སློབ་དཔོན་ཨོ་རྒྱན་བསྟན་འཛིན།
ལྕགས་རི་ཨ་ལོང་རིང་མོས་བསྐོར་བའི་ནང་།།
རྒྱ་མཚོ་མུ་མཐའ་མེད་པ་འཁྱིལ་བའི་སྟེང་།།
སྲིད་པ་གསུམ་པོ་གསལ་བའི་འོད་ཟེར་གྱིས།།
མ་རིག་མུན་པའི་སྲོག་ལ་ཟ་བར་བྱེད།།
གང་ཞིག་གང་གི་རྟ་ལ་རབ་བསྐྱོན་ན།།
རྡོ་རྗེ་སྒྲ་མའི་གདངས་ལ་ཅོ་འདྲི་བའི།།
སྣ་ཚོགས་དབྱངས་ཀྱི་འགྱུར་ཁུག་དུ་མ་ཡིས།།
སྣང་སྲིད་གླུ་རུ་བཞེངས་པའི་ལྟད་མོ་མཚར།།
བརྒྱ་ཕྲག་ནུས་པ་སྟོང་གི་སྙིང་པོ་ཅན།།
སྲས་བཅས་རྒྱལ་བ་དགྱེས་པ་མཆོད་པའི་སྤྲིན།།
དེ་ན་རོ་ལྡན་པ་ཡི་འདོད་ཡོན་དང་།།
ལྗགས་ཀྱི་དབང་པོའི་མཆོད་པ་དངོས་མ་ཡིན།།
གཞན་ཡིད་དབང་མེད་འཕྲོག་པའི་མེ་ཏོག་མ།།
མཛེས་ཤིང་ལྟ་ན་སྡུག་ཀྱང་ལྷ་མོ་མིན།།
ལྔ་ཡི་དང་པོ་དགའ་བའི་གྲོགས་མཆོག་དང་།།
རྣམ་པ་ལྔ་ཡི་གྲལ་གྱི་ཐོག་མར་བཞུགས།།
སུམ་རྩེན་ལྷ་ཡི་དབང་པོ་དགའ་བའི་གྲོགས།།
གདེངས་ཅན་ཀླུ་ཡི་དབང་པོ་རོལ་བའི་གནས།།
ཟད་མེད་བདུད་རྩིའི་བཅུད་དུ་འཁྱིལ་བ་དེ།།
དྲི་ཅན་མཆོག་ཏུ་གྲགས་པ་ཆུ་ཡི་གཏེར།།
ལྷོ་ཡི་སྤྲིན་ལྟར་གཏིབས་པའི་དངོས་པོ་གང་།།
ལྔ་ཡི་ལྔ་པ་དགྱེས་པའི་གྲོགས་པོ་རུ།།
མ་བསྐོས་ལས་ཀྱིས་སྦྲེལ་བའི་འབྲེལ་ཐག་དེ།།
སུས་ཀྱང་གཅོད་དུ་མེད་པ་ཅི་ཞིག་ཡིན།།
འདབ་ལྡན་ཙན་དན་སྡོང་པོའི་རྩེ་མོ་ན།།
ལྷོ་ཡི་གཡུ་འབྲུག་སྔོན་མོའི་འཁྱུག་འགྲོས་ངང་།།
སྒེག་པའི་ཉམས་ཀྱིས་ཟློས་གར་སྒྱུར་བའི་ཚེ།།
དོན་མེད་དྲི་འཛིན་དབང་པོ་དགའ་བར་བྱེད།།
ཡལ་ག་བཞི་ལྡན་ལྗོན་པའི་དབང་པོ་ལ།།
འདབ་མ་རྒྱས་པའི་མེ་ཏོག་ཀུན་ཏུ་བཞད།།
ཀུ་མུད་མདངས་ལ་འཕྱ་བའི་གེ་སར་དགོད།།
སྐལ་བཟང་རྐང་དྲུག་དགའ་བའི་གནས་སུ་མཐོང་།།
འདུལ་འཛིན་མཁན་པོ་ཤཱནྟ་རཀྵི་ཏས།།
ཤེས་རབ་སྙིང་དུ་སྡུག་པའི་མཛའ་ན་མོ།།
ཡིད་མཐུན་རྩེ་དགའི་གྲོགས་སུ་བཀུག་པ་དེ།།
བསྟན་པ་མཛེས་པའི་རྒྱན་དུ་འོས་སམ་ཅི།།
གབ་ཚིག་གི་རང་འགྲེལ་ཨ་ལོང་འཛིན་པའི་ལྕགས་ཀྱུ།
རབ་བཏགས་ཀྱི་གབ་ཚིག
ལྕགས་རི་ཨ་ལོང་རིང་མོས་བསྐོར་བའི་ནང་། །རྒྱ་མཚོ་མུ་མཐའ་མེད་པ་འཁྱིལ་བའི་སྟེང་།།
སྲིད་པ་གསུམ་པོ་གསལ་བའི་འོད་ཟེར་གྱིས། །མ་རིག་མུན་པའི་སྲོག་ལ་ཟ་བར་བྱེད།།
ཅེས་བསྒྲིབ་བྱ་སྣོད་ཀོང་བུའི་དབྱིབས་ལྕགས་རིས་བསྐོར་བ་ལྟ་བུའི་ནང་། བཅུད་ཞུན་མར་རྒྱ་མཚོ་ལྟ་བུ་འཁྱིལ་བའི་སྟེང་དུ་སྒྲོན་མེ་འབར་བའི་འོད་ཀྱིས་མ་རིག་པའི་མུན་པ་སེལ་བ་དང་། སྒྲིབ་བྱེད་གླིང་བཞིའི་ཕྱི་ཡི་ཁོར་ཡུག་ལྕགས་རི་རིང་མོས་བསྐོར་བའི་ནང་། རྒྱ་མཚོ་ཆེན་པོ་མུ་མཐའ་མེད་པར་འཁྱིལ་བའི་སྟེང་ནས་ཉིན་རེ་བཞིན་བགྲོད་པ་སྲིད་པ་གསུམ་འོད་ཀྱིས་གསལ་བའི་ཉི་མའི་སྣང་བས་མུན་པ་འཇོམས་པར་བརྗོད་པའོ།།
གཉིས་ཀ་བསྒྲིབས་པའི་གབ་ཚིག
གང་ཞིག་གང་གི་རྟ་ལ་རབ་བསྐྱོན་ན། །རྡོ་རྗེ་སྒྲ་མའི་གདངས་ལ་ཅོ་འདྲི་བའི།།
སྣ་ཚོགས་དབྱངས་ཀྱི་འགྱུར་ཁུག་དུ་མ་ཡིས། །སྣང་སྲིད་གླུ་རུ་བཞེངས་པའི་ལྟད་མོ་མཚར།།
ཞེས་གླིང་བུ་གང་ཞིག་དབུགས་གང་གི་རྟ་ལ་བསྐྱོན་ན་ལྷ་མོ་རྡོ་རྗེ་སྒྲ་མའི་གདངས་ལ་འགྲན་བཟོད་པའི་དབྱངས་ཀྱི་འགྱུར་ཁུག་སྣ་ཚོགས་པས། སྣང་སྲིད་མཆོད་པའི་གླུ་རུ་བཞེངས་པ་ཞེས་རྒྱ་གླིང་གི་སྐད་སྙན་པ་ལ་བསྔགས་པ་སྟེ། དེ་ཡང་གང་ཞིག་གང་གི་ཞེས་རྟེན་དང་བརྟེན་པ་གཉིས་ཀ་བསྒྲིབས་ནས་བརྗོད་པའོ།།
ཀུན་ཏུ་ཚོགས་པའི་གབ་ཚིག
བརྒྱ་ཕྲག་ནུས་པ་སྟོང་གི་སྙིང་པོ་ཅན། །སྲས་བཅས་རྒྱལ་བ་དགྱེས་པ་མཆོད་པའི་སྤྲིན།།
དེ་ན་རོ་ལྡན་པ་ཡི་འདོད་ཡོན་དང་། །ལྗགས་ཀྱི་དབང་པོའི་མཆོད་པ་དངོས་མ་ཡིན།།
ཞེས་རྐང་པ་གསུམ་པའི་དེ་སྒྲ་ཡར་བཅད་ནས་བཀླགས་པས། མཆོད་པའི་སྤྲིན་དེ། ན་རོ་ལྡན་པ་ཡི་འདོད་ཡོན་ཞེས་འདོད་ཡོན་ལྔའི་ནང་ཚན་རོ་ལ་གོ་བ་དང་། རྐང་པ་བཞི་པའི་མ་གོང་དུ་ཡར་བཅད་ན། མཆོད་པ་དངོས་མ་ཞེས་པ་བཅོས་མ་མིན་པར་དོན་དངོས་ཡིན་པ་ལ་གོ་དགོས་ཀྱང་ཚིག་མཚམས་སྦྱོར་ཚུལ་གྱིས་དེ་ལྟར་མི་གོ་བར་གབ་པའོ།།
ཡོངས་སུ་འདྲེས་པའི་གབ་ཚིག
གཞན་ཡིད་དབང་མེད་འཕྲོག་པའི་མེ་ཏོག་མ། །མཛེས་ཤིང་ལྟ་ན་སྡུག་ཀྱང་ལྷ་མོ་མིན།།
ལྔ་ཡི་དང་པོ་དགའ་བའི་གྲོགས་མཆོག་དང་། །རྣམ་པ་ལྔ་ཡི་གྲལ་གྱི་ཐོག་མར་བཞུགས།།
ཞེས་པ་འདི་ཡོངས་སུ་འདྲེས་པ་སྟེ། རྐང་པ་དང་པོ་མིང་དུ་མ་འདུས་པ་སྟེ་མེ་ཏོག་མ་ཞེས་པ་མཆོད་པའི་མེ་ཏོག་ལ་བརྗོད་ཅིང་། དེ་ལ་མིང་དེ་སྐད་དུ་གྲགས་ཀྱང་ལྷ་མོ་ནི་མིན་ཞེས་རྐང་པ་གཉིས་པས་བསྟན། རྐང་པ་གསུམ་པ་དང་བཞི་པ་གྲངས་ཀྱི་གབ་ཚིག་སྟེ། དབང་པོ་ལྔ་ཡི་དང་པོ་མིག་གི་དབང་པོ་དགའ་བའི་གྲོགས་སུ་གྱུར་པ་དང་། མཆོད་པ་རྣམ་ལྔའི་ཐོག་མ་མེ་ཏོག་དངོས་ཡིན་པར་བརྗོད་པའོ།།
བསྒྲིབས་པའི་གབ་ཚིག
སུམ་རྩེན་ལྷ་ཡི་དབང་པོ་དགའ་བའི་གྲོགས། །གདེངས་ཅན་ཀླུ་ཡི་དབང་པོ་རོལ་བའི་གནས།།
ཟད་མེད་བདུད་རྩིའི་བཅུད་དུ་འཁྱིལ་བ་དེ། །དྲི་ཅན་མཆོག་ཏུ་གྲགས་པ་ཆུ་ཡི་གཏེར།།
ཞེས་རྒྱ་མཚོ་ཆེན་པོའི་ཆོས་འགའ་ཞིག་བརྗོད་ནས་ཆོས་དེ་དག་དང་ལྡན་པ་ལ་དྲི་མ་ཅན་གྱི་ཆུ་གཏེར་མཆོག་ཏུ་གྲགས་པ་ཞེས་པས་དངོས་སུ་མ་བསྟན་པར། གབ་བྱ་མཆོད་པའི་ཆོ་ག་ནང་དུ་གྲགས་ཆེ་བའི་དྲི་ཆབ་བརྗོད་པའོ།།
གྲངས་ཀྱི་གབ་ཚིག
ལྷོ་ཡི་སྤྲིན་ལྟར་གཏིབས་པའི་དངོས་པོ་གང་། །ལྔ་ཡི་ལྔ་པ་དགྱེས་པའི་གྲོགས་པོ་རུ།།
མ་བསྐོས་ལས་ཀྱིས་སྦྲེལ་བའི་འབྲེལ་ཐག་དེ། །སུས་ཀྱང་གཅོད་དུ་མེད་པ་ཅི་ཞིག་ཡིན།།
ཞེས་ལྷོ་སྤྲིན་ལྟ་བུའི་དངོས་པོ་གང་ཞིག་ཅེས་པ་ནི་རེག་བྱ་སྟེ། འཇམ་ཞིང་ཡིད་དུ་འོང་བས་དབང་པོ་ལྔ་ཡི་ལྔ་པ་ལུས་ཀྱི་དབང་པོ་དགའ་བའི་ཡུལ་དུ་གྱུར་ཅིང་། སུས་ཀྱང་མ་སྦྲེལ་ན་ཡང་ལས་སམ་ཆོས་ཉིད་ཀྱིས་འབྲེལ་བ་དམ་པོར་གྲུབ་པ་འདི་ཅི་ཞིག་ཡིན་ནམ་ཞེས་དྲི་ཚིག་གི་ཚུལ་གྱིས་སྨྲས་པའོ།།
མཐུན་གཟུགས་ཀྱི་གབ་ཚིག
འདབ་ལྡན་ཙན་དན་སྡོང་པོའི་རྩེ་མོ་ན། །ལྷོ་ཡི་གཡུ་འབྲུག་སྔོན་མོའི་འཁྱུག་འགྲོས་ངང་།།
སྒེག་པའི་ཉམས་ཀྱིས་ཟློས་གར་སྒྱུར་བའི་ཚེ། །དོན་མེད་དྲི་འཛིན་དབང་པོ་དགའ་བར་བྱེད།།
ཅེས་པ་འདི་སྤྱིའི་བསྡུས་བརྗོད་དང་ཚུལ་འདྲ་ཡང་བརྗོད་བྱ་དངོས་གབ་པའི་ལྡོག་ཆ་ནས་གབ་ཚིག་ཏུ་བཞག་པ་སྟེ། དེ་ཡང་སྤོས་ཀྱི་རེང་བུའི་རྩེ་མོར། དུ་བ་སྔོན་མོ་འཁྱུག་ཅིང་འགྲོ་བའི་ཚེ་སྣ་ཡི་དབང་པོ་ཚིམས་ཤིང་དགའ་བར་བྱེད་པ་བརྗོད་པའོ།།
མཐུན་གཟུགས་ཀྱི་གབ་ཚིག
ཡལ་ག་བཞི་ལྡན་ལྗོན་པའི་དབང་པོ་ལ། །འདབ་མ་རྒྱས་པའི་མེ་ཏོག་ཀུན་ཏུ་བཞད།།
ཀུ་མུད་མདངས་ལ་འཕྱ་བའི་གེ་སར་དགོད། །སྐལ་བཟང་རྐང་དྲུག་དགའ་བའི་གནས་སུ་མཐོང་།།
ཞེས་པ་འདི་ཡང་གོང་གི་དེ་དང་འདྲ་སྟེ། ཡན་ལག་བཞི་དང་ལྡན་པའི་ལུས་ལ་གདོང་པ་མཛེས་ཤིང་སོ་ཡི་ཕྲེང་བ་རབ་ཏུ་དཀར་བའི་བུད་མེད་གཞོན་ནུ་མ་སྐྱེས་པ་རྣམས་དགའ་བའི་གནས་སུ་གྱུར་པ་ཞིག་མཐོང་ངོ་ཞེས་སོ།།
སླུ་བྱེད་ཀྱི་གབ་ཚིག
འདུལ་འཛིན་མཁན་པོ་ཤཱནྟ་རཀྵི་ཏས། །ཤེས་རབ་སྙིང་དུ་སྡུག་པའི་མཛའ་ན་མོ།།
ཡིད་མཐུན་རྩེ་དགའི་གྲོགས་སུ་བཀུག་པ་དེ། །བསྟན་པ་མཛེས་པའི་རྒྱན་དུ་འོས་སམ་ཅི།།
ཞེས་ཤེས་རབ་སྙིང་དུ་སྡུག་པའི་མཛའ་མོ་ནི་བུད་མེད་དངོས་དང་གནས་ལུགས་སྟོང་པ་ཉིད་གཉིས་ཀར་གོ་རུང་ཡང་བུད་མེད་རང་ལ་ཡོངས་སུ་གྲགས་ཆེ་བས་ཅིག་ཤོས་བསྒྲིབས་པར་བྱས་པའོ།།