབབ།།
ཡུལ་ཕྱོགས་མཚམས་གང་ས་ཅི་ཐད་ནས།།
རླུང་རེག་གྲོལ་སིར་སིར་རྒྱུ་བར་བྱེད།།
རྩྭ་ཐང་ཆེན་དཀྱིལ་གྱི་ཕྱུགས་རིགས་རྣམས།།
ཉམས་སྐྱིད་སྐྱིད་ཞི་བདེ་བག་ཕེབས་གནས།།
སྤང་མེ་ཏོག་བཀྲམ་པའི་གཡས་གཡོན་ནས།།
བྱ་བྱི་འུས་དབྱངས་རྟ་སྙན་མོ་ལེན།།
རླུང་དྲི་ཞིམ་བསིལ་བུ་རྒྱུ་ས་ན།།
དུས་ངེས་མེད་མེ་ཏོག་སྦྲང་ཆར་འཇོ།།
དཔལ་འཇའ་ཚོན་སྣ་ལྔའི་འཛུམ་མདངས་ཁྲོད།།
གནས་པདྨ་བཀོད་དེ་མཛེས་ཙམ་ཡོད།།
སྤང་རྩི་ཐོག་བཀྲ་བའི་ལུང་མདའ་ནས།།
རྟ་རྒོད་པོའི་རྒྱུག་རྩལ་རླུང་ལ་འགྲན།།
བྱ་ཁུ་བྱུག་རྩི་ཤིང་འཛོམས་ས་ན།།
ངག་སྙན་མོར་ཚངས་སྲས་དོ་ཟླ་མེད།།
སྟེང་ཨ་སྔོན་སྤྲིན་གྱི་གུར་ཁང་ནས།།
འོག་ས་ལ་སྦྲང་ཆར་འབབ་པ་ན།།
བར་མི་བཟང་ཞིང་པའི་བུ་མོ་ཚོས།།
དབྱངས་དར་དིར་ཁྲོད་ནས་ཞིང་ལས་བྲེལ།།
ས་འདི་ན་རྩྭ་མཆོག་ཀླུ་བདུད་སྐྱེས།།
ས་འདི་ན་དཔའ་བོ་མཁའ་འགྲོ་འདུ།།
ས་འདི་ནི་གུ་རུའི་གདུལ་ཞིང་སྟེ།།
ས་འདི་ནི་ང་ཡི་ཕ་ཡུལ་ཡིན།།