ལོ་རིམ་གསུམ་པའི་སློབ་གཉེར་བ། ཀུན་བཟང་ཉི་མ།
གཏམ་བཤད་པ། མ་ཡོན།(马云)
བཀུར་འོས་པའི་སློབ་གཙོ་ཡེས་(俞)ལགས་དང་། སློབ་གཙོ་ལེ་མན་(Lehman)ལགས། ཧྲང་ཧེ་ནེའུ་ཡོག་སློབ་ཆེན་(上海纽约大学)གྱི་དགེ་རྒན་དང་སློབ་མ། ཁྱིམ་བདག་རྣམ་པ་ཚང་མ་ཁམས་བཟང་།
དེ་རིང་ནི། རྣམ་པ་ཚོའི་མི་ཚེའི་ཁྲོད་ཀྱི་ཆེས་གནད་འགག་གི་ཉི་མ་ཞིག་རེད་ལ། འདི་ལྟར་དམིགས་བསལ་གྱི་དུས་སྐབས་ཤིག་ཏུ། འདི་ལྟར་དམིགས་བསལ་བའི་ཐབས་ལམ་གྱིས། རྣམ་པ་ཚོའི་མི་ཚེ་ཁྲོད་ཀྱི་ཆེས་གནད་འགག་གི་སྐབས་ལ་མཉམ་ཞུགས་ཐུབ་པ་དེ། ཧ་ཅང་དགའ་བ་དང་ཆེས་གཟི་བརྗིད་ཅིག་ཀྱང་རེད། ད་དུང་སློབ་གཙོ་ལགས་དང་། དགེ་རྒན། སློབ་གྲོགས་ཚང་མ་ལ་ཐུགས་རྗེ་ཆེ་ཞུ། རྒྱུ་མཚན་ནི། སྐབས་འདིར་ངའི་ཚོར་སྣང་ཞིག་ལ། ཁྱེད་ཅག་གིས་གནང་བའི་གཟེངས་རྟགས་འདི་གཞན་དང་མི་འདྲ་བ་དང་ལྡབ་འགྱུར་གྱིས་གཅེས་སྤྲས་བྱེད་འོས།
དེ་རིང་ཆ་ཚང་སློབ་ཆེན་མཐར་ཕྱིན་པ་རེད། ཡིན་ནའང་ད་ལོའི་མཐར་ཕྱིན་ལ། བལྟས་ཚོད་ཀྱི་དཀའ་ངལ་མང་བ་དང་དཀའ་ངལ་ཧ་ཅང་ཆེ། མཐར་ཕྱིན་མ་ཐག་ཏུ་འཛམ་གླིང་ལ་ཁྱབ་པའི་རིམས་ནད་དང་གདོང་ཐུག་ཡོད། ལས་ཀ་འཚོལ་བ་དང་། མུ་མཐུད་དུ་སློབ་གནས་སྤར་བ། གང་གི་ངོས་ནས་ཀྱང་སྔོན་བྱུང་མ་མྱོང་བའི་དཀའ་ངལ་ཞིག་རེད་ལ། འདི་འདྲ་དཀའ་ངལ་ཞིག་ཡོད་པ་སྔོན་ཆད་སུས་ཀྱང་བསམ་བློ་བཏང་མྱོང་མེད། ཡིན་ནའང་ཐབས་ཤེས་གང་ཡང་མི་འདུག འདི་ནི་མི་ཚེ་རེད།
འདི་འདྲ་བའི་དུས་སྐབས་ལ་སློབ་མཐར་ཕྱིན་པ་དང་། ལས་ཀ་འཚོལ་བ། སྤྱི་ཚོགས་ལ་ཕྱོགས་པ་ནི། ཚང་མས་ལམ་འགྲོ་མེད་པ་ཞིག་ཚོར་གྱི་ཡོད། ཡིན་ནའང་དོན་དངོས་ཐོག་མི་ཚེ་ལ་འདི་འདྲའི་ཆག་སྒོ་ཡོང་བ་ཧ་ཅང་མང་། མཉམ་གནས་ཤེས་ན་ཁྱོད་ཀྱིས་འཚོ་བ་རྟོགས་ཤིང་། དམ་འཛིན་ཤེས་པ་ཡིན་ན་ཁྱོད་གཞན་དང་མི་འདྲ། ད་ལོར་འཛམ་གླིང་ཡོངས་ཀྱི་མཐར་ཕྱིན་སློབ་མ་མང་པོ་ཞིག་ཚང་མ་གཅིག་པ་རེད། ཆ་ཚང་གཅིག་མཚུངས་ཀྱིས་དཀའ་ངལ་ཞིག་ལ་གདོང་ལེན་བྱེད་དགོས་ཁེལ་བ་རེད། འདིའི་སྐབས་ལ་ཁྱོད་ཀྱི་རྣམ་འགྱུར་དང་ཁྱོད་ཀྱི་འགྲོ་ཕྱོགས་ཀྱིས་ཁྱོད་ཀྱི་མ་འོངས་པ་ཐག་གཅོད་ཐུབ།
ཁྱོད་ཚོར་མ་མཐའ་ཡང་སྐབས་གཞན་པའི་སློབ་མ་དག་ལས་སློབ་ཚན་ལྷག་མ་ཞིག་དང་། ཐོབ་སྐར་ལྷག་མ་ཞིག་ཐོབ་ཡོད། སློབ་ཚན་འདིར་རྒྱུགས་སྤྲོད་མེད་ཀྱང་། གཞན་པའི་སློབ་ཚན་ཞིག་ལས་གལ་ཆེ། རྒྱུ་མཚན། རིམས་ནད་དང་གོད་ཆགས་འདིས་ཁྱོད་ཚོས་འདི་འདྲའི་འཇིག་རྟེན་གྱི་འཕོ་འགྱུར་ལ་ཇི་ལྟར་དུ་མནོ་བསམ་བཏང་ན་འོས་པ་དང་། ཤིན་ཏུ་འཕོ་འགྱུར་ཆེ་བའི་སྐབས་ལ་ཇི་ལྟར་དུ་རང་ཉིད་ཀྱི་འོས་འགན་ལ་འགན་འཁུར་དགོས་པ་དང་། དེ་བཞིན་དུ་རང་ཉིད་ཇི་ལྟར་མ་འོངས་པར་མཉམ་གནས་བྱེད་ཐུབ་པ་བཅས་སློབ་ཐུབ་ཡོད། ང་ཚོས་ཁ་སང་ལ་འགྱུར་བ་གཏོང་མི་ཐུབ་ལ། ཐ་ན་དེ་རིང་ལ་འགྱུར་བ་གཏང་རྒྱུ་ཡང་ཧ་ཅང་དཀའ། འོན་ཀྱང་ང་ཚོས་ལས་ཀ་ཅུང་ཙམ་བསྒྲུབས་ན་སང་ཉིན་ལ་འགྱུར་བ་གཏོང་ཐུབ་པ་དང་། ང་ཚོའི་མ་འོངས་པ་ལའང་འགྱུར་བ་གཏོང་ཐུབ། སློབ་ཚན་འདི་ལ་ནི་ང་ཚོ་ཚང་མ་གཅིག་མཚུངས་ཀྱིས་གཞི་ནས་ད་གཟོད་སློབ་ཚན་འདི་བསླབས་པ་རེད།
དེ་རིང་ང་ཚོས་མཐོང་ཐུབ་པ་ནི། འཇིག་རྟེན་གྱི་ལོ་བརྒྱ་ཕྲག་གི་དུས་མཇུག་གི་ཉམས་ཉེས་ཤིག་ལ་གདོང་གཏོད་དགོས་པ་དེ་རེད། ཡིན་ནའང་། མིའི་རིགས་ལ་སྔར་ཡོད་མ་མྱོང་བའི་ཐོན་ཁུངས་དང་ལོངས་སྤྱོད། མིའི་རིགས་ལ་སྔར་ཡོད་མ་མྱོང་བའི་ལག་རྩལ་ནུས་སྟོབས་དང་། ད་དུང་བཤད་མ་དགོས་པར་མིའི་རིགས་ལ་སྔར་ཡོད་མ་མྱོང་ལ་གདོང་གཏུག་དགོས་པའི་དཀའ་ལས་དང་དཀའ་ངལ་བྱུང་ཡོད།
དེ་རིང་གི་མིའི་རིགས་ཀྱི་ཤེས་རིག་གསོག་འཇོག་དང་། ཆ་འཕྲིན་གྱི་ཐག་གཅོད་ནུས་ཤུགས་དང་ཉེན་འགོག་གི་ནུས་པ་ནི། དེ་སྔོན་གྱི་ལོ་རྒྱུས་ལས་སྟོབས་ཤིན་ཏུ་ཆེ། ཡིན་ནའང་བློ་ཕམ་པ་ཞིག་ལ། ང་ཚོས་སྐབས་ལ་ལར་འདི་འདྲའི་ཐོན་ཁུངས་ཀྱི་སྟོབས་ཤུགས་དང་ཤེས་རིག་འབྲེལ་མཐུད་དང་མཉམ་འབྲེལ་གྱི་ཕྱོགས་སུ་ཤུགས་སྣོན་གཏན་ནས་མི་བྱེད་པར། ད་དུང་སྐབས་རེར་འཁོན་འགྲས་བཟོས་པ་མ་ཟད། ཐ་ན་འགལ་བའི་ཕྱོགས་ཀྱང་རྒྱ་བསྐྱེད་ཡོད་པ་རེད།
མིའི་རིགས་ཀྱི་འཕེལ་རིམ་གྱི་ལོ་རྒྱུས་སྟེང་། ང་ཚོར་ཆག་སྒོ་ཆད་མྱོང་མེད། ཡིན་ནའང་དེ་རིང་ལྟར་ཤིན་ཏུ་ཉུང་ཉུང་རེད། ཆག་སྒོ་འདིའི་རྗེས་ནས་ཀྱང་འཛམ་གླིང་ལ་བློ་མི་བདེ་བ་ཆེན་པོ་ཡོང་གྲབས་ཡོད། འདི་ནི་དོན་དངོས་ཐོག་མི་རྣམས་ཀྱི་སེམས་ཁྲལ་ཞིག་རེད། འོན་ཀྱང་། སེམས་ཁྲལ་ནི་བེད་སྤྱོད་ཁྱོན་ནས་མེད། དེའི་ཕྱིར་སེམས་ཁྲལ་བྱེད་པ་ལས་ལག་བསྟར་གྱི་ཐོག་ནས་འཛམ་གླིང་གང་ལ་ཕྱོགས་ཀྱི་ཡོད་པ་དང་། མ་འོངས་པར་འཛམ་གླིང་གང་ལ་ཕྱོགས་དགོས་པ་སོགས་འདི་འདྲའི་གནད་འགག་དག་ཁྱོད་ཚོ་ལ་རག་ལས་ཡོད་པ་དང་། ན་གཞོན་དག་གི་གདམ་ཀ་དང་། ན་གཞོན་དག་གི་བྱ་སྤྱོད་ལའང་རག་ལས་ཡོད།
ངས་ཐོས་པ་ལ་ཝུའུ་ཧན་(武汉)གྲོང་ཁྱེར་གྱི་སྒོ་བཀག་རྗེས། ཁྱོད་ཚོའི་ཁྲོད་དུ་ཅེ་ཁི་(捷克)ནས་ཡིན་པའི་སློབ་གྲོགས་ཤིག་གིས། ཝུའུ་ཧན་དུས་བཀག་གི་སྐབས་ཝུའུ་ཧན་གྱི་སློབ་གྲོགས་དག་ལ་ཁ་རས་བརྒྱ་བསྐུར་འདུག རྗེས་སུ་རིམས་ནད་འཛམ་བུའི་གླིང་ལ་མཆེད་པ་ན། ཝུའུ་ཧན་གྱི་སློབ་གྲོགས་དག་གིས་ཅེ་ཁིའི་སློབ་གྲོགས་ཚོར་ཀྲུང་གོའི་སྨན་པ་དག་ལ་དྲི་བརྟག་གི་རོགས་རམ་བྱས་ནས། དེ་དག་གཅིག་ཏུ་བསྡུས་ཏེ་དབྱིན་ཡིག་ལ་བསྒྱུར་རྗེས་ཕར་བསྐུར་བ་རེད། ཧྲང་ཧེ་ནེའུ་ཡོག་སློབ་ཆེན་གྱི་སློབ་གྲོགས་ཚོ། ང་ཡིད་ཆེས་པ་ལ་ཆ་ཚང་གིས་མཐོང་ཐུབ་པ་ནི། ཁྱོད་ཚོའི་བྱ་སྤྱོད་ཀྱིས་གདམ་ཀ་བྱས་པ་དེ་རེད།
དེ་རིང་གི་དཀའ་ངལ་འདི། ཁྱོད་ཚོ་གཞོན་པའི་མི་རབས་འདིའི་གོ་སྐབས་ཆེ་ཤོས་ཤིག་རེད། དེ་བཞིན་དུ་ཁྱོད་ཚོས་འཛམ་གླིང་ལ་རིན་ཐང་ཡོད་པའི་རམ་འདེགས་གསར་སྐྲུན་བྱེད་པའི་གོ་སྐབས་རྣལ་མ་ཞིག་ཀྱང་རེད།
ངའི་བསམ་ཚུལ་ལ་དུས་རབས་ཉེར་གཅིག་པའི་མཐར་ཕྱིན་སློབ་མ་དག་གིས། འབྱུང་འགྱུར་ཡོང་བའི་གོ་སྐབས་དམ་འཛིན་བྱེད་པ་ལ། ང་ཚོར་ངེས་པར་དུ་ལྟ་བ་གསུམ་མཁོ། དེ་ནི་འཛམ་གླིང་གི་ལྟ་བ།(全球观)མ་འོངས་པའི་ལྟ་བ།未来观) ཁྱོན་ཡོངས་ཀྱི་ལྟ་བ་(全局观)གསུམ་དང་། ད་དུང་ང་ཚོར་ནོར་གསུམ་[1]ཡང་མཁོ། ཤེས་རབ་ཀྱི་ནོར།(智商) མཛའ་འབྲེལ་གྱི་ནོར།(情商)བརྩེ་སེམས་ཀྱི་ནོར།(爱商) (the Q of Love)
འཛམ་གླིང་གི་ལྟ་བ་ལ་དབྱིན་ཡིག་ཤེས་དགོས་པའི་ངེས་པ་མེད་མོད། འོན་ཀྱང་ངེས་པར་དུ་རིག་གནས་སྣ་མང་ཅན་ལ་གུས་རྩི་དང་རྒྱུས་མངའ་དགོས། མི་དང་མིའི་བར་དང་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་བར་གཅིག་མཚུངས་ཡིན་པ་ཞིག་མེད། མི་མཚུངས་པ་ཐག་ཆོད་ཡིན། ད་དུང་ནམ་ཡང་མུ་མཐུད་དུ་མི་འདྲ་བའི་ངོ་བོར་གནས་པ་རེད། དེ་རིང་གི་འཛམ་གླིང་གི་གནད་དོན་ནི། ཕན་ཚུན་ཧ་ཅང་མང་བའི་མི་འདྲ་ས་དང་། ཕྱོགས་འགལ་མང་པོ་ཞིག་མཐོང་བ་དེ་རེད། ཡིན་ནའང་མི་འདྲ་ས་མང་པོ་ཞིག་མཐོང་བ་དེ་དཔེ་མི་སྲིད་པ་ཞིག་མ་རེད། དོན་དངོས་སྟེང་ཡ་མཚན་དགོས་པ་ནི། མི་འདྲ་བའི་ཁྱད་པར་མཐོང་ནའང་། སྔར་བཞིན་ང་ཚོའི་འདྲ་ས་ལ་ཡིད་ཆེས་བྱེད་པ་དང་། སྔར་བཞིན་ང་ཚོའི་ཕྱོགས་འགལ་གྱི་ལས་ཀ་དག་དོར་ནས་མཉམ་དུ་མདུན་སྐྱོད་བྱ་རྒྱུ་དེ་རེད།
ལོ་ ༤༨ ཀྱི་སྔོན་ལ་ཨ་རི་དང་རྒྱ་ནག་གཉིས་ཀྱིས་མི་འདྲ་བའི་གནས་སྟངས་ཤིག་ནས་འདྲ་བ་བཙལ་བ་དང་། མི་མཐུན་པའི་གནས་སྟངས་ཤིག་ནས་འབྲེལ་བ་བཙུགས་པ་རེད། འདིས་འཛམ་གླིང་གོང་སྤེལ་ལ་ཕྱོགས་པ་དང་། འཛམ་གླིང་ཡར་རྒྱས་ལ་ཕྱོགས་ཡོད།
ཨ་རི་དང་རྒྱ་ནག ནེའུ་ཡོག་དང་ཧྲང་ཧེ། ལོ་བརྒྱ་ཕྲག་འགའི་རིང་ལ་སྔར་ནས་བཟུང་མི་འདྲ་ས་མང་པོ་ཡོད། མི་འདྲ་བ་མང་པོའི་རྐྱེན་གྱིས་ང་ཚོས་ཁོ་ཚོའི་བར་གྱི་མི་འདྲ་བའི་ཁྱད་མཚར་དག་མྱོང་བ་དང་མཐོང་ཐུབ། ཁོ་གཉིས་བར་གྱི་མི་འདྲ་བའི་ཆ་དག ལོ་བརྒྱ་ཕྲག་འགའ་ལ་འགྱུར་བ་གཏོང་མི་ཐུབ་ལ། འགྱུར་བ་གཏོང་དགོས་པ་ཞིག་ཀྱང་མ་རེད། ང་ཚོ་ལ་མཁོ་བ་ནི་ཁོ་གཉིས་ཀྱི་མི་འདྲ་བའི་ཆ་ལ་འགྱུར་བ་གཏོང་བ་དེ་མ་ཡིན་པར། འདྲ་མཉམ་གྱི་ཆ་འཚོལ་བ་དང་། མི་མཉམ་པའི་ཆ་ལ་གུས་རྩི་བྱེད་པ་དེ་རེད།
ནེའེ་ཁི་སི་(尼克松)ཀྲུང་གོར་འཚམས་འདྲི་ཡོང་བའི་རྗེས་ནས། ཧང་ཀྲོའི་(杭州)ལ་དབྱིན་ཡིག་སློབ་ཚན་བཙུགས་ཤིང་། ཧང་ཀྲོ་འཆིང་རྒྱ་ལས་གྲོལ་བའི་གྲོང་ཁྱེར་ཆགས། ཨ་རིའི་ཡུལ་སྐོར་བ་ཧ་ཅང་མང་པོ་ཡང་ཧང་ཀྲོ་ལ་སླེབས་མྱོང་། ངས་ཨ་རིའི་ཡུལ་སྐོར་བའི་སྣེ་ཁྲིད་ཆེད་དབྱིན་ཡིག་སྦྱངས་པ་དང་། འདིས་ངས་ཟུར་མི་འདྲ་བའི་ཤེས་བྱ་མང་པོ་ཞིག་སྦྱངས་ཐུབ་ཡོད། ད་དུང་ངས་འཛམ་གླིང་གི་ཁྱད་མཚར་འབོར་ཆེན་ལ་ངེས་ཤེས་ཐོབ་མྱོང་བ་དང་། ངས་འཇིག་རྟེན་ལ་ལྟ་བའི་ཟུར་མི་འདྲ་བའི་མིག་རྒྱང་རྙེད། དེ་བཞིན་ངས་ཟུར་མི་འདྲ་བའི་བསམ་གཞིག་གི་ཐབས་ལམ་ཡང་རྙེད་མྱོང་།
དེ་རིང་འདིར་བཞུགས་ཀྱི་ལྷན་རྒྱས་རྣམ་པ་དང་། དེ་བཞིན་དེ་རིང་གི་མི་ཡོད་ཚད་ཆ་ཚང་ཨ་རི་དང་རྒྱ་ནག་གི་མཉམ་འབྲེལ་གྱི་ཁེ་ཕན་འབོར་ཆེན་ཐོབ་མཁན་དང་། འཛམ་གླིང་རང་བཞིན་ཅན་གྱི་ཁེ་ཕན་ཐོབ་མཁན་ཡིན། གལ་ཏེ་ཨ་རི་དང་རྒྱ་ནག་གི་མཉམ་འབྲེལ་མེད་ན་ཧྲང་ཧེ་ནེའུ་ཡོག་སློབ་ཆེན་ཡོད་མི་སྲིད་ལ། དེ་རིང་གི་མ་ཡོན་དང་ཨ་ལེའེ་པ་པ་(阿里巴巴)ཡང་ཡོད་མི་སྲིད། མ་འོངས་པར་ཨ་རི་དང་རྒྱ་ནག་གཉིས་ཀྱི་འཛམ་གླིང་གཅིག་སྤྱོད་ཀྱི་ཁ་ཕྱོགས་དང་། གཅིག་སྤྱོད་མཉམ་འབྲེལ་གྱི་ཁ་ཕྱོགས་འདིའི་འགན་འཁྲི་དག་ན་གཞོན་རྣམས་ཀྱིས་འགྲུབ་པ་དང་། འདི་ནི་ཆ་ཚང་གི་འོས་འགན་ཞིག་ཀྱང་ཡིན། སྟོབས་ཆེ་བའི་གྲོང་ཁྱེར་གཉིས་མཉམ་འབྲེལ་གྱི་སློབ་ཆེན་ལས་མཐར་ཕྱིན་པའི་སློབ་ཆེན་པ་དག འདི་འདྲའི་སྐབས་སུ་ང་ཡིད་ཆེས་པ་ནི། ཁྱོད་ཚོའི་ལས་སྐལ་དུ་གཞན་དང་མི་འདྲ་བའི་འགན་ཞིག་ངེས་པར་དུ་ཡོད།
ཁྱོན་ཡོངས་ཀྱི་ལྟ་ཚུལ་ནི་གཞན་གྱི་གོ་ས་ནས་གནས་ཚུལ་ལ་བསམ་བློ་གཏོང་དགོས། LTདུས་རབས་ཀྱི་བསམ་བློ་ནི་རང་ཉིད་ལྟེ་བར་བཟུང་ནས་རང་ཉིད་སྟོབས་ཆེན་ཞིག་བསྒྱུར་རྒྱུ་དེ་ཡིན་ལ། ང་ཚོས་འགྲན་སྡུར་བྱེད་ས་དེའང་ཤ་རྒོད་(肌肉)ཡིན། འོན་ཀྱང་DTདུས་རབས་ཀྱི་བསམ་བློ་ནི་གཞན་བསྟུན་རང་ལུགས་སམ་གཞན་ཕན་རང་ལུགས་(利他主义)[2]རེད། གཞན་ལ་ཡག་པོ་བྱས་ན་གཟོད་རང་ཉིད་སྟོབས་ཆེན་ཞིག་ཏུ་འགྱུར་ཐུབ། འགྲན་སྡུར་བྱེད་སའང་ཤེས་རབ་རེད། དུས་རབས་སྔ་མའི་ནང་གལ་ཆེ་བ་ནི་ངས་ཇི་ལྟར་བསམས་པ་དེ་རེད་ལ། དུས་རབས་ཉེར་གཅིག་པའི་ནང་འདིར་གཞན་གྱིས་ཇི་ལྟར་བསམས་པར་ལྟ་བ་ནི། ཧ་ཅང་གིས་གནད་འགག་ཆེན་པོ་ཞིག་རེད། རྒྱུ་མཚན་ནི་ས་སྒང་འདིར་མི་གཅིག་ཀྱང་མེད་པར་རང་ཉིད་གཅིག་པུར་གནས་མི་སྲིད། རང་ཉིད་ལ་རྒྱབ་རྟེན་ཡོད་ན་ད་གཟོད་ཡག་པོ་འཚོ་ཐུབ། རྒྱལ་ཁབ་གཅིག་ཀྱང་མེད་པར་ཁེར་རྐྱང་གིས་གནད་དོན་ཐག་གིས་མི་ཆོད། དེ་བས་ཁྱོན་ཡོངས་ཀྱི་བསམ་བློ་དང་། གཞན་ཕན་གྱི་བསམ་བློས་གཞི་ནས་རང་ཉིད་ལ་འགྱུར་བ་ཡག་པོ་ཐེབས་པ་དང་། འཛམ་གླིང་ལ་འགྱུར་བ་ཡག་པོ་སྐྲུན་ཐུབ།
རྒྱུ་མཚན་དེའི་ཕྱིར་ང་ཚོར་ངེས་པར་དུ་མ་འོངས་པའི་ལྟ་བ་དགོས། ཁ་སང་གི་དྲིན་དྲན་པ་དང་། དེ་རིང་ལ་འགྱུར་བ་བཏང་སྟེ་སང་ཉིན་ལ་ཡིད་ཆེས་བྱེད་དགོས། མ་འོངས་པའི་ཆེད་མཁས་པ་མེད། རྒྱུ་མཚན་ནི་སུ་གང་ཡང་མ་འོངས་པར་སླེབས་མྱོང་མེད། ཆེས་ཐབས་ལམ་བཟང་ཤོས་ཀྱི་མ་འོངས་པའི་སྔོན་དཔག་ནི་མ་འོངས་པ་གསར་སྐྲུན་བྱ་རྒྱུ་དེ་རེད། ང་ཚོས་ནམ་ཡང་མ་འོངས་པའི་ཆེད་དུ་བསམ་བློ་གཏོང་དགོས་ལ། ང་ཚོས་ཐག་གཅོད་དགོས་པའང་མ་འོངས་པའི་གནད་དོན་ལས་འདས་ཟིན་པའི་གནད་དོན་མིན། ལྷག་ཏུ་ང་ཚོས་འདས་ཟིན་པའི་ཐབས་ལམ་ཁྱེར་ཏེ་མ་འོངས་པ་ཐག་གཅོད་མི་རུང་།
མ་འོངས་པར་ཁ་ཕྱོགས་པའི་ན་གཞོན་དག ང་ཚོར་ནུས་པའི་རིགས་གསུམ་རང་གསུམ་མཁོ། ཤེས་རབ་ཀྱི་ནུས་པ། མཛའ་འབྲེལ་གྱི་ནུས་པ། བརྩེ་སེམས་ཀྱི་ནུས་པ་རེད། ཤེས་རབ་ཀྱི་ནུས་པ་མཐོ་བའི་མི་ཕམ་ཉེས་འབྱུང་བར་སླ་པོ་མེད་ལ། མཛའ་འབྲེལ་གྱི་ནུས་པ་མཐོ་བའི་མི་ལ་གོ་སྐབས་མང་། ཡིན་ནའང་བརྩེ་སེམས་ཀྱི་ནུས་པ་མཐོ་བའི་མི་ལ་གཟོད་གཞན་གྱི་གུས་རྩི་ཐོབ་ཐུབ། མ་འོངས་པར་འཕྲུལ་རིགས་ཀྱིས་མིའི་ཚབ་ཀྱི་ལས་ཀ་མང་པོ་ལས་སྲིད་མོད། ཡིན་ནའང་ཁོ་ཚོར་ལྟེ་སྙིང་མ་གཏོགས་མི་སེམས་མེད། མིའི་རིགས་ལ་བརྩེ་སེམས་ཡོད། འདི་ལ་འཕྲུལ་ཆས་ཀྱིས་མིའི་ཚབ་མཚོན་མི་ཐུབ།
ངས་བལྟས་ན། འཛམ་གླིང་ཡོངས་ཀྱི་ན་གཞོན་དག་ལ་རྒྱལ་ཁབ་ཀྱི་དབྱེ་འབྱེད་དང་། མི་རིགས་དང་དད་མོས་ཀྱི་ཁྱད་པར་གང་ཡང་མི་འདུག ཁྱད་པར་ཞིག་ཡོད་པ་ནི། ཕུགས་འདུན་ཡོད་མེད་དང་རྡོག་སྒྲིལ་ཡོད་མེད་ཀྱི་ཁྱད་པར་ཙམ་རེད། ཁྱོད་ཚོའི་བསམ་བློའི་ཤོང་ཚད་ག་འདྲ་ཆེ་ན་ང་ཚོའི་འཇིག་རྟེན་ཡང་དེ་ལྟར་དུ་གནས་ཐུབ་ལ། ཁྱོད་ཚོ་མི་ག་འདྲ་ཞིག་བྱས་ན། མ་འོངས་པའི་འཇིག་རྟེན་ཡང་དེ་འདྲ་ཞིག་ཏུ་བསྐྲུན་ངེས། ཁྱོད་ཚོས་མ་འོངས་པར་ཡིད་ཆེས་གྱིས་དང་ང་ཚོས་ཁྱོད་ཚོའི་གདམ་ཀ་ལ་ཡིད་ཆེས་བྱེད། ན་གཞོན་དག་ལ་ཡིད་ཆེས་བྱེད།
དེ་རིང་རྣམ་པ་ཚོ་ལ་མཚོན་ནས་བཤད་ན་དབུ་ཁྱུད་གསར་པ་ཞིག་རེད། མ་འོངས་པའི་ལམ་ཁ་ནས་འཐབ་རྩོད་ཀྱིས་ཁེངས་པ་དང་རེ་བས་ཁྱབ་པ། ད་དུང་ང་ཡིད་ཆེས་ཐུབ་པ་ནི་རྣམ་པ་ཚོས་མཉམ་དུ་བརྩོན་པ་དང་མཉམ་དུ་སློབ་སྦྱོང་བྱས་ན་འཇིག་རྟེན་འདི་ལས་བརྒལ་བའི་མ་འོངས་པའི་འཇིག་རྟེན་ལ་ཆེས་བཟང་བའི་རམ་འདེགས་ཤིག་སྣོན་ཐུབ་ངེས་རེད།
བསྐྱར་དུ་རྣམ་པ་ཚང་མ་ལ་རྟེན་འབྲེལ་དང་སྨོན་འདུན་ཞུ། ཚང་མ་ལ་ཐུགས་རྗེ་ཆེ།
བསྒྱུར་གཞི།
དྲ་རྒྱའི་(Google)སྟེང་ནས་ཕབ་ལེན་བྱས་ཏེ་བསྒྱུར།
[1] 我们需要三 “商”ཚིག་འདི་ནི་དང་པོ་ལྟར་སྤྱིར་ནོར་ལ་བསྒྱུར་ན་ཐ་མ་(爱商)བརྩེ་སེམས་ཀྱི་ནོར་མ་གཏོགས་ཚིག་མཛོད་དུ་ཡང་ཡོད་པས་བདེ་མོད། འོག་ཏུ་ནུས་པ་ལ་མ་བསྒྱུར་ན་ཚིག་གྲོགས་ཀྱི་དབང་གིས་འགྲེལ་བདེ་པོ་ཞིག་མི་ཡོང་བས་ནུས་པར་བསྒྱུར་པ་ཡིན།
[2] 利他主义ཚིག་འདིའི་ངོ་གདོང་ནས་གཞན་ཕན་རང་ལུགས་ཅེས་ཡོངས་གྲགས་སུ་གོ་ཡི་འདུག་མོད་གཏམ་བཤད་ཀྱི་བབ་ལ་བལྟས་ན་གཞན་ཕན་གྱི་ཟབ་ཚད་མེད་པ་འདྲ་བས་གཞན་བསྟུན་རང་ལུགས་སམ་གཞན་ཕན་རང་ལུགས་ཞེས་འདམ་ཀའི་ཚུལ་གྱིས་བསྒྱུར་པ་ཡིན།