ལོ་རིམ་བརྒྱད་པའི་སློབ་གཉེར་བ། ཚེ་རིང་རྡོ་རྗེ།
ལྟ་བ་སྟོང་ཉིད་ཟུང་འཇུག་གནད་གསང་མ་འཁྲུགས་རིགས་པས་གཏན་ལ་ཕབ།།
དེ་ཉིད་བསླུ་མེད་ཚད་མ་གསུམ་གྱིས་ཡང་ཡང་རྣམ་པར་འཇལ་བྱེད་པ།།
ཐེག་གསུམ་ལམ་བཟང་ཚང་ལ་མ་ནོར་གདུལ་བྱར་སྟོན་མཁས་ཟས་གཙང་སྲས།།
གང་དང་གཉིས་མེད་གཅིག་ཏུ་གྱུར་པ་བདག་གི་བླ་མ་གྲུབ་དབང་རྗེ།།
སྒོམ་པ་དག་མཉམ་དབྱེར་མེད་བསྒོམས་ཤིང་བསྐྱེད་རྫོགས་གཉིས་ཀྱི་རྩལ་རྫོགས་པ།།
ཀུན་ལ་གཉིས་སུ་འཛིན་པའི་ཞེན་སྤངས་ཕྱོགས་ལྷུང་བྲལ་བའི་སྤྱན་གཅིག་ཉིད།།
མ་ལུས་འགྲོ་བའི་དོན་དུ་སྤྱད་ཅིང་རང་དོན་དྲི་མ་ཀུན་སྤངས་པ།།
སྔོན་བྱོན་རྒྱལ་བ་ཀུན་ལས་ལྷག་པ་བདག་ཅག་འགྲོ་བའི་མགོན་པོ་ཁྱེད།།
ཕྱོགས་ངན་མུ་སྟེགས་ཅན་གྱི་སྤྱོད་པ་གདོད་ནས་རྒྱང་རིང་སྐྱུར་བར་བྱེད།།
བྱམས་དང་སྙིང་རྗེ་ཞི་བདེའི་སྤྱོད་པ་རང་གི་སྲོག་ལྟར་གཅེས་པར་འཛིན།།
སྐྱེ་རྒུ་ཀུན་ཀྱི་ཞེ་ལ་སིམ་པ་ཚད་མེད་རབ་ཏུ་སྟེར་བྱེད་པ།།
སྔོན་གྱི་བྱང་ཆུབ་སེམས་དཔའ་དབྱེར་མེད་བདག་གི་བླ་མར་དད་ཕྱག་འཚལ།།
འབྲས་བུ་སྐུ་གསུམ་མངོན་དུ་གྱུར་ཀྱང་བདག་འདྲ་ཨ་འཐས་ཅན་རྣམས་ལ།།
རབ་ཏུ་གཟིགས་ནས་སྐུ་ཡི་ཕྲེང་བ་དཔལ་ཡུལ་གདན་རབས་ཕྲེང་བར་བཞུགས།།
དེང་སང་དུས་རབས་འདི་དང་མཐུན་པར་དམ་ཆོས་བདུད་རྩི་སྩོལ་མཁས་པ།།
བི་མ་མི་ཏྲ་ཉིད་སྐུར་བཞེས་པ་སྐྱེ་དགུའི་བདག་པོ་གཙུག་ན་རྒྱལ།།
ཚུར་ལ་གནོད་འཚེ་བྱེ་བ་འབུམ་གྱིས་གང་གི་བ་སྤུའི་རྩེ་མ་གཡོས།།
ཕར་ལ་ཐབས་ཤེས་ཟུང་དུ་འཇུག་པའི་རླབས་ཆེན་འབུམ་གྱིས་རབ་བཀྲ་བས།།
རང་གི་ཉེ་དང་ཉེ་མིན་ཀུན་ཀྱི་འདོད་པའི་རེ་བ་སྐོང་མཁས་པ།།
ཡིད་བཞིན་ནོར་བུ་གཞན་ན་མ་མཆིས་རྒྱལ་སྲས་ཀུན་ཀྱི་རྒྱལ་པོ་ཁྱེད།།
མཁྱེན་བརྩེ་ནུས་གསུམ་ཡོན་ཏན་མངའ་བ་སྡོམ་བརྩོན་དམ་པའི་རྣམ་རོལ་བ།།
སྦས་ཡུལ་གངས་རིའི་ལྗོངས་སུ་འཁྲུངས་ཤིང་བརྗིད་པའི་བསླབ་གསུམ་མཛོད་ཆེན་གྱུར།།
འཕགས་བོད་གཉིས་སུ་འདུལ་འཛིན་གྲགས་པ་སྙན་པའི་བ་དན་སྲིད་ན་རྒྱལ།།
བསྐལ་མང་འབད་པའི་རྣམ་དཀར་སྟོང་གིས་རྙེད་དཀའ་ཨེ་མ་མགོན་པོ་ཁྱེད།།
ཕྲིན་ལས་འཛིན་མའི་ཁྱོན་ཀུན་བརྡལ་ཞིང་འཕགས་ཡུལ་རྒྱན་དྲུག་མཆོག་ལ་འགྲན།།
གཤིས་ལ་མཁས་བཙུན་བཟང་པོའི་རྣམ་ཐར་མཐའ་ཡས་འགྲོ་བའི་མགོན་གྱུར་པ།།
བདག་འདྲ་རྟོག་གེས་རྟོགས་པར་དཀའ་བ་ཁྱེད་ཀྱི་མཛད་ཕྲིན་ངོ་མཚར་བ།།
འཇིག་རྟེན་གསུམ་གྱི་དེད་དཔོན་ཆེན་པོ་ཡབ་རྗེ་བླ་མས་བདག་སྐྱོངས་ཤིག །