ལོ་རིམ་དགུ་པའི་སློབ་གཉེར་བ། པདྨ་ཆོས་དར།
ང་ཚོས་ལོ་རྒྱུས་དེབ་ཐེར་ལྟ་བའི་བརྒྱུད་རིམ་གྱི་ཁྲོད་དུ་རང་མི་རིགས་ཀྱི་ལོ་རྒྱུས་དང་རྒྱལ་རབས་དག་གི་གནད་དོན་ཆུང་ངུ་མང་དག་ཅིག་གོ་ལོ་ཐོས་ལོ་ཙམ་དུ་འཇོག་པ་མ་ཡིན་པར། དུས་རབས་མི་འདྲ་བའི་རྟེན་གཞིའི་ཡུལ་དངོས་དང་མི་རིགས་ཀྱི་ལོ་རྒྱུས་གནད་དོན་ཕྲན་ཚེགས་མང་དག་ཅིག་ལ་དབྱེ་ཞིབ་བྱས་ཏེ། དེ་ཉིད་ལས་འཕྲོས་པའི་མི་རིགས་ཤིག་གི་རིག་གནས་སོགས་འཕེལ་འགྲིབ་འགྲོ་བཞིན་ཡོད་པ་ཤེས་ཚོར་ཐུབ་ན། དེ་ནས་རང་མི་རིགས་ཀྱི་ལོ་རྒྱུས་དང་འབྲེལ་བའི་རིག་གནས་ལ་རྒྱུས་ལོན་ཅུང་ཙམ་རེ་བྱེད་ཐུབ་པར་སྣང་།
སྐུ་མཁར་ཐོག་མ་གང་ཡིན།
ལོ་རྒྱུས་ཡུན་རིང་ལྡན་པའི་འཇིག་རྟེན་སྟེང་གི་ཚད་མཐོ་ཤོས་ཀྱི་རི་བོ་ཇོ་མོ་གླང་མ་དང་། གངས་དཀར་ཏི་སེ། གཉན་ཆེན་ཐང་ལྷ། རྨ་ཆེན་སྤོམ་ར། གངས་དཀར་རི་བོ། རོང་བཙན་ཁ་བ་དཀར་པོ། ཤར་དུང་རི་སོགས་ནི་ཡུལ་འདིའི་གཙུག་རྒྱན་གྱི་ཚུལ་དུ་འགྱིངས་ཡོད། མ་ཕམ་གཡུ་མཚོ་དང་། གནམ་མཚོ་ཕྱུག་མོ། ཡར་འབྲོག་གཡུ་མཚོ། ཁྲི་ཤོར་རྒྱལ་མོ་བཅས་ལྡེམ་ལྡེམ་ལྷུང་ལྷུང་དུ་བཞུར་བའི་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་དག་དྭངས་གཙང་བསིལ་བའི་རང་བཞིན་དུ་གནས་ཏེ། སྤྱིར་བོད་ཀྱི་ས་ཆ་འདི་ནི་ཐོག་མར་རྒྱ་མཚོ་ཆེན་པོ་ཞིག་ཡིན་ལ་ལོ་ངོ་དུང་ཕྱུར་མང་པོ་ཕན་ཚུན་འཕྱུར་ཞིང་བརྡབས་པ་ལ་བརྟེན་ནས་རིམ་བཞིན་དེང་དུས་འཛམ་གླིང་གི་སྐམ་ས་ཆེན་མོའི་ཁ་བ་ཅན་གྱི་ཡུལ་གྲུ་འདི་བྱུང་བའི་ལོ་རྒྱུས་འདུག དེ་ཡང་འཇམ་དཔལ་རྩ་རྒྱུད་ལས། ཁ་བ་ཅན་གྱི་མཚོ་བྲི་ནས། །སཱ་ལའི་ནགས་ནི་འབྱུང་བར་འགྱུར། །ཞེས་ལུང་བསྟན་པ་བཞིན་དུ་བོད་ཁ་བ་ཅན་གྱི་ཡུལ་གྲུ་འདི་ལ་མི་ཡི་རིགས་རྒྱུད་མི་འདྲ་བ་སེ་དང་། རྨུ། ལྡོང་། སྟོང་སྟེ་རུས་ཆེན་བཞི་དང་། ཕྱིས་སུ་དབྲ་དང་འབྲུ་གཉིས་བསྣན་ནས་མིའུ་གདུང་དྲུག་ཅེས་ཡོངས་གྲགས་སུ་གྱུར།
དེང་དུས་ཚན་རིག་པ་དང་མཁས་དབང་རྣམས་ཀྱིས་འཇིག་རྟེན་འཛམ་གླིང་གོ་ལ་ཟླུམ་པོ་འདི་ལ་མིའི་འགྲོ་བ་རྣམས་བྱུང་ནས་ལོ་ངོ་ས་ཡ་གསུམ་ལ་ཉེ་བའི་ལོ་རྒྱུས་ཡོད་པའི་ངོས་འཛིན་གནང་གི་ཡོད་པ་ལྟར། བོད་ཁ་བ་གངས་ཅན་གྱི་ཡུལ་གྲུ་འདི་ལ་མིའི་འགྲོ་བ་རྣམས་དུས་དེ་ཙམ་ཞིག་ནས་བྱུང་ཡོད་པ་ཚོད་དཔག་བྱེད་ཆོག་པ་ཙམ་དུ་མ་ཟད། སོ་སོའི་ཡུལ་དུས་དང་མཐུན་པའི་ཤེས་རིག་དང་གོམས་སྲོལ་སྣ་ཚོགས་དར་ཁྱབ་བྱུང་བའི་བོད་ཆོལ་ཁ་གསུམ་གྱི་ཡ་གྱལ་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་རྫོང་ཇོ་མོ་བཀྲ་ཤིས་ཚེ་རིང་ཞེས་པའི་རི་བོ་ནུབ་ཏུ་ཟུར་གཉིས་བརྐྱངས་པའི་གཡོན་གྱི་རི་ཟུར་བྲག་རིའི་སྟེང་དུ་སེང་གེའི་འགྱིང་བག་གི་ཚུལ་དུ་གཟི་བྱིན་འོད་སྟོང་འབར་བའི་མཁར་གྱི་ཐོག་མ་ཕོ་བྲང་ཡུམ་བུ་བླ་མཁར་ཞེས་པ་འདིའོ།།
བཙན་པོ་སུའི་སྐུ་རིང་ལ་བཞེངས།
དེ་བཞིན་བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོ་མ་བྱོན་གོང་དུ་བོད་ཀྱི་གདོད་མའི་སྤྱི་ཚོགས་འདི་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་། ཕྱིས་སུ་རྒྱལ་ཕྲན་བཞི་བཅུས་དབང་བསྒྱུར་བྱས་ཀྱང་བོད་ཀྱི་སྲིད་ཕྱོགས་སུ་གཅིག་གྱུར་ཐུབ་པ་ཞིག་བྱུང་མེད་ན་ཡང་བོན་གྱི་ཆོས་དང་དེའི་རིག་གནས་ལ་བོད་མི་ཡོངས་ཀྱིས་དད་མོས་བྱེད་རྒྱུ་དེ་ཐུན་མོང་དུ་གྱུར་ཡོད་པར་བཤད། དེའི་རྗེས་སུ་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོས་བོད་ཁམས་དབང་དུ་བསྡུས་ནས་བོད་འབངས་རྣམས་བདེ་ཞིང་སྐྱིད་པར་མཛད་ནས་སྤུར་རྒྱལ་དེ་དག་གིས་ཕ་ཤུལ་བུས་འཛིན་པའི་སྲོལ་ཡང་དར་བར་བཤད་དོ། །དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས། མཚན་དུ་གཉའ་ཁྲི་བཙན་པོ་ཞེས་སུ་གྲགས། །སྐུ་མཁར་ཐོག་མར་ཡུམ་བུ་བླ་སྒང་མཛད། །སུམ་པའི་བོན་པོ་ཨོ་ཡོང་རྒྱལ་བ་བཏུལ། །སྣུབས་རྗེ་སྲིད་པ་རྒྱལ་ཕྲན་འབངས་སུ་འདུས། །ཞེས་སྤུར་རྒྱལ་ཐོག་མ་རྗེ་གཉའ་ཁྲི་བཙན་པོའི་མཛད་རྗེས་གཙོ་བོ་གསུམ་ལས་མཁར་གྱི་ཐོག་མ་ཡུམ་བུ་བླ་མཁར་ནི་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོས་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་ནང་དུ་བོད་རང་གི་ཁྱད་ཆོས་ལྡན་པའི་ཕོ་བྲང་གི་རྣམ་པར་བཞེངས་ཡོད་པ་དེ་བོད་ཀྱི་བླ་མཁར་ཐམས་ཅད་ཀྱི་ནང་ནས་སྔ་ཤོས་ཡིན་པར་གྲགས། བོད་བཙན་པོའི་རྒྱལ་རབས་ལས།[1] ཡུ་མོ་བརླ་མཁར་ནི་སྤུར་རྒྱལ་དང་པོ་གཉའ་ཁྲི་བཙན་པོས། སྤྱི་ལོའི་གོང་ལོ་ ༣༥༠ ཡས་མས་སུ་བཞེངས་པར་མཛད་པ་གསལ་བ་མ་ཟད། དེའི་ཕྱི་ནང་གི་བཀོད་པ་སོགས་ཀྱང་ཞིབ་རྒྱས་འགྲེལ་བརྗོད་གནང་འདུག་པས། འདིར་ཡུ་མོ་བརླ་མཁར་ཞེས་དག་ཆ་འདི་ལྟར་གཅིག་གྱུར་གྱིས་བྲིས་སོ། །ཞེས་དང་། དེ་ཡང་བོད་ཀྱི་དེབ་ཐེར་དག་གི་ནང་དུ། ཡུལ་ལ་སྔ་བ་ཡར་ཀླུང་སོག་ཁ། རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ། མཁར་ལ་སྔ་བ་ཡུམ་བུ་བླ་མཁར། ཆོས་ལ་སྔ་བ་སྤང་སྐོང་ཕྱག་བརྒྱ་པའི་མདོ་བཅས་བོད་ཀྱི་སྔ་བ་རྣམ་བཞི་ཞེས་བྱུང་། མཁར་གྱི་ཐོག་མ་འདིའི་མཚན་འབྲི་སྲོལ་ཡང་འདྲ་མིན་སྣ་ཚོགས་བྱུང་འདུག དཔེར་ན་ཡུམ་བུ་བླ་མཁར་དང་། ཡུམ་བུ་གླ་མཁར། ཡུམ་བུ་བླ་སྒང་། ཡུ་མོ་བརླ་མཁར། ཡུ་མོ་བརླ་སྒང་། ཡུམ་བུ་ལྷ་མཁར། འུམ་བུ་གླང་མཁར་ཞེས་པ་སོགས་འདུག བླ་མཁར་ཞེས་པའི་བླ་ནི་གོང་མའི་དོན་ཡིན་པས་གོང་མའི་མཁར་རམ་བླ་མའི་མཁར་ཞེས་ཐོགས་པར་སྣང་། བརླ་མཁར་ཞེས་པའི་བརླ་ནི་ཤྭ་བ་ཡུ་མོའི་བརླ་འདྲ་བའི་རིའི་སྟེང་དུ་བཞེངས་པའི་རྒྱུ་མཚན་གྱིས་བཏགས་པ་རེད། གླ་མཁར་ཞེས་པའི་གླ་ནི་རི་དྭགས་གླ་བའི་ལུས་ཀྱི་དབྱིབས་ལྟ་བུའི་རིའི་སྒང་དུ་ཆགས་པའི་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་བཏགས། ལྷ་མཁར་ཞེས་པའི་ལྷ་ནི་བོད་ཀྱི་མེས་པོ་རྣམས་ཀྱིས་རྒྱལ་པོ་དེ་དག་ལྷ་ཡི་སྤྲུལ་པ་ཡིན་པར་བཤད་ནས་ལྷ་དེ་རྣམས་ཀྱི་ཕོ་བྲང་ཡིན་སྟབས་ལྷ་མཁར་ཞེས་འབྲི་སྲོལ་དར་འདུག གླང་མཁར་ཞེས་པ་དེ་འབྲི་སྲོལ་འདི་ལྟར་བྱུང་ཟེར་བ་ཞིག་མི་སྣང་ཡང་བོད་ཀྱི་རྒྱལ་རབས་གསལ་བའི་མེ་ལོང་ལས། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་སོང་བ་ན། བོད་ཀྱི་རྒྱལ་པོ་ལ་སྔ་བ་དེ་ཡིན་ནོ། །དེས་ཕོ་བྲང་འུམ་བུ་གླང་མཁར་བརྩིགས་ཞེས་པའོ།།
ཐོག་མར་བོད་རྒྱལ་དང་པོ་གཉའ་ཁྲི་བཙན་པོ་བྱུང་བ་དང་དེས་ཕོ་བྲང་ཡུམ་བུ་བླ་མཁར་བཞེངས་སྐབས་ལྡེབས་བྲིས་སུ་རྒྱལ་པོ་གཉའ་ཁྲི་བཙན་པོ་རང་ཉིད་མི་བཞིས་གཉའ་བར་ཁུར་བའི་ལོ་རྒྱུས་དང་རྒྱལ་པོ་ཁྲི་ལ་མངའ་གསོལ་བྱས་པའི་སྐོར་བྲིས་ཡོད་ཀྱང་ཕྱིས་སུ་འཐོར་གྲུམ་དང་གཏོར་བཤིག་དབང་གིས་དེང་སང་མཐོང་རྒྱུ་མེད་པར་བཤད་འདུག བདུད་འཇོམས་རིན་པོ་ཆེའི་རྒྱལ་རབས་དྭངས་ཤེལ་འཕྲུལ་གྱི་མེ་ལོང་ལས།[2] འདི་ནི་མི་རྗེ་ལྷས་མཛད་པ་བོད་སྤྱི་ལ་དབང་བའི་རྒྱལ་པོ་ལ་སྔ་བ་རྗེ་གཉའ་ཁྲི་བཙན་པོ་ཞེས་གྲགས། འདིས་སྐུ་མཁར་གྱི་ཐོག་མ་ཡུམ་བུ་བླ་སྒང་བྱ་བ་བརྩིགས། སུམ་པའི་བོན་པོ་ཨོ་ཡོང་རྒྱལ་བ་བཏུལ་ཞིང་། སྣུབས་རྗེ་སྲིད་པ་རྒྱལ་ཕྲན་ཆབ་འབངས་སུ་འདུས་སོ། །ཞེས་དང་། ས་སྐྱ་པ་བསོད་ནམས་རྒྱལ་མཚན་གྱི་རྒྱལ་རབས་གསལ་བའི་མེ་ལོང་ལས། དེའང་བོད་ཀྱི་ཡིག་ཚང་ལས། དང་པོ་ལྷ་རི་རོལ་པའི་རྩེ་ལ་བབས་ཏེ་གཟིགས་པས། གངས་ཡར་ལྷ་ཤམ་པོ་མཐོ་བ་དང་། ཡུལ་ཡར་ཀླུང་བཟང་བར་མཁྱེན་ནས། བཙན་ཐང་གོང་མའི་རི་ལ་བབས་པས། ཕྱུགས་སྐྱོང་བའི་རྫི་བོ་རྣམས་ཀྱིས་མཐོང་སྟེ། རྩར་བྱུང་ནས་གང་ནས་འོང་དྲིས་པས། གནམ་ལ་མཛུབ་མོ་ཀེར་བ་དང་། འདི་ནི་ནམ་མཁའ་ནས་འོང་བའི་ལྷ་སྲས་ཡིན་པར་འདུག་པས། འུ་ཅག་རྣམས་ཀྱི་རྗེ་བཅོལ་ལོ་ཟེར་ཏེ། གཉའ་བར་ཁུར་ཏེ་ཡོང་ནས་རྗེ་གཉའ་ཁྲི་བཙན་པོ་ཟེར། དེས་ཕོ་བྲང་ཡུམ་བུ་བླ་མཁར་བརྩིགས། ཞེས་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་སུམ་ཅུ་སོ་གཉིས་པ་གནམ་རི་སྲོང་བཙན་བར་གྱི་བོད་རྒྱལ་བཙན་པོ་རིམ་བྱོན་རྣམས་བཞུགས་སའི་ཕོ་བྲང་ཡིན་སྟབས་ལོ་རྒྱུས་སྟེང་གི་གནས་རྙིང་གྲས་ཤིག་ཡིན།
ཕོ་བྲང་འདིའི་ཕྱི་ནང་གི་བཀོད་པ།
དེ་ཡང་མེས་པོའི་མཁར་གྱི་ཐོག་མ་ཕོ་བྲང་འདིའི་ཕྱི་ནང་གི་བཀོད་པ་རགས་རིམ་ཙམ་ཞིག་བརྗོད་ན། ཐོག་བརྩེགས་དང་པོའི་ཕོ་བྲང་གི་སྒོ་ནུབ་ཏུ་བསྟན་ཡོད། ཕོ་བྲང་འདིའི་རྒྱབ་མདུན་ཁག་གཉིས་སུ་དབྱེ་བ་ལས་མདུན་དུ་མཆོད་ཁང་སྟེང་འོག་དང་། རྒྱབ་ཏུ་མཁར་རྫོང་ལྟ་བུའི་གསེར་ཟངས་ལས་གྲུབ་པའི་མཁར་མཐོན་པོ་ཞིག་ཡོད། མདུན་ངོས་ཐོག་བརྩེགས་གསུམ་ཅན་གྱི་ཁང་པ་དེའི་འོག་རྣམས་ལྷ་ཁང་ཡིན་པ་དང་། ཁྱད་པར་དུ་བླ་མཁར་དེའི་ནང་རྟེན་གཙོ་བོ་གསེར་ཟངས་ལས་གྲུབ་པའི་ཇོ་བོ་ནོར་བུ་བསམ་འཕེལ་བཞུགས་ཤིང་། གཡས་གཡོན་དུ་སྤུར་རྒྱལ་བཙན་པོ་རིམ་བྱོན་ལས་རྗེེ་ཐོག་མ་གཉའ་ཁྲི་བཙན་པོ་དང་། ལྷ་ཐོ་ཐོ་རི་གཉན་བཙན། སྲོང་བཙན་སྒམ་པོ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། མངའ་བདག་ཁྲི་རལ་པ་ཅན་བཅས་བོད་རྗེ་བཙན་པོ་གྲགས་ཅན་འགའ་དང་། ད་རུང་སྲོང་བཙན་སྒམ་པོའི་བཙུན་མོ་རྒྱ་བཟའ་དང་བལ་བཟའ་གཉིས། སློབ་དཔོན་ཐོན་མི་སམ་བྷོ་ཊ། བློན་ཆེན་མགར་སྟོང་བཙན་བཅས་རྒྱལ་བློན་དྲིན་ཆེ་བ་འགའི་འཇིམ་བརྙན་བཞུགས་ཡོད།
ཐོག་བརྩེགས་གཉིས་པའི་སྟེང་ཁང་དུ་ཙན་དན་ལས་གྲུབ་པའི་འཕགས་པ་ལོ་ཀེ་ཤྭ་རའི་སྐུ་བརྙན་དང་། མཐའ་སྐོར་དུ་སྟོན་པ་ཤཱཀྱ་ཐུབ་པ། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་སོགས་བཞུགས། ལྡེབས་བྲིས་སུ་གཉའ་ཁྲི་བཙན་པོ་གཉའ་བར་བཏེག་པའི་ལོ་རྒྱུས་དང་། དེ་བཞིན་ཞིང་ལ་སྔ་བ་ཞལ་ཟས་ཞིང་དང་། གྲོང་ལ་སྔ་བ་མོན་གྲོང་ཤར་པ། རྫིང་ལ་སྔ་བ་མེ་ཏོག་རྫིང་སོགས་ཆེས་སྔ་བའི་ལོ་རྒྱུས་བཀོད་ཡོད། ཕོ་བྲང་འདི་ནི་ཕྱིས་སུ་༸གོང་ས་༸སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་གི་སྐུ་ཕྲེང་རིམ་བྱོན་རྣམས་ཀྱི་ཕྱག་འཚལ་ཁང་ཡིན་ཞེས་པ་དང་། དེའི་རྒྱབ་ཕྱོགས་བྱང་ངོས་སུ་གསེར་ཟངས་ལས་གྲུབ་པའི་རྗེ་བཙུན་འཇམ་པའི་དབྱངས་དང་། རྒྱལ་བ་བྱམས་པ་མགོན་པོ། སློབ་དཔོན་པདྨ་འབྱུང་གནས། རྗེ་ཙོང་ཁ་པ་སོགས་ཀྱི་སྐུ་རྟེན་ཆེ་ཆུང་སྣ་ཚོགས་ཡོད་ལ། དེ་མིན་རྒྱལ་ཆེན་རིགས་བཞི་བཅས་བཞུགས་ཡོད།
ཐོག་བརྩེགས་གསུམ་པའི་མདུན་ཕྱོགས་ནི་གཡབ་སྟེང་དང་། རྒྱབ་ངོས་ནི་ཁྱམས་ཡིན། རྒྱ་ཕིབས་འོག་ཏུ་ལྗོན་ཤིང་སྡོང་པོ་ཡལ་ག་རྒྱས་པ་ཞིག་ཡོད་པ་དེ་ཙན་དན་སྡོང་པོ་རེད་ཅེས་བཤད་སྲོལ་ཡོད། མདུན་ཁང་དང་འབྲེལ་བའི་རྒྱབ་ཕྱོགས་དཀྱིལ་དབུས་མཐོ་ཞིང་གཟར་བའི་ཁང་པ་ཐོག་བརྩེགས་གསུམ་ཅན་ཞིག་ཡོད་པ་དེས་ཡུམ་བུ་བླ་མཁར་ཐོག་མར་སྐྲུན་སྐབས་འཛུགས་སྐྲུན་དང་ལོ་རྒྱུས་ཀྱི་དཔང་རྟགས་མཚོན་པར་བྱས་ཡོད། བོད་བཙན་པོའི་རྒྱལ་རབས་ལས།[3] སྤུར་རྒྱལ་སོ་གསུམ་པ་སྲོང་བཙན་སྒམ་པོས། སྤྱི་ལོ་ ༦༡༧-༦༥༠ ལོར་ཡུ་མོ་བརླ་མཁར་གྱི་ཟུར་ངོས་གཉིས་སུ་ཕོ་བྲང་ཉིས་ཐོག་ཅན་ཞིག་བཞེངས་ཏེ། འོག་ཐོག་ལྷ་ཁང་དང་། སྟེང་ཐོག་ཆོས་རྒྱལ་ཁང་ཞེས་གྲགས་པ་བྱུང་ཞིང་། དེ་རྗེས་སྤུར་རྒྱལ་ན་རིམ་ནས་ཞིག་གསོ་དང་རྒྱ་སྐྱེད་གནང་སྟེ། ནུབ་ངོས་ཀྱི་སྒོ་ཁྱམས་དང་། ལྷོ་ངོས་སུ་གྲྭ་ཤག་གསར་བཞེངས་མཛད། ཐོག་སོ་གསུམ་པའི་སྟེང་དུ་རྒྱལ་མཆོག་ལྔ་པས་རྒྱ་ཕིབས་དང་། ཟུར་བཞིར་གསེར་ཏོག་འབུར་དོད་ཅན་གྱི་བཀོད་པས་སྤྲས་པར་མཛད།
ཉིས་ཐོག་གི་ཆོས་རྒྱལ་ལྷ་ཁང་དེ། རྒྱབ་མདུན་ཁག་གཉིས་སུ་བགོས་པའི་སྔོན་མའི་མདུན་ཁང་ལ། ལྷོ་བྱང་ཁང་མིག་གཉིས་དང་། མདུན་གྱི་ཕྱི་ངོས་ཕྱེད་ཀ་ནི་སྡིངས་ཆ་ཡིན། ཕྱོགས་གསུམ་གའི་གྱང་དམའ་ཞིང་། རྒྱབ་ཀྱི་ཕྱེད་ཀ་ནི་ཁྲོན་པ་ཡོད་པའིི་ར་སྐོར་ཆུང་ངུ་ཞིག་ཡིན། རྒྱབ་ཀྱི་ར་སྐོར་ནས་ལྟག་སྒོ་ཆུང་ངུ་བརྒྱུད་དེ་འགྲོ་ན། རྡོ་བརྩིགས་ཀྱིས་བཟོ་སྐྲུན་བྱས་པའི་མ་ཁང་དུ་སླེབ་ཐུབ། ཉེ་འབྱར་གྲྭ་ཤག་དང་ཁང་འཁོར་གྱི་བཟོ་བསྐྲུན་ནི། ཕོ་བྲང་གི་ལྷོ་ཟུར་དུ་གྲྭ་ཤག་ཡོད། ཐོག་སོ་དང་པོའི་སྒོ་ཁྱམས་ཀྱི་ཤར་ལྷོའི་མཚམས་ན་སྒོ་ཞིག་ཡོད་པ་དང་། སྒོ་དེ་ནས་དོན་ཏེ་འགྲོ་དུས་རྡོ་སྐས་ལས་ཀྱོག་ནས་ནུབ་ཏུ་འབབ་དགོས་ཤིང་། གྲྭ་ཤག་བརྒྱུད་ནས་ཕོ་བྲང་ལ་ཉེ་བར་བརྟེན་པའི་ཉིས་ཐོག་དེ་ནི། ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་གཟིམ་ཆུང་རེད། ཅེས་ཕོ་བྲང་གི་ཡར་མཐོ་ཚད་དང་འཕྲེད་ཀྱི་གཞི་རྒྱ་ཆེ་ཆུང་སོགས་ཞིབ་ཚགས་བོད་བཙན་པོའི་རྒྱལ་རབས་ལ་གཟིགས་པར་ཞུ། མ་གཞི་ཕོ་བྲང་འདིའི་གནས་ཡུལ་གཞི་རྒྱ་ཆེན་པོ་དེ་ཙམ་མེད་ཀྱང་བརྗིད་ཉམས་ཆེ་ཞིང་གཟི་བརྗིད་དང་ལྡན་པའི་ངང་རིའི་རྩེ་མོར་འགྱིངས་ནས་ཡོད་པའོ།།
དམ་པའི་ཆོས་དར་ཚུལ།
དེ་ཡང་བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས་དེབ་ཐེར་དག་གི་ནང་དུ་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་བསྐོར་ནས་ཡུན་རིང་དུ་འགོར་ཡང་། བོད་ཡུལ་གངས་རིའི་ཁྲོད། གཡའ་སྤང་གི་ངོགས། ཤིང་ནགས་ཀྱི་གསེབ། རི་དང་ཁ་བ་ཅན་གྱི་རྒྱལ་ཁམས་འདིར། སྟོན་པས་ཞབས་ཀྱིས་མ་བཅགས་ཤིང་། གསུང་གི་འོད་ཟེར་གྱིས་མ་བརྡལ་བས། སྐལ་པ་དམན་པར་གྱུར་ནས། དཀོན་མཆོག་གསུམ་གྱི་སྒྲ་མི་གྲག་པའི་གནས་སུ། དང་པོ་དམ་པའི་ཆོས་དབུ་བརྙེས་ཚུལ་དང་། བར་དུ་སྲོལ་གཏོད་ཚུལ། མཐའ་མར་དར་ཞིང་རྒྱས་པར་མཛད་ཚུལ་བཅས་གསུམ་ལས། དང་པོ་བོད་ཀྱི་རྒྱལ་རབས་ཉི་ཤུ་རྩ་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས་པ་ཡིན་ཞེས་པ་ལྟར། བདུད་འཇོམས་རིན་པོ་ཆེའི་རྒྱལ་རབས་དྭངས་ཤེལ་འཕྲུལ་གྱི་མེ་ལོང་ལས།[4] ཡབ་ཐོག་རྗེ་ཐོག་བཙན་དང་ཡུམ་རུ་ཡོང་བཟའ་སྟོང་རྒྱལ་མོ་མཚོའི་སྲས་སུ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལྷ་ཐོ་ཐོ་རི་གཉན་བཙན་ཞེས་བྱ་བ་བོད་ཤིང་ཕོ་ཁྱི། སྤྱི་ལོ་ ༣༧༤ པར་སྐུ་འཁྲུངས། དེ་ཉིད་དགུང་ལོ་དྲུག་ཅུ་ཐམ་པའི་ཐོག་ཏུ་སོན་པ་བོད་ཆུ་མོ་བྱ། སྤྱི་ལོ་ ༤༣༣ པར་སྐུ་མཁར་ཡུམ་བུ་བླ་སྒང་གི་རྩེར་བཞུགས་པའི་ནངས་གཅིག་གི་ཚེ། ནམ་མཁའི་མཐོངས་ཐམས་ཅད་འཇའ་ཚོན་ཁ་དོག་སྣ་ཚོགས་བཀྲ་བའི་གསེབ་ནས་མེ་ཏོག་གི་ཆར་བབས་ཤིང་། ལྷའི་རོལ་མོའི་སྒྲ་རང་བྱུང་དུ་གྲགས། ཉི་མའི་ཟེར་དང་འགྲོགས་ནས་གསེར་གྱི་ཤོག་བུ་ལ་བཻཌཱུརྱའི་ཞུན་མས་བྲིས་པའི་སྤང་སྐོང་ཕྱག་བརྒྱ་པའི་མདོ། མདོ་སྡེ་ཟ་མ་ཏོག་གི་གླེགས་བམ། གསེར་གྱི་མཆོད་རྟེན། ཙིནྡྷ་མ་ཎི་ཞེས་པ་བཅུ་གཅིག་ཞལ་ཡིད་བཞིན་ནོར་བུའི་གཟུངས་ཀྱི་བརྐོས་ཕོར་དང་། མུ་དྲའི་ཕྱག་རྒྱ་ཞེས་ཚད་ཁྲུ་གང་ཙམ་གྱི་ནོར་བུའི་རིགས་ཀྱི་རྡོ་ལ་ཡིག་དྲུག་རང་བྱོན་དུ་ཡོད་པ་བཅས་ཕོ་བྲང་གི་ཡང་ཐོག་ཏུ་བབས། གདུང་རབས་ལྔ་ན་འདིའི་དོན་ཤེས་པ་འབྱུང་ངོ་ཞེས་ནམ་མཁའ་ནས་ལུང་བསྟན་གྱི་སྒྲ་བྱུང་། དེས་ན་མདོ་ལ་སྔ་བ་ཟ་མ་ཏོག་དང་། གཟུངས་ལ་སྔ་བ་ཙིནྡྷ་མ་ཎི་ཞེས་གྲགས། དེར་རྒྱལ་པོས་དོན་གང་ཡིན་མ་མཁྱེན་པའི་ཚུལ་བསྟན་ཡང་ཤིན་ཏུ་ངོ་མཚར་བས་གཙིགས་སུ་བཟུང་ནས། བཀུར་བསྟི་དང་བཅས་ཕོ་བྲང་གི་དཀོར་མཛོད་དུ་སྤྱན་དྲངས་ཏེ་བཞུགས་སུ་གསོལ། དེ་དག་ལ་མཚན་ཡང་གཉན་པོ་གསང་བར་གསོལ་ནས་ཕྱག་དང་མཆོད་པ་རྒྱ་ཆེན་པོ་མཛད་པས། རྒྱལ་པོ་དགུང་ལོ་དྲུག་ཅུར་སྐུ་ཚེ་བསྲིངས་ཏེ་ཁྱོན་དགུང་ལོ་བརྒྱ་དང་ཉི་ཤུ་ཐམ་པའི་བར་དུ་བཞུགས། དེ་ནས་རྒྱལ་པོས་ངའི་ཐུགས་དམ་གཉན་པོ་གསང་བ་ལ་མཆོད་པ་གྱིས་ཤིག་དང་ཅི་བསམས་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་རོ། །ཞེས་དང་། དེ་བཞིན་དུ་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱི་དེབ་ཐེར་སྔོན་པོ་ལས།[5] ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་ཙིནྡྷ་མ་ཎིའི་གཟུངས་དང་། སྤང་སྐོང་ཕྱག་བརྒྱ་པའི་མདོ་ལ་སོགས་པ་ནམ་མཁའ་ནས་བབས་ཤིང་། མཆོད་པ་བྱས་པས། སྲིད་དང་རྒྱལ་པོའི་ཚེ་འཕེལ་ཏེ། དམ་པའི་ཆོས་ཀྱི་དབུ་བརྙེས་པ་ཡིན་ཞེས་གྲགས་པ་ལ། ཞེས་དང་། ཡང་དེ་ཉིད་ལས།[6] དེ་ལ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་ཆོས་ཀྱི་དབུ་བརྙེས་པ་ནི། ཆོས་ཀྱི་གླེགས་བམ་ཙམ་བྱུང་བ་ཡིན་གྱི། བྲི་བ་དང་བཀླག་པ་དང་འཆད་པ་སོགས་ནི་མེད་དོ། །ཞེས་གསུངས་པའོ།།
གཉིས་པ། བོད་རྗེ་སུམ་ཅུ་སོ་གསུམ་པ་སྲོང་བཙན་སྒམ་པོ་ནི་ཡབ་རྒྱལ་པོ་གནམ་རི་སྲོང་བཙན་དང་། ཡུམ་འབྲི་བཟའ་ཐོད་དཀར་མའི་སྲས་སུ་སངས་རྒྱས་ཀྱི་འདས་ལོ་ཆིག་སྟོང་བཞི་བརྒྱ་གོ་བདུན་འདས་པ་མེ་མོ་གླང་། སྤྱི་ལོ་ ༦༡༧ རྒྱུ་སྐར་རྒྱལ་གྱི་ཉ་བར་མལ་གྲོ་རྒྱ་མ་ཕོ་བྲང་བྱམས་པ་མི་འགྱུར་གླིང་དུ་སྐུ་བལྟམས་ནས་བོད་སྤྱི་ལ་དབང་བའི་རྒྱལ་པོ་ཐོག་མར་བྱུང་བ་ཡིན་ལ། ཁོང་གི་སྐུ་རིང་ལ་དམ་པའི་ཆོས་ཀྱི་སྲོལ་གཏོད་ཚུལ་ནི། རྗེ་སྲོང་བཙན་རང་ཉིད་ཀྱིས་རྒྱལ་སྲིད་ལུགས་གཉིས་ཀྱི་ཁྲིམས་རྣམ་པར་དག་པ་ཞིག་འཛིན་པ་ལ་ཡི་གེ་འདི་ཉིད་མེད་དུ་མི་རུང་བའམ་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་གཅིག་ཏུ་དགོངས་ནས། སློབ་དཔོན་ཐོན་མི་སམབྷོཊ་རྒྱ་གར་དུ་བརྫངས། གཞན་ཡང་སློབ་དཔོན་ཐོན་མི་སམབྷོཊས་པཎྜི་ཏ་ལྷ་རིག་པའི་སེང་གེ་སོགས་བསྟེན་ནས་ཡི་གེ་དང་སྐད་ལེགས་པར་བསླབས་ནས་ཕྱིར་བོད་ཡུལ་དུ་ཕེབས་ཏེ། སློབ་དཔོན་ཐོན་མིས་གླུ་འདི་ལྟར་བླངས། ཡུལ་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་འདིར། །མི་མཁས་པ་སླེབས་པའི་སྔོན་མ་ཡིན། །ང་མུན་པ་སེལ་བའི་སྒྲོན་མེ་ཡིན། །རྗེ་རྒྱལ་པོ་ཉི་ཟླའི་ཚུལ་དུ་བཞུགས། །གྲོགས་བློན་པོའི་ཁྲོད་ན་ང་ཙམ་མེད། །བོད་ཁ་བ་ཅན་པའི་མི་རྣམས་ལ། །ང་ཐོན་མི་བཀའ་དྲིན་མི་ཆེ་འམ། །ཞེས་གསུངས་པ་བཞིན་དུ་རྒྱ་གར་གྱི་ཡི་གེ་ཕྱི་མོ་ལྔ་བཅུ་ལས་བོད་ཡིག་གསལ་བྱེད་སུམ་ཅུ་དང་དབྱངས་ཡིག་བཅུ་དྲུག་ལས་དབྱངས་བཞི་བཅས་གསར་བཟོ་བྱས་པ་ལ་བརྟེན་ནས་བོད་ཀྱི་ཡི་གེ་འབྲི་ཀློག་ལེགས་པར་སྲོལ་བཏོད་དེ་རྒྱལ་པོ་སྲོང་བཙན་སྒམ་པོ་རང་ཉིད་ཀྱིས་ཀྱང་ཡི་གེ་སྦྱངས་པ་དང་ཐོན་མིས་སྒྲ་སྒྱུར་སོགས་བྱས་པའོ། །འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱི་དེབ་ཐེར་སྔོན་པོ་ལས།[7] དེ་ལྟར་བྱས་པ་ལ་རྒྱལ་པོས་ཀྱང་ཡུན་རིང་དུ་ཡི་གེ་སློབ་ཚུལ་བསྟན། ཐོན་མིས་མདོ་སྡེ་དཀོན་མཆོག་སྤྲིན་བསྒྱུར། གཞན་ཡང་རྒྱལ་པོས་ཆོས་ཀྱི་བདག་པོ་མཛད་ནས། སྤྱན་རས་གཟིགས་ཀྱི་ཡི་གེ་དྲུག་མ་དང་། འཕགས་པ་གཤིན་རྗེའི་གཤེད་དང་། ཆོས་སྐྱོང་མགོན་པོ་དང་། ལྷ་མོ་ལ་སོགས་པ་རྣམས་ཀྱི་ཆོས་སྣ་མང་དུ་གསུངས་པ་ལ་བརྟེན་ནས་དམ་པའི་ཆོས་ཀྱི་སྲོལ་བཏོད་པ་ཡིན་ནོ།།
གསུམ་པ་བོད་ཀྱི་རྒྱལ་རབས་སོ་བརྒྱད་པ་མངའ་བདག་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་ནི་ཡབ་ཁྲི་ལྡེ་གཙུག་བརྟན་ནམ་མེས་ཨག་ཚོམ་དང་། ཡུམ་ཀོང་ཇོ་ཕྱི་མ་གཉིས་ཀྱི་སྲས་སུ་ལྕགས་ཕོ་རྟ། སྤྱི་ལོ་ ༧༩༠ དཔྱིད་ཟླ་ར་བའི་གྲལ་ཚེས་བརྒྱད་རྒྱུ་སྐར་རྒྱལ་ལ་བབས་པའི་ཚེ་ཕོ་བྲང་བྲག་དམར་འོམ་བུའི་ཚལ་དུ་སྐུ་འཁྲུངས་ཏེ། ཆོས་རྒྱལ་དེའི་སྐུ་རིང་ལ་རྒྱ་གར་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་མཁན་ཆེན་ཞི་བ་འཚོ་རྣམ་གཉིས་བོད་ཁ་བའི་ཡུལ་དུ་གདན་དྲངས་པ་ལ་བརྟེན་ནས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པ་གསར་བཞེངས་བགྱིས་པའི་ཐུགས་བསྐྱེད་ཀྱིས་བོད་ཁ་བ་ཅན་གྱི་ཡུལ་གྲུ་འདིར་དམ་པའི་ཆོས་དར་ཞིང་རྒྱས་པར་གྱུར་པ་ཡིན་ནོ།།
ཉམས་གསོ་མཛད་པའི་སྐོར།
ཐོག་མར་མཁར་གྲུ་བཞི་མ་དེ་ཁོ་ན་ལས་མེད་པ་ལ། དེའི་སྟེང་དུ་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱིས་དར་ལྕོག་བཞི་བཙུགས་པ་རྣམས་རླུང་གི་འདེད་ཕྱོགས་ཁོ་ནར་མི་འགྲོ་བར་དར་ལྕེ་ཚང་མ་ནང་དུ་གཡུགས་པ་ནི་མཐའ་བཞིའི་རྒྱལ་ཁབ་དབང་དུ་བསྡུ་བའི་རྟགས་ཡིན་གསུངས། ལྷ་ཁང་ནི་རྗེས་སུ་ཆགས་ཤིང་མངའ་བདག་ཤཱཀྱ་མགོན་གྱིས་ཕྱག་བཏབ་གནང་བར་མཛད། གཉན་པོ་གསང་བའི་རྟེན་ནི་བསམ་ཡས་ཀྱི་མཆོད་རྟེན་དཀར་པོའི་ནང་དུ་བཞུགས་པར་གྲགས། བོད་རབ་བྱུང་དྲུག་པའི་ས་སྟག་སྤྱི་ལོ་ ༡༣༣༨ ལོར་བོད་ཆོས་རྒྱལ་གྱི་གདུང་རྒྱུད་ཡ་རྩེ་རྒྱལ་པོ་མཆོག་གིས་མཁར་འདི་ཉམས་གསོ་རྒྱ་ཆེར་མཛད་ཡོད་ན་ཡང་། ཕྱིས་སུ་རིག་གནས་གསར་རྗེའི་སྐབས་ཕོ་བྲང་འདི་གཏོར་བཤིག་དང་ཉམས་གུད་ཧ་ཅང་ཆེན་པོ་བྱུང་ཡོད། དེ་རྗེས་སུ་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་ནི་སྤྱི་ལོ་ ༡༦༡༧ ལོར་བོད་ལྗོངས་ལྷོ་ཁ་ས་ཁུལ་འཕྱོངས་རྒྱས་འཕྱིང་བ་སྟག་རྩེ་ནས་ཡབ་འཕྱོངས་རྒྱས་སྡེ་པ་བདུད་འདུལ་རྣམ་རྒྱལ་དང་། ཡུམ་ཀུན་དགའ་ལྷ་མཛེས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པ་དང་། དགུང་ལོ་ཉེར་ལྔ་པར་བོད་ཆོལ་ཁ་གསུམ་ཡོངས་རྫོགས་དབང་དུ་འདུས་པའི་དགའ་ལྡན་ཕོ་བྲང་གི་སྲིད་གཞུང་ཐོག་མར་བཙུགས་ཏེ། དགུང་ལོ་སུམ་ཅུ་ཡས་མས་ཤིག་ནས་ཕོ་བྲང་པོ་ཏ་ལ་དང་། ལྷ་སའི་གཙུག་ལག་ཁང་། བསམ་ཡས་གཙུག་ལག་ཁང་། གདན་ས་གསུམ། ཆོས་འཁོར་རྒྱལ། ཕོ་བྲང་ཡུམ་བུ་བླ་མཁར། མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བཅས་ཉམས་གསོ་རྒྱ་ཆེར་མཛད་པའི་ལོ་རྒྱུས་ཡོད།
དེང་སང་ཉམས་གསོ་མཛད་པའི་ལྷ་ཁང་ནང་གསར་བཞེངས་འཕགས་པ་ལོ་ཀེ་ཤྭ་རའི་སྐུ་གཟུགས་དེའི་ཚབ་ཏུ་སྔོན་ཙན་དན་གྱི་ལོ་ཀེ་ཤྭ་ར་ཚལ་བུར་བཞུགས་པ་དང་། དེེང་སང་ཤུག་པའི་ཀ་བ་ཞིག་སྔོན་གྱི་ཙན་དན་གྱི་ཀ་བའི་ཚབ་ཏུ་ཕུལ་ཡོད་པར་བཤད། གཞན་ཡང་གསར་བཞེངས་ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་། སློབ་དཔོན་ཐོན་མི་སམབྷོཊ། མགར་སྟོང་བཙན་གྱི་སྐུ་བརྙན། ལྷ་རི་དགོན་གྱི་རྟེན་གཙོ་ལྷ་རི་སྨན་པའི་རྒྱལ་པོ་སོགས་མཇལ་རྒྱུ་ཡོད། སྔོན་ཆད་ཕོ་བྲང་དེར་རི་བོ་ཆོས་གླིང་ཞེས་པ་ནས་དགེ་འདུན་ལྔ་རེ་རྒྱུན་བཞུགས་གནང་སྲོལ་ཡོད་པར་བཤད་འདུག དུང་དཀར་ཚིག་མཛོད་ལས།[8] དུས་རབས་བཅུ་བཞི་པའི་མགོར་མངའ་རིས་ཡ་ཚེའི་རྒྱལ་པོ་བསོད་ནམས་ལྡེ་དང་། བློན་པོ་ཤཱཀྱ་མགོན་པོ་གཉིས་ཀྱིས་ཉམས་གསོས་ཐོག་རྒྱ་ཕིབས་ཐོག་མར་བཀབ། ས་སྐྱའི་བདག་ཆེན་ཏི་ཤྲི་ཀུན་དགའ་རྒྱལ་མཚན་གྱིས་རབ་གནས་མཛད། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་སླར་ཡང་ལྷ་ཁང་ཉམས་གསོ་དང་། རྒྱ་ཕིབས་གསར་བརྗེ་མཛད། ཕོ་བྲང་འདིའི་སྒོ་ནི་ནུབ་ཕྱོགས་སུ་བསྟན་ནས་ཡོད། རྩེ་ནས་ཤར་ལྷོའི་ཕྱོགས་སུ་བལྟས་ན། བོད་ཀྱི་ས་ཞིང་གི་ཐོག་མ་ཡིན་ཟེར་བའི་ཞིང་ཁ་གྲུ་ནར་ཅན་ཞིག་མཐོང་རྒྱུ་འདུག ཅེས་སླར་ཡང་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་གངས་ལྗོངས་སུ་དོན་འཁྱོལ་བྱུང་བས་ཉམས་གསོ་བྱེད་འགོ་ཚུགས་ཤིང་། མཁར་འདིའི་གནས་ཡུལ་གཞི་རྒྱ་ཆེན་པོ་དེ་འདྲ་མེད་ཀྱང་བརྗིད་ཉམས་ཆེ་ཞིང་གཟི་བརྗིད་དང་ལྡན་པའི་ངང་རི་བོའི་རྩེ་མོར་འགྱིངས་ནས་ཡོད། སྤྱི་ལོ་ ༡༩༦༢ ལོ་ནས་བཟུང་། ད་ལྟའི་བར་དུ་བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་གཙོ་བོར་བྱས་པའི་སྡེ་ཚན་དུ་གཏོགས་པ་ཡིན་ཞེས་པ་བཞིན་དུ་རང་གིས་རྟོག་བཟོ་དང་སྒྲོ་འདོགས་སྤངས་ཏེ་ལོ་རྒྱུས་དེབ་ཐེར་དག་གི་ནང་དུ་གསལ་བ་རྣམས་ཕྱོགས་བསྡུས་བགྱིས་པ་ཡིན་ནོ།།
[1] སྲོང་བཙན་དཔེ་མཛོད་ཁང་གི་པར་མ། དེབ་གཟུགས། ཤོག་གྲངས་ ༨༠ པར་གསལ།
[2] སྤྱི་ལོ་ ༢༠༡༣ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས་ ༨ པར་གསལ།
[3] སྤྱི་ལོ་ ༢༠༡༥ ལོའི་སྲོང་བཙན་དཔེ་མཛོད་ཁང་གི་པར་མ། དེབ་གཟུགས། ཤོག་གྲངས་ ༨༡ པར་གསལ།
[4] སྤྱི་ལོ་ ༢༠༡༣ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས་ ༡༦ པར་གསལ།
[5] སྤྱི་ལོ་ ༢༠༠༢ ལོའི་ཝཱ་ཎ་བཛྲ་བིདྱཱ་དཔེ་མཛོད་ཁང་གི་པར་མ། དེབ་གཟུགས། སྟོད་ཆ། ཤོག་གྲངས་ ༦༣ པར་གསལ།
[6] སྤྱི་ལོ་ ༢༠༠༢ ལོའི་ཝཱ་ཎ་བཛྲ་བིདྱཱ་དཔེ་མཛོད་ཁང་གི་པར་མ། དེབ་གཟུགས། སྟོད་ཆ། ཤོག་གྲངས་ ༦༤ པར་གསལ།
[7] སྤྱི་ལོ་ ༢༠༠༢ ལོའི་ཝཱ་ཎ་བཛྲ་བིདྱཱ་དཔེ་མཛོད་ཁང་གི་པར་མ། དེབ་གཟུགས། སྟོད་ཆ། ཤོག་གྲངས་ ༦༥ པར་གསལ།
[8] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་པར་མ། དེབ་གཟུགས། ཤོག་གྲངས་ ༡༨༥༩ པར་གསལ།