རིན་མེད་ཟ་རྐྱང་གི་ཁ་ཟས་ཤིག་གླིང་ན་མེད།

ལོ་རིམ་དགུ་པའི་སློབ་གཉེར་བ། པདྨ་ཆོས་དར།

ཤེས་རིག་གི་དབུ་འཕང་མཐའ་རྒྱ་ཡངས་པའི་དུས་རབས་ཀྱི་གྲུ་ཁ་ནས་ང་ཚོས་ཅི་ཞིག་འཚོལ་དགོས། ཁྲ་ཁྲ་ཟིང་ཟིང་གི་འཁོར་སྐྱོད་གསར་པའི་འཚང་ཁ་རྒོད་སར་འུ་ཅག་ལ་མཁོ་བ་དང་མི་མཁོ་བ། འཇིག་རྟེན་མཐུན་སྣང་ལ་དགེ་མཚན་ལྡན་པ་དང་མི་ལྡན་པ། མིའི་རང་གཤིས་ཡང་དག་ཅིག་དང་དྲང་བདེན་གྱི་ལམ་བུ་རེ་འཚོལ་བར་སྐྲུན་པའི་ཁ་ཕྱོགས་གསར་པའི་སློབ་གསོའི་མན་ངག་ཅིག་དགོས་གལ་ཤིན་ཏུ་ཆེ་བར་འཁུམས། དེ་ཡང་སྟོན་པ་བཅོམ་ལྡན་འདས་ཀྱི་ཚིགས་སུ་བཅད་པའི་མདོ་ལས།[1] སེམས་ནི་གཡོ་ཞིང་འཁྱུག་པ་དང་། །བསྲུང་བར་དཀའ་ཞིང་ཞི་དཀའ་སྟེ། །མདའ་མཁན་མདའ་མོ་བྱེད་པ་བཞིན། །བློ་དང་ལྡན་པས་བསྲང་བར་བྱ། །ཞེས་དང་།

དེ་ཡང་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གི་ནང་སེམས་ཀྱི་གོ་ཆ་ལས།[2] དེང་སང་གི་དབང་དུ་བྱས་ན་གཏོར་བཤིག་རང་བཞིན་ཅན་དང་འཛུགས་སྐྲུན་རང་བཞིན་ཅན་གྱི་བསམ་བློའི་ཁ་ཕྱོགས་མི་འདྲ་བ་གཉིས་ཡོད་པར་གསུངས་ཏེ། དང་པོ་གཏོར་བཤིག་རང་བཞིན་ཅན་གྱི་བསམ་བློ་ཞེས་པ་ཡ་གིས་ཀྱང་མི་ཉན། མ་གིས་ཀྱང་མི་ཉན། ཕ་གིས་ཀྱང་མི་ཉན་ཟེར་ནས་ཚང་མ་གཏོར་གྱིན་དང་འཕེན་གྱིན་འདུག་རྒྱུ་མ་གཏོགས་གཞན་ཅི་ཡང་མེད་པའི་བསམ་བློ་དེ་ལ་ཟེར། གཉིས་པ་འཛུགས་སྐྲུན་རང་བཞིན་ཅན་གྱི་བསམ་བློ་ཞེས་པ། དཔེར་ན་རིག་གནས་ཇི་ལྟར་དར་སྤེལ་བྱས་ན་དགའ། དཔལ་འབྱོར་ཇི་ལྟར་ཡར་རྒྱས་སུ་བཏང་ན་དགའ། དེ་བཞིན་མི་རིགས་ཀྱི་སྤུས་ཀ་ཇི་ལྟར་ཇེ་མཐོར་མངགས་ན་དགའ། འདི་ལྟར་བྱས་ན་བཟང་ངོ་ཞེས་ཐབས་ཤེས་ཡོད་པ་དེའི་མིང་ལ་ཟེར་བ་རེད། ཅེས་པ་ལྟར་མི་རྣམས་ཀྱི་བསམ་བློའི་འདུ་ཤེས་འཛིན་སྟངས་མི་འདྲ་བའི་ཐོག་ནས་སློབ་གསོའི་ཁ་ཕྱོགས་ཀྱང་མི་མཐུན་པ་ཅི་རིགས་ཡོད་པ་ལས་རང་ཉིད་ལ་མཁོ་བ་ནི་འདི་ཕྱི་གཉིས་ཕན་གྱི་སློབ་གསོ་ཞིག་དགོས་གལ་ཆེ་བས་གཏོར་བཤིག་རང་བཞིན་ཅན་གྱི་སློབ་གསོ་འདི་རྒྱང་ཐག་རིང་ཙམ་བཞག་ནས་འཛུགས་སྐྲུན་རང་བཞིན་ཅན་གྱི་སློབ་གསོ་ལ་གོམ་པ་འབོར་འདྲེན་བྱ་དགོས། སློབ་གསོ་ནི་འཛམ་གླིང་གོ་ལ་ཧྲིལ་པོ་སྤྱི་དང་ཡང་སྒོས་རང་ཉིད་གང་དུ་གནས་སའི་ཁོར་ཡུག་དེར་དྭངས་གཙང་ཡིད་འོང་གི་རི་གཟར་འབབ་ཆུ་ལ་ཐལ་རྡུལ་གྱིས་བཀང་བའི་རླུང་འཚུབ་ལས་བརྒལ་ཏེ། རང་སེམས་ལྷོད་ཡངས་དང་བདེ་འཇགས་ཉམས་དགའི་རང་བྱུང་གི་ཁོར་ཡུག་ལ་སྤྲོ་སྐྱིད་སྤེལ་བའི་གསེར་གྱི་ལྡེའུ་མིག་ལྟ་བུ་ཞིག་ཡིན་པ་རེད། དེའི་ཕྱིར་དུས་རབས་ཉེར་གཅིག་པའི་རྒན་དར་གཞོན་གསུམ་ལ་རང་ཉིད་མི་ཚེའི་ཁ་ཕྱོགས་གསར་པའི་འདུན་པ་རེ་འཚོལ་སྙེག་དང་དོན་གནད་འབྱེད་པའི་བློ་སྤོབས་དང་ཤེས་རབ་ངར་མའི་དབྱེ་ཞིབ་གསལ་རྗེན་རྗེན་རེ་ཡོང་བར་སློབ་གསོའི་མན་ངག་འདི་དེང་དུས་མེད་ཐབས་མེད་པའི་སྤྱི་ནོར་ཞིག་ཏུ་གྱུར་འདུག

འདི་ནས་འཛམ་གླིང་ལ་སྐད་གྲགས་ཆེ་བའི་ཡ་ཧུ་དཱ་པའི་སློབ་གསོའི་མན་ངག་དང་སྟོན་པ་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་ཚིགས་སུ་བཅད་པ་ཞེས་པའི་དེབ་ཕྲེང་ནང་གི་སྡེ་ཚན་འགའ་རེའི་སློབ་གསོའི་ཁ་ཕྱོགས་གང་ཞིག་ཡིན་མིན་དང་དེ་དང་མཐུན་པར་གུས་པའི་བསམ་ཚུལ་རེ་ཟུང་ཁ་སྣོན་བརྒྱབ་ནས་གསལ་འདེབས་ཤིག་འབྲི་དགོས་པར་བརྟེན། སྔོན་ཆད་རྒྱལ་པོ་ཞིག་ལ་བུ་གསུམ་ཡོད་པ་ལས་བུ་གསུམ་པོ་ཡང་རྣམ་དཔྱོད་དང་འཇོན་ཐང་ཅན་དག་དག་ཡིན་པར་བཤད་འདུག ཉིན་ཞིག་རྒྱལ་པོས་རང་ཉིད་ལོ་ན་ཆེ་བར་གཟིགས་ནས་རང་གི་ལུས་པོ་དང་དབང་ཐང་སོགས་རྒུད་ནས་ལས་དོན་གང་ཞིག་བསྒྲུབས་ཀྱང་མི་འཁྱོངས་པར་རྟོགས་ནས་རང་གི་བུ་ཕྲུག་གསུམ་ལས་གཅིག་རྒྱལ་སར་བསྐོ་རྒྱུའི་འདུན་པ་སྐྱེས་ཀྱང་། བུ་ཆེ་འབྲིང་ཆུང་གསུམ་ལས་གང་ཞིག་བསྐོ་གཞག་དགོས་མིན་བསམ་གཞིག་ཇི་ལྟར་བཏང་ཡང་ཐག་མ་ཆོད་པར་ལུས། ཉིན་ཞིག་རྒྱལ་པོས་རང་གི་བུ་ཕྲུག་གསུམ་པོ་ཕོ་བྲང་ནང་དུ་སྐད་བཏང་ནས་དེ་རིང་ནས་བཟུང་ཁྱེད་ཅག་ལོ་ངོ་གཅིག་གི་རིང་ལ་ཕོ་བྲང་གི་ཕྱི་ལོགས་སུ་སོང་ནས་ལོ་གཅིག་གི་རྗེས་སུ་ལས་དོན་འགངས་ཆེན་གང་ཞིག་བྱས་མིན་ང་ལ་ཤོད་ཅིག་ཅེས་བཀའ་བཏང་། བུ་ཕྲུག་གསུམ་པོ་ཡང་རྒྱལ་པོའི་ཕོ་བྲང་གི་ཕྱི་ལོགས་སུ་ཐོན་ནས་རང་རང་སོ་སོ་ཡུལ་གནས་ཁ་ཁ་རུ་ཕྱིན་པ་རེད། དེ་ནས་ལོ་གཅིག་འགོར་བའི་རྗེས་སུ་བུ་ཕྲུག་གསུམ་པོ་ཡང་རྒྱལ་པོའི་ཕོ་བྲང་ལ་ཕྱིར་སླེབས་ནས་རང་རང་གིས་བྱ་བ་གང་ཞིག་བསྒྲུབས་ཡོད་མེད་རྒྱལ་པོར་སྙན་སྒྲོན་ཞུས་པ་རེད། དེ་ནས་བུ་རྒན་པས་ང་ནི་འདུ་འཛི་ཧ་ཅང་ཆེ་བའི་གྲོང་ཁྱེར་ཞིག་ཏུ་ཕྱིན་པའི་ཚེ་ངོ་ཁྱོན་ནས་མི་ཤེས་པའི་མི་ཞིག་གིས་ང་ལ་གསེར་སྒོར་ཁུག་མ་གང་མི་གཞན་ཞིག་ལ་སྟེར་དགོས་པར་གདམས་པ་ལ་ངས་ཏག་ཏག་སྤྲད་པ་ཡིན་ཞེས་དང་། དེ་ནས་བུ་འབྲིང་པོས་ང་ནི་ཤིན་ཏུ་མྱ་ངམ་གྱི་ཐང་ཞིག་ཏུ་ཕྱིན་པའི་ཚེ་མི་ཉམ་ཆུང་ཞིག་བཀྲེས་སྐོམ་གྱིས་གཟིར་ནས་བརྒྱལ་འདུག་པར་མཐོང་བས། བཟའ་བཏུང་སོགས་བྱིན་ནས་དབུགས་སོས་པར་བྱས་པ་མ་ཟད་ཁོང་ལ་རྒྱུ་ནོར་ཅུང་ཙམ་ཡོད་པ་དག་ཇག་པས་འཕྲོགས་སོང་བར་ཤེས་རྗེས་ཇག་པའི་ལག་ནས་ཚུར་བླངས་ཏེ་ཁོང་ལ་སྤྲད་པ་ཡིན་ཞེས་དང་། བུ་ཆུང་ངུས་བཤད་དོན་ངས་ནི་ཇོ་ཇོ་གཉིས་ཀྱིས་འཇོན་པ་བཞིན་དུ་གལ་འགངས་ཆེ་བའི་བྱ་བ་ཞིག་གང་ཡང་བསྟན་རྒྱུ་མེད་ནའང་ང་རང་ལ་འཁོན་པའམ་དགྲ་བོ་ཞིག་ཡོད་པ་དེས་རྟག་ཏུ་ང་ལ་བརྙས་བཅོས་བྱེད་ཀྱིན་འདུག ཉིན་ཞིག་ང་རང་འདུ་འཛི་ཆེ་བའི་གྲོང་ཁྱེར་དེ་དང་ཁ་བྲལ་ནས་བྲག་རི་མཐོན་པོའམ་ནགས་ཚལ་སྟུག་པོ་ཡོད་ས་ཞིག་ཏུ་ཕྱིན་ཚེ། བྲག་དཀན་གྱི་གཡང་གཟར་ཧ་ཅང་ཆེ་ས་དེར་མི་ཞིག་གན་རྐྱལ་བྱས་ནས་གཉིད་ཤོར་ཡོད་པ་མཐོང་མ་ཐག་ཁོང་གི་ཚེ་སྲོག་ལ་ཉེན་ཁ་ཡོད་པར་ཤེས་ནས་ང་ཁོང་གི་གམ་དུ་བཅར་བ་ཡིན། ཁོང་ནི་ང་ལ་རྟག་ཏུ་དམའ་འབེབས་དང་སུན་པོ་བཟོ་མཁན་གྱི་མི་དེ་རེད་འདུག ཡིན་ཡང་ངས་ཁོང་ལ་འདི་རུ་གཉིད་ན་ཚེ་སྲོག་ལ་ཉེན་ཁ་ཆེ་བར་ཡོད་པ་སོགས་བཤད་ནས་ང་རང་གཅིག་པུ་ལམ་ཁ་གཞན་ཞིག་ཏུ་ཕྱིན་པ་ཡིན། ནགས་ཚལ་མཐུག་པོ་དང་ལམ་ཕྲན་དོག་མོའི་བར་ནས་ལམ་ནོར་བྱུང་སྟེ་ང་གཅན་གཟན་གཏུམ་པོའི་དཀྱིལ་དུ་ལྷུང་ཡང་སྐད་ཅིག་གཅིག་ལ་མི་ཞིག་སླེབས་ནས་ཁོང་གིས་ངའི་ཚེ་སྲོག་གཅན་གཟན་གྱི་ཁ་ནས་བསྐྱབས་སོང་། དེ་ནས་ངས་ཁོང་སྔོན་གྱི་འཁོན་པའམ་དགྲ་བོ་དེ་ཡིན་པར་ཤེས་ནས་ཁྱེད་རང་གིས་ངའི་ཚེ་སྲོག་ཅིའི་ཕྱིར་བསྐྱབས་པ་ཡིན་ཞེས་སྨྲས་ཚེ་ང་ཡི་ཚེ་སྲོག་ཀྱང་ཁྱེད་རང་གིས་བསླུས་པ་རེད་ཅེས་སྨྲས་ནས་ངེད་གཉིས་གྲོགས་པོ་འཆམ་མཐུན་ཅན་ཞིག་ཆགས་སོང་ཞེས་བཤད་པ་རེད།

དེ་ནས་རྒྱལ་པོས་རང་གི་བུ་ཕྲུག་གསུམ་གྱི་བྱ་བ་ལ་ཞིབ་འཇུག་ནན་མོ་བྱས་ནས་མཐར་བུ་ཕྲུག་གསུམ་ཀ་མིའི་མཚན་ཉིད་ཚང་བའམ་རིན་ཐང་ཡོད་པ་ཞིག་ཏུ་མཐོང་ཡང་བུ་ཆེ་བ་དེ་སྤྱོད་ལམ་བཟང་པོ་དང་ཡིད་རྟོན་འོས་པ་ཙམ་དང་། བུ་འབྲིང་བ་དེ་ཡིད་རྟོན་འོས་པ་ཙམ་མ་ཟད་དྲང་བདེན་དང་སྙིང་རྗེའི་རང་གཤིས་ཡོད་པ་ཞིག་ཏུ་རྟོགས། བུ་ཆུང་ངུ་དེ་ལ་རྒྱལ་པོས་འདི་སྐད་དུ།[3] ལེགས་སོ་ལེགས་སོ་ང་ཡི་བུ། ཤིན་ཏུ་ལེགས་སོ། །རང་ཉིད་ཀྱི་དགྲ་ཟླར་དཀྱེལ་ཡངས་ཐུབ་པ་ནི་མ་མཐའི་སྤྱོད་བཟང་ལས་འགོངས་པའི་ཡ་མཐའི་རྟོགས་པ་ཆེན་པོ་ཡིན་པ་སྟེ། དེ་ནི་དངོས་གནས་རབ་ཏུ་གྱུར་པ། ཧ་ལས་པ། ངོ་མཚར་བའི་སྤྱོད་པ་རླབས་པོ་ཆེའོ། །དེ་རིང་ནས་བཟུང་ང་ཡི་རྒྱལ་སྲིད་ཁྱོད་ལ་གཏད་པ་ཡིན་ནོ་ཞེས་པ་སྟེ། གཏམ་རྒྱུད་འདི་ནས་ང་ཚོས་ཅི་ཞིག་དཔོག་ཐུབ་ཅེ་ན་འཛམ་གླིང་གཅིག་གྱུར་ལྟ་ཚུལ་མཐུན་པའི་མི་གཤིས་སྙིང་སྟོབས་ལ་རབ་འབྲིང་ཐ་གསུམ་གྱི་ཚད་འཇལ་བའི་ཆེས་རླབས་ཆེན་གྱི་སློབ་གསོ་ཞིག་གི་སྣང་བརྙན་བསྟན་འདུག སྟོན་པ་བཅོམ་ལྡན་འདས་ཀྱི་ཚིགས་སུ་བཅད་པའི་མདོ་ལས།[4] ང་ལ་སྨད་ཅིང་ང་ལ་གནོད། །ང་ལས་འཕྲོག་ཅིང་ང་ཕམ་ཞེས། །གང་གིས་དེ་དག་སེམས་བྱེད་པ། །དེ་རྣམས་ཁྲོ་བ་ཞི་མི་འགྱུར། །ཞེས་པ་འདི་ནས་ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་ལ་གངས་རི་དང་རྫ་རིས་བསྐོར་བའི་ཧི་མཱ་ལ་ཡའི་མི་རིགས་ནི་བྱམས་བརྩེ་དང་བཟོད་སྒོམ་ཅན་གྱི་རིགས་རྒྱུད་ཅིག་དང་ང་ཚོའི་རིག་གཞུང་ནང་དུ་ལྷག་བསམ་དང་བདག་གཞན་མཉམ་བརྗེའི་གདམས་ངག་དེ་དག་ནི་མཚན་སྙན་མཐོ་བའི་སློབ་གསོའི་མན་ངག་རབ་འབྲིང་ཐ་གསུམ་ལས་ཆེས་མཐོ་ཤོས་དང་ཡང་རྩེར་སོན་པའི་སློབ་གསོའི་མན་ངག་ཚད་ལྡན་ཞིག་ཡིན་པ་གཏམ་རྒྱུད་འདི་ནས་མཐོང་ཐུབ་པའོ།།

ཡང་རང་སེམས་གཙང་དག་ཇི་ལྟར་བྱ་ཞེས་པའི་སྡེ་ཚན་ལས།[5] མིའི་རང་བཞིན་གྱི་ངོས་ནས་བཤད་ན། བྱིས་པའི་ནང་སེམས་ལ་ཉེས་སྐྱོན་ཞུགས་སླ་བ་དང་སླད་སྐྱོན་ཤོར་སླ་བ་ནི་དངོས་ཡོད་གནས་ཚུལ་ཡིན་པར་འདུག དེ་ཡང་ང་ཚོས་དུས་ཐོག་ཏུ་ཐབས་ཤེས་ལེགས་པོ་སྤྱད་དེ་གཙང་དག་བཟོས་པས་ཆོག འོན་ཀྱང་སོ་སོས་བྱིས་པའི་ནང་སེམས་གཙང་དག་བཟོ་བར་ཐབས་ཤེས་མི་འདྲ་བ་སྣ་ཚོགས་སྤྱོད་དགོས་པ་ལས་བཙན་དྲག་ཨུ་ཚུགས་སྤྱད་པས་ནི་འབྲས་བུ་ལེགས་པོ་འབྱུང་མི་ཐུབ་ཐག་ཆོད་ཡིན་ཞེས་བཤད་འདུག དེ་ཡང་སྟོན་པ་བཅོམ་ལྡན་འདས་ཀྱི་ཚིགས་སུ་བཅད་པའི་མདོ་ལས།[6] སེམས་ནི་ཡོངས་སུ་མི་གནས་དང་། །དམ་པའི་ཆོས་ནི་མི་ཤེས་དང་། །རབ་ཏུ་དྭངས་པ་དཀྲུགས་པ་ལ། །ཤེས་རབ་ཡོངས་སུ་རྫོགས་མི་འགྱུར། །ཞེས་ཡིག་འབྲུ་འགའ་ཡོད་པའི་སློབ་གསོའི་མན་ངག་འདི་ནས་ང་རང་ཚོའི་ཁོར་ཡུག་དང་འབྲེལ་བ་དམ་ཟབ་ཡོད་པའི་ཁ་ཚ་དགོས་གཏུགས་ཀྱི་ལེགས་ཉེས་གསལ་བའི་ལམ་སྟོན་ཞིག་གནང་འདུག་པར་སེམས། ང་ཚོའི་ཁོར་ཡུག་འདི་མི་རིགས་སྣ་ཚོགས་འདུས་པའི་གླིང་ག་ཞིག་ཡིན་པར་མ་ཟད་བྱིས་དར་གཞོན་གསུམ་གྱི་མི་ཚེའི་མདུན་ལམ་གསར་དུ་འཚོལ་སའི་སློབ་གླིང་ཆེན་པོ་ཞིག་ཡིན། སློབ་གླིང་འདིར་བཞུགས་པའི་གྲྭ་བཙུན་རྣམས་ལ་ཕྲག་ཏུ་བབས་པའི་འགན་འཁྲི་ལྕི་མོ་རེ་ཡོད་པ་ནི་བྱིས་པ་ཚོར་ཟས་ཞིམ་པོ་དང་གོས་གཙང་མ་གང་ཡག་སྟེར་གྱི་འདུག་པ་ཤིན་ཏུ་རྗེས་སུ་ཡི་རང་དང་འོས་ཤིང་འཚམས་པ་ཞིག་ལོས་ཡིན། ཡིན་ཡང་རེ་ཟུང་ཞིག་གིས་ཁོར་ཡུག་འདིའི་གྲྭ་བཙུན་ཆུང་རིགས་མཐོང་ཚད་ལ་སྐད་སྒྲ་ཆེན་པོས་སྙིང་འདར་དུ་འཇུག་པ་དང་སྡུག་རྩུབ་ཚ་བས་དཔའ་ཞུམ་དུ་གཏོང་གིན་འདུག ད་དུང་སྐད་ཆ་བཟང་གོམས་ལབ་ཡ་མེད་པར་ངན་གོམས་སྣ་ཚོགས་བཀོལ་སྤྱོད་བྱེད་པར་མཐོང་། དེ་ནི་བྱིས་པ་རྣམས་ཀྱི་གཤིས་རྒྱུད་གྱོང་པོ་དང་སེམས་ལ་རྨ་ཁ་འགྱུར་བར་ཉེན་ཁའི་རང་བཞིན་ཡོད་པ་ནི་བྱིས་པའི་སློབ་གསོ་དག་གི་ནང་དུ་མང་པོ་མཐོང་རྒྱུ་འདུག ང་ཚོའི་ཁོར་ཡུག་འདིར་རང་འགན་རང་ཁུར་གྱི་ཐོག་ནས་ངག་འཇམ་པོ་དང་། ཚིག་སྙན་མོ། རང་རྒྱུད་ལྷད་མེད་ཀྱིས་འཛུམ་མདངས་ངང་ནས་བྱིས་པ་རྣམས་ལ་ཤེས་བྱ་མཛུབ་མོ་རིས་སྟོན་དང་རིག་གཞུང་ངོ་སྤྲོད་ཐོག་ཏུ་བསུ་སྐྱེལ་བྱ་དགོས་པ་ཤིན་ཏུ་རྩ་ཆེ་བར་མ་ཟད། འཛམ་གླིང་ན་སྙན་གྲགས་ཆེ་བའི་བྱིས་པའི་སློབ་གསོའི་དཔེ་དེབ་རིགས་ལ་ཟུར་ལྟ་རེ་གནང་རྒྱུ་གལ་འགངས་ཆེ་བར་མཐོང་། བྱིས་པའི་རང་གཤིས་དང་སེམས་ཁམས་གང་འདྲ་ཞིག་ཡིན་མིན་སློབ་གསོའི་མན་ངག་དག་ལས་རྟོགས་ཐུབ་པ་ནི། རྒན་པ་ཚོའི་ལུས་ཀྱི་སྤྱོད་ལམ་དང་། ངག་གི་སྐད་ཆ་ཤོད་སྟངས། བསམ་བློའི་འཁྱེར་ཕྱོགས་བཅས་བཟང་ངན་གང་ཞིག་ཡིན་མིན་ལ་མ་ལྟོས་པར་བྱིས་པ་རྣམས་ཀྱིས་མིག་དཔེ་དང་ལད་ཟློས་བྱེད་ཀྱི་ཡོད་པ་ནི་མཐོང་ཆོས་མངོན་གྱུར་ཡིན་པ་རེད། དེའི་ཕྱིར་ན་སློབ་གླིང་འདིར་བཞུགས་ཀྱི་བྱིས་པ་རྣམས་ལ་མ་འོངས་པར་རང་གཤིས་གཙང་མ་དང་སེམས་ཁམས་དྭངས་མ་ཞིག་ཆགས་མིན་ནི་ད་ལྟའི་རྒན་པ་ཚོའི་ལག་ཏུ་ཡོད་པས་ཅི་ནུས་ཀྱིས་གཞི་རྒྱ་ཆེ་བའི་ཐུགས་བསྐྱེད་གནང་རོགས།

ཡང་ཡ་ཧུ་དཱ་པའི་དགེ་རྒན་ཞིག་གིས་ནམ་ལངས་པ་ཇི་ལྟར་ཤེས་ཞེས་པའི་དྲི་བ་ཞིག་སློབ་ཕྲུག་རྣམས་ལ་བཏོན་པས། སློབ་ཕྲུག་ཚོས་དྲི་བ་དེ་འདྲ་ལས་སླ་པོ་ཞིག་དྲིས་སོང་བསམས་ནས་ཁྲེལ་རྒོད་དང་ཀུ་རེའི་ངང་ནས་ཉི་མ་ཤར་བ་དང་། ཞོགས་ཟས་ཞིམ་པོ་ཟ་བ། ཤོག་སྒོར་སྟེང་གི་ཨང་ཀི་མཐོང་བ། དངོས་པོ་གསལ་པོར་མཐོང་བ། བ་ལང་དང་རྔ་མོང་ར་མ་སོགས་ཀྱི་དབྱེ་བ་ཤེས་པའི་ཚེ་ན་ནམ་ལངས་པ་རེད་ཅེས་ཧབ་ཆ་དང་དགོད་སྒྲ་སྣ་ཚོགས་བྱས་ནས་ལན་བཏབ་པ་རེད་ཟེར། དྲི་བ་འདི་ནི་དངོས་གནས་བྱས་ན་གནད་འགག་ཆེན་པོ་ཞིག་ཡིན་པར་མ་ཟད་ཡ་ཧུ་དཱ་པའི་མེས་པོ་གོང་མ་ཚོའི་ངག་རྒྱུན་དུ་ཡོད་པའི་སློབ་གསོའི་མན་ངག་ཟབ་མོ་ཞིག་ཡིན་ཡང་མི་རྣམས་ཀྱི་ནང་ནས་དེའི་དོན་དག་གསལ་པོར་རྟོགས་མཁན་ཧ་ཅང་དཀོན་པོ་ཡིན་འདུག དེ་ནས་དྲི་བ་འདོན་མཁན་གྱི་དགེ་རྒན་ཆེན་མོ་རང་ལོ་བདུན་ཅུ་ལ་སོན་པ་དེས་དྲི་བ་འདིའི་ལན་གྱི་སྙིང་པོ་དངོས་གནས་ཅི་ཞིག་ཡིན་མིན་རང་གིས་གསལ་བཤད་ཅིག་བྱས་ཡོད་པ་འདི་ལྟ་སྟེ།[7] མཚན་དུས་ཡོལ་ཏེ་ནམ་ལངས་པ་ཅི་ཡིས་ཤེས། དཔེ་ཆའི་སྟེང་གི་ཡི་གེ་གསལ་པོར་མཐོང་བའི་ཚེ་ན་གཞི་ནས་ནམ་ལངས་པ་ཤེས། ཁྱོད་ཚོས་མཐའ་འཁོར་གྱི་མི་རྣམས་སོ་སོའི་ཕུ་ནུ་མིང་སྲིང་ཡིན་པ་ངོས་ཟིན་ཚེ་ནམ་ལངས་པ་རེད། ད་ལྟ་ང་རང་མི་ལོ་བདུན་ཅུ་ཡོལ་ལ་ཉེ། ངས་མི་ཚེ་གང་ལ་དྲི་བ་དེ་རང་གིས་རང་ལ་དྲིས་ཤིང་རང་གིས་རང་ལ་དེ་ལྟར་ལན་བཏབ་ནས་འོངས་ཞེས་གསུངས་འདུག དྲི་ལན་དང་པོ་དཔེ་ཆའི་སྟེང་གི་ཡི་གེ་གསལ་པོར་མཐོང་བའི་ཚེ་ན་གཞི་ནས་ནམ་ལངས་པ་རེད་ཅེས་པས་ཤེས་ཡོན་ནི་རིན་ཐང་གཞལ་མཐའ་བྲལ་བའི་མ་རིག་མུན་པ་སེལ་བའི་ཤེས་རབ་ཀྱི་སྒྲོན་མེ་ཡིན་པར་བསྟན། ལས་དོན་གང་ཞིག་བསྒྲུབས་ཀྱང་ཤེས་ཡོན་འདི་གལ་ཆེའི་རང་བཞིན་ལྡན་པ་ཞིག་ཡིན་པས་སྦྱང་དགོས་པར་སྐུལ་ལྕག་བཏང་བ་རེད། དྲི་ལན་གཉིས་པ་ཁྱོད་ཚོས་མཐའ་འཁོར་གྱི་མི་རྣམས་སོ་སོའི་ཕུ་ནུ་མིང་སྲིང་ཡིན་པ་ངོས་ཟིན་ཚེ་ནམ་ལངས་པ་རེད་ཅེས་པས་མ་རིག་པའི་མུན་པ་སེལ་བའི་ཤེས་རབ་ཀྱི་སྒྲོན་མེ་མངའ་བ་ཙམ་གྱིས་མི་འགྲིག་པར་དོན་གྱི་སྙིང་པོ་དེ་ལག་བསྟར་གྱི་ཐོག་ནས་གོ་ལ་ཧྲིལ་པོའི་མི་རིགས་ཐམས་ཅད་ཁྱིམ་ཚང་གཅིག་གི་ཕུ་ནུ་མིང་སྲིང་ཡིན་པ་བཞིན་དུ་ཆིག་སྒྲིལ་གྱི་ལྟ་ཚུལ་བརྟན་པོ་ཞིག་ཡོད་དགོས་པར་བསྟན་པ་རེད་འདུག འདི་ནས་ང་ཚོས་ཅི་ཞིག་མཐོང་ཐུབ་ཅེ་ན་ང་རང་ཚོ་ཧི་མཱ་ལ་ཡའི་རིག་གཞུང་ནང་བསྟན་གཙུག་ལག་གི་ནང་དུ་སློབ་གསོའི་མན་ངག་འདི་འདྲ་ཧ་ཅང་ཟབ་མོ་མང་པོ་ཡོད་ཀྱང་ང་ཚོས་མ་ཤེས་ནས་འཇམ་ཐིང་ཐིང་ངང་ནས་ལྷག་བསྡད་ཡོད་པར་སྣང་སྟེ། དཔེ་མཚོན་ཙམ་ཞུས་ན། སྟོན་པ་བཅོམ་ལྡན་འདས་ཀྱི་ཚིགས་སུ་བཅད་པའི་མདོ་ལས།[8] སྡིག་པའི་གྲོགས་པོ་བསྟེན་མི་བྱ། །མ་རབས་སྐྱེས་བུ་བསྟེན་མི་བྱ། །དགེ་བའི་གྲོགས་རྣམས་བསྟེན་བྱ་ཞིང་། །སྐྱེས་བུ་མཆོག་རྣམས་བསྟེན་པར་བྱ། །ཞེས་གསུངས་པ་ལྟར་དེ་འདྲའི་སློབ་གསོའི་མན་ངག་དེབ་ཕྲེང་བརྒྱ་ཕྲག་བརྒལ་བ་ཡོད་ཀྱང་དེའི་དོན་དག་གསལ་པོར་ཤེས་མཁན་དང་ལག་ལེན་སྟར་མཁན་ཉིན་མོའི་སྐར་མ་ཙམ་རེད། དངོས་གནས་བྱས་ན་ཡ་ཧུ་དཱ་པའི་སློབ་གསོའི་མན་ངག་ཅེས་པ་ནི་རང་རེའི་རིག་གཞུང་དང་བསྡུར་ན་ཆ་ཤས་ཙམ་ཞིག་མ་གཏོགས་ཟབ་རྒྱས་དེ་འདྲ་མི་འདུག དེའི་ཕྱིར་ན་རང་ཅག་རྣམས་ལ་ཡང་འཛམ་གླིང་ན་སྙན་གྲགས་ཆེ་བའི་སློབ་གསོའི་མན་ངག་འདི་འདྲ་ཞིག་མེད་པ་མ་ཡིན་ཡང་གོ་མེད་ཚོར་མེད་དུ་དཔེ་སྒྲོམ་གྱི་སྟེགས་བུར་བརྩིགས་ཏེ་སྣང་བ་རྒྱ་ཡན་དུ་བཏང་ནས་ལྷག་ཡོད་པར་མནོ་བསམ་རེ་མི་གཏོང་ཀ་མེད་མ་རེད་དམ།

ཡང་དགེ་རྒན་རབ་འབྲིང་ཐ་གསུམ་ཞེས་པའི་སྡེ་ཚན་ཞིག་འདུག[9] དངོས་པོ་ཀུན་ལ་དོགས་སློང་དང་དཔྱད་སྟོབས་སྐྱེད་མཁན་དེ་དང་། རང་ཚུགས་ཀྱིས་བསམ་གཞིག་གཏོང་བའི་ཐབས་དང་ཤེས་རབ་སྐྱེད་མཁན་དེ་ནི་དགེ་རྒན་རབ་དང་། དཔེ་དེབ་སྟེང་གི་རིག་གནས་ཤེས་བྱ་འབའ་ཞིག་ཁྱོད་ཀྱི་ཀླད་པའི་སྣོད་དུ་ལྡུག་མཁན་དེ་དང་། ལས་ཀའི་འཇོན་ནུས་འབའ་ཞིག་བསྐྱེད་ཅིང་སྲིང་མཁན་དེ་ནི་དགེ་རྒན་འབྲིང་ངོ་། །སློབ་བུ་དག་གི་བློ་གྲོས་ཤེས་རབ་བསྐྱེད་ཅིང་བསྲིང་རྒྱུ་ལྟ་ཅི། དཔེ་ཆའི་ངོ་གདོང་གི་རིག་གནས་ཤེས་བྱ་ཙམ་ཡང་འཁྲིད་ཐུབ་ཀྱི་མེད་པའི་དགེ་རྒན་ནི་མཐའ་མའོ། །ཞེས་དང་། སྟོན་པ་བཅོམ་ལྡན་འདས་ཀྱི་ཚིགས་སུ་བཅད་པའི་མདོ་ལས།[10] དམ་པ་གངས་ཅན་རི་བཞིན་དུ། །རྒྱང་དུ་རབ་ཏུ་གསལ་བ་སྟེ། །ཇི་ལྟར་མཚན་མོ་མདའ་འཕང་བཞིན། །དམ་པ་མིན་རྣམས་འདིར་མི་མཐོང་། །ཞེས་ང་ཚོས་འདི་ནས་བསམ་གཞིག་རེ་བྱས་ཚེ་ཅི་འདྲའི་དགའ་འོས་པ་ཞིག་མི་འདུག་གམ། ང་ཚོའི་རིག་གཞུང་གི་བསྟན་པའི་བདག་པོ་སྟོན་མཆོག་ཤཱཀྱ་སེངྒེ་ནི་གདུལ་བྱ་དབང་པོ་རབ་འབྲིང་ཐ་གསུམ་གྱི་ཁམས་དང་མོས་པ་ལ་གཞིགས་ནས་བསྲེགས་བཅད་བརྡར་གསུམ་གྱི་སྒོ་ནས་བླང་དོར་གྱི་ལམ་བསྟན། འགྲོ་བ་རྣམས་ཀྱི་རྣམ་དཔྱོད་ཀྱི་སྙིང་སྟོབས་གོང་དུ་སྤེལ། གཞན་ཕན་གྱི་ལྷག་བསམ་བླ་རུ་འདེགས་མཁན་གྱི་དགེ་རྒན་རབ་ཀྱི་ནང་ནས་རྩེ་ཕུད་ཡིན་པ་མངོན་ཡོང་སྟེ། དེའི་ཕྱིར་ན་ང་ཚོའི་རིག་གཞུང་ནི་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་མིག་སྔུན་དུ་ངོམ་ཆོག་པ་ཙམ་མ་ཟད་གོ་ལ་ཧྲིལ་པོའི་སྤྱི་ནོར་ཞིག་ཡིན་པ་ཀུན་ཀྱིས་མ་བརྗེད་པར་གྱིས།

ཡང་རིན་མེད་ཟ་རྐྱང་གི་ཁ་ཟས་ཤིག་གླིང་ན་མེད་ཅེས་པའི་སློབ་གསོ་འདིས་སྔོན་ཆད་མི་རིགས་དཀར་ནག་མང་པོ་ཞིག་ལ་རང་དོན་རང་གཅེས། རང་ཁ་རང་གསོ་སོགས་འཇིག་རྟེན་འཚོ་བའི་ཁྲོད་དུ་སྐུལ་ལྕག་ཐེངས་མང་ཐེབས་པའི་སློབ་གསོའི་མན་ངག་ཅིག་ཡིན་པར་བཤད་འདུག སྟོན་པ་བཅོམ་ལྡན་འདས་ཀྱི་ཚིགས་སུ་བཅད་པའི་མདོ་ལས།[11] ངོ་མི་ཚ་ལ་ངོ་ཚ་ཞིང་། །ངོ་ཚ་བ་ལ་ངོ་ཚ་མེད། །བརྫུན་གྱི་ལྟ་བ་རབ་བླངས་པའི། །སེམས་ཅན་རྣམས་ནི་ངན་སོང་འགྲོ། །ཞེས་ད་ནི་རང་ཉིད་ཀྱིས་འགོ་བརྩམས་ཏེ་ཡིག་འབྲུ་འགའ་ཞིག་ཁུར་བའི་སློབ་གསོའི་མན་ངག་འདི་ཡང་ཡང་བཀླགས་ཏེ་བློ་ཕུགས་ཀྱི་མདའ་མོ་ནང་དུ་གཏད་ན་རང་ཅག་གྲྭ་བཙུན་རྣམས་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་མ་རེད་དམ། ང་ཚོའི་ཆོས་གྲྭ་ཆེན་མོ་འདི་ནི་གྲུབ་དབང་ཡིད་བཞིན་ནོར་བུ་མཆོག་གིས་ངལ་བའི་དཀའ་ཚེགས་རྒྱབ་ལ་ཁུར་ནས་སྡུག་རུས་ལོ་ཟླ་མང་པོ་བསྟར་ལ་བརྒྱུས་ཏེ་ཕྱག་གི་མཛུབ་མོ་ཟད། ཞབས་ཀྱི་སེན་རྩ་གས། འོ་བརྒྱལ་ཚད་ལས་བརྒལ་བ་གནང་ཡོད་པ་སྨོས་ཅི་དགོས། དེའི་ཕྱིར་ན་ང་ཚོས་བཟའ་བཏུང་གནས་མལ་འོས་ཤིང་འཚམས་པ་རེ་ལོངས་སུ་སྤྱད་ནས་མི་གཤིས་གཙང་མ། སེམས་ཁམས་དྭངས་མ། ཤེས་ཡོན་རྣལ་མ་ཞིག་གིས་གྲུབ་དབང་ཡིད་བཞིན་ནོར་བུའི་ཐུགས་བཞེད་གང་ཐུབ་ཅིག་སྒྲུབ་དགོས་པ་ནི་སློབ་འབངས་གྲྭ་བཙུན་ཡོངས་ཀྱི་འདོར་དུ་མེད་པའི་འགན་འཁྲི་དང་བཀྲོལ་དུ་མེད་པའི་མདུད་པ་དམ་པོ་རེ་སེམས་ལ་ཉར་ནས་རང་གི་བླ་མའི་ཐུགས་དགོངས་ཚིམས་པ་ཞིག་གནང་རྒྱུ་དེ་ནི་ཧ་ཅང་གལ་ཆེ་བས་རྣམ་པ་ཐམས་ཅད་ཀྱིས་ཐུགས་འདང་ནང་དུ་བཀོལ་རོགས།

ད་ནི་ཡིག་ཚོགས་མང་བར་དོགས་ནས་རེ་ཞིག་འདི་ཙམ་གྱིས་འབྲི་མཚམས་གཞག་རྒྱུ་ཡིན། འདི་ནས་ཞོར་དུ་གསལ་བཤད་བྱ་དགོས་པ་ཞིག་ནི་ཡ་ཧུ་དཱ་པའི་མི་རིགས་ཞེས་པ་དེ་མི་གཤིས་གཙང་མ་བློ་རིག་བཀྲ་བའི་རིགས་རྒྱུད་ཅིག ཁོང་ཚོའི་སློབ་གསོའི་མན་ངག་དེས་མིའི་རྣམ་དཔྱོད་ཀྱི་ནུས་པ་སྐྱེད་སྲིང་དང་རང་རྐྱ་ཐུབ་པའི་སྙིང་སྟོབས་སྤེལ་ནས་འཛམ་གླིང་ན་སྙན་གྲགས་ཤིན་ཏུ་ཆེ་བར་གྱུར་སོང་བ་རེད་འདུག ཁྱད་པར་དུ་རིན་མེད་ཟ་རྐྱང་གི་ཁ་ཟས་ཤིག་གླིང་ན་མེད་ཅེས་པ་དེ་ཡ་ཧུ་དཱ་པའི་སློབ་གསོའི་མན་ངག་ཅིག་ཡིན་ཡང་ཁོར་ཡུག་འདི་དང་འབྲེལ་ཆེ་བར་མཐོང་ནས་རྩོམ་ཡིག་འདིའི་ཁ་བྱང་ལ་བཏགས་པ་ཡིན། རྗེས་སུ་ཁྱེད་ཅག་གིས་ཀྱང་རང་ཉིད་ཀྱི་སློབ་སྦྱོང་གི་ཞོར་དུ་འདི་ལྟ་བུའི་སློབ་གསོའི་རིགས་ལ་ཟུར་ལྟ་རེ་གནང་ཐུབ་ན་རང་གཞན་ཚང་མར་མནོག་པའི་ཁེ་བཟང་དང་ཕན་འབྲས་ཆེ་བས་ཀློག་འདོན་བྱ་རྒྱུ་དགོས་གལ་ཆེ་བར་མཐོང་ངོ་།།


[1]  བོད་ཀྱི་དཔེ་མཛོད་ཁང་གི་པར་མ། ཤཱཀྱ་ཐུབ་པ་དེབ་ཕྲེང་དྲུག་པ། སེམས་ཀྱི་སྡེ་ཚན། ཤོག་གྲངས། ༩ པར་གསལ།

[2]  ཀྲུང་གོ་རྒྱལ་སྤྱིའི་སྐད་ཡིག་དཔེ་སྐྲུན་ཁང་གི་པར་མ། དེབ་གཟུགས། ཤོག་གྲངས། ༡༨༠ པར་གསལ།

[3]  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། ཡ་ཧུ་དཱ་པའི་སློབ་གསོའི་མན་ངག དེབ་གཟུགས། ཤོག་གྲངས། ༡༥ པར་གསལ།

[4]  བོད་ཀྱི་དཔེ་མཛོད་ཁང་གི་པར་མ། ཤཱཀྱ་ཐུབ་པ་དེབ་ཕྲེང་དྲུག་པ། ཟུང་ལྡན་གྱི་སྡེ་ཚན། ཤོག་གྲངས། ༣ པར་གསལ།

[5]  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། ཡ་ཧུ་དཱ་པའི་སློབ་གསོའི་མན་ངག དེབ་གཟུགས། ཤོག་གྲངས། ༡༨ པར་གསལ།

[6]  བོད་ཀྱི་དཔེ་མཛོད་ཁང་གི་པར་མ། ཤཱཀྱ་ཐུབ་པ་དེབ་ཕྲེང་དྲུག་པ། སེམས་ཀྱི་སྡེ་ཚན། ཤོག་གྲངས། ༩ པར་གསལ།

[7]  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། ཡ་ཧུ་དཱ་པའི་སློབ་གསོའི་མན་ངག དེབ་གཟུགས། ཤོག་གྲངས། ༤༠ པར་གསལ།

[8]  བོད་ཀྱི་དཔེ་མཛོད་ཁང་གི་པར་མ། ཤཱཀྱ་ཐུབ་པ་དེབ་ཕྲེང་དྲུག་པ། མཁས་པའི་སྡེ་ཚན། ཤོག་གྲངས། ༡༥ པར་གསལ།

[9]  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། ཡ་ཧུ་དཱ་པའི་སློབ་གསོའི་མན་ངག དེབ་གཟུགས། ཤོག་གྲངས། ༤༧ པར་གསལ།

[10]  བོད་ཀྱི་དཔེ་མཛོད་ཁང་གི་པར་མ། ཤཱཀྱ་ཐུབ་པ་དེབ་ཕྲེང་དྲུག་པ། ཐོར་བུའི་སྡེ་ཚན། ཤོག་གྲངས། ༦༠ པར་གསལ།

[11]  བོད་ཀྱི་དཔེ་མཛོད་ཁང་གི་པར་མ། ཤཱཀྱ་ཐུབ་པ་དེབ་ཕྲེང་དྲུག་པ། དམྱལ་བའི་སྡེ་ཚན། ཤོག་གྲངས། ༦༤ པར་གསལ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།