ལོ་རིམ་དྲུག་པའི་སློབ་གཉེར་བ། ཕུར་པ།
ཤེས་བྱའི་གནས་ལུགས་མ་ལུས་རྗེན་གཅེར་དུ་གཟིགས་ནས།།
ཟབ་ཆོས་བདུད་རྩི་ལྟ་བུ་ཕྱོགས་མེད་དུ་བསྟན་པས།།
གང་གི་ལམ་དེ་བསླུ་མེད་འཇིག་རྟེན་ན་གྲགས་པ།།
བཅོམ་ལྡན་ཚད་མའི་རྒྱལ་པོ་ཁྱེད་ཉིད་ལ་འདུད་དོ།།
ཞེས་སྒོ་གསུམ་གུས་པ་ཆེན་པོའི་ངང་ནས་དགའ་དད་སྤྲོ་གསུམ་གྱིས་མཆོད་པར་བརྗོད་པའི་ཤིས་ཚིག་གིས་བསྟོད་ཕྱག་སྔོན་དུ་ཕུལ་ཏེ་དོན་སྤྱི་ཤེས་པ་ཡིན་མིན་སྐོར་མདོ་ཙམ་གླེང་བ་ལ། སྐབས་ཐོབ་ཀྱི་བརྗོད་གཞི་དེ་ཉིད། བསྐྱར་གླེང་གི་ཟློས་སྐྱོན་མི་ཡོང་བ་སོགས་གཟིགས་བདེ་བའི་ཆེད་རིམ་པར་ས་བཅད་ཀྱི་ཐོག་ནས་གླེངས་ན། དང་པོ་གླེང་བའི་དགོས་པ་བརྗོད་པ། གཉིས་པ་མཚན་ཉིད་སྤྱིར་བསྟན་པ། གསུམ་པ་བཞེད་ཕྱོགས་སོ་སོར་དགོད་པ། བཞི་པ་སྣང་བརྟག་ཕྱེ་ནས་བཤད་པ། ལྔ་པ་མི་འཐད་འགལ་འཛོལ་སྤོང་བ། མཐར་མཇུག་བསྔོ་བས་བསྡུ་བ་བཅས་དྲུག་མཆིས་པ་ལས།
གླེང་བའི་དགོས་པ་བརྗོད་པ།
སྤྱིར་དོན་སྤྱི་ནི། ཆེ་བ་གླང་ཆེན་ནས་ཆུང་བ་སྲིན་བུ། གོང་མ་ལྷ་ནས་འོག་མ་དམྱལ་བ་སྟེ། མདོར་ན་སྐྱེ་འགྲོ་ཐམས་ཅད་ཀྱི་ཚེ་སྲོག་གི་རྒྱུ་བ་ཕྲ་མོ་དེ་རྒྱུན་མ་ཆད་བར་བློ་ཡུལ་དུ་ནམ་ཡང་འཆར་འཆར་བ་ཞིག་ཡིན་པ་ཀུན་ཀྱིས་མཁྱེན་གསལ་ལྟར་རོ། །འོན་ཀྱང་དོན་སྤྱི་དེའི་ངོ་བོ་དང་གནས་ལུགས། དོན་སྤྱི་དེ་ཉིད་ཀྱི་དབང་གིས་ཡུལ་ལ་འཇུག་ཚུལ་གྱི་རྣམ་གཞག་ཕྲ་བ་ནས་ཇི་ལྟར་ཡིན་མིན་ནི། མྱོང་སྟོབས་ཀྱིས་རྟོགས་མི་ཐུབ་པའི་ལྐོག་གྱུར་ཞིག་ཏུ་གྲུབ་ཡོད། དེ་ལྟ་བུའི་ལྐོག་གྱུར་གྱི་གནད་དོན་ལ་སྔོན་བྱོན་མཁས་གྲུབ་རྣམས་ཀྱིས་གཏན་ཚིགས་རིགས་པའི་སྒོ་ནས་ཕྱི་རོལ་པ་དང་རང་སྡེ་ནང་པ་ཕན་ཚུན་ལ་དགག་སྒྲུབ་ཀྱི་འཁོར་ལོ་བསྐོར་ཏེ་ལོ་ངོ་སྟོང་ཕྲག་ལྷག་གི་དཔྱད་ཞིབ་བྱས་པའི་ལོ་རྒྱུས་ལྡན་པས། དོན་སྤྱི་ཡུལ་ལ་འཇུག་ཚུལ་གྱི་གནད་དོན་དེ་དག་ནི་ཚད་གཞུང་གི་བརྗོད་བྱ་གལ་ཆེན་ཞིག་དང་གྲུབ་ཆ་མེད་དུ་མི་རུང་བ་ཞིག་ཏུ་འཁུམས། དཔྱད་ཞིབ་དེ་ཡང་སྐྱེས་བུ་དམ་པ་རང་རང་གི་དཔྱོད་ཤེས་ཀྱི་རྩལ་ཁ་ལས་དཔྱད་ཐབས་མི་འདྲ་བ་དང་། རྒྱུ་མཚན་མི་འདྲ་བའི་ཐོག་ཞིབ་ཕྲ་ནས་གླེངས་ཡོད་པས། བདག་དང་བདག་ལྟ་བུའི་གསར་བུ་པ་མང་པོ་ཞིག་གིས་དེའི་གནད་དོན་མ་ཤེས་པས་དཔྱད་ཐབས་མི་འདྲ་བ་དང་རྒྱུ་མཚན་མི་འདྲ་བའི་གླེང་ཕྱོགས་དེ་དᨵ་འགལ་འདུ་ལྟ་བུར་སྣང་སྟེ་འོལ་ཚོད་ཀྱིས་འདི་དང་འདི་ལྟ་བུ་ཞེས་རང་གར་ཐག་གཅོད་བྱས་པའང་གྲངས་ཀྱིས་ག་ལ་ཚད། དེས་ན་སྔོན་བྱོན་མཁས་གྲུབ་རྣམས་ཀྱིས་དཔྱད་ཞིབ་ཀྱིས་གཏན་ལ་ཕབ་པའི་གླེང་ཕྱོགས་མི་འདྲ་བ་དེ་དག་རང་ས་ནས་རྒྱུ་མཚན་དང་གནས་ལུགས་རེ་ཡོད་གཤིས། ང་ཚོས་དེ་དག་འོལ་ཚོད་ཀྱི་མིན་པར་ཞིབ་ཕྲ་ནས་ཤེས་དགོས་པ་གལ་འགངས་ཆེ། དེ་ལྟ་བུའི་དཀའ་གནད་རྣམས་དཔྱིས་ཕྱིན་པ་ཞིག་ཤེས་ཚེ། དོན་སྤྱི་དེའི་དབང་གིས་སྒྲ་རྟོག་ཡུལ་ལ་འཇུག་ཚུལ་གྱི་རྣམ་གཞག་དང་། སྤྱི་དངོས་མེད་དུ་གྲུབ་མ་གྲུབ་དང་། མཚན་མཚོན་སོགས་མདོར་ན་རྟོག་པ་དང་འབྲེལ་བའི་ཚད་གཞུང་གི་དཀའ་གནད་མང་པོ་ཞིག་གྲོལ་འགྲོ་བར་སོམ་ཉི་མེད།
མཚན་ཉིད་སྤྱིར་བསྟན་པ།
སྤྱིར་དོན་སྤྱི་ཞེས་པ་ནི་རྟོག་པའི་བློ་ངོ་ལ་སྣང་བའི་རྣམ་པ་དེ། ཕྱི་རོལ་གྱི་དོན་རང་མཚན་མ་ཡིན་བཞིན་དུ་ཡིན་པར་ཞེན་པའམ་འཛིན་པའི་ཆ་ནས་དོན་སྤྱི་ཞེས་བཏགས་པར་སྣང་སྟེ། ལེགས་བཤད་སྣང་བའི་གཏེར་ལས།[1] ཇི་ལྟར་ན་ཤེས་རྣམ་དེ་ཕྱི་རོལ་དོན་གྱི་ངོ་བོ་ཉིད་ཀྱི་རྣམ་པར་སྒྲོ་བཏགས་ནས་ལྷག་པར་ཞེན་པའི་དབང་གིས་དོན་གྱི་སྤྱི་ཞེས་ཐ་སྙད་བྱས་པ་སྟེ། ཞེས་གསུངས་སོ། །དེའི་མཚན་ཉིད་ནི། རྣམ་འགྲེལ་ལེའུ་དང་པོ་ལས།[2] དེ་བྱེད་མིན་ལ་དེ་བྱེད་དང་། །འདྲ་བའི་ངོ་བོ་སྣང་བ་ཅན། །ཞེས་རང་འཛིན་རྟོག་པ་ལ་རང་དང་གཅིག་མ་ཡིན་བཞིན་དུ་གཅིག་ལྟ་བུར་སྣང་བའི་རྣམ་པའམ་སྒྲོ་བཏགས་ཤིག་ལ་འཇོག་གོ །འགའ་ཤས་ཀྱིས་དོན་དེ་མ་ཡིན་ཞིང་དོན་དེ་ཡིན་པར་སྣང་བའི་སྒྲོ་བཏགས་ཙམ་ལ་འཇོག་ཀྱང་དེ་ནི་ཤེས་བྱ་དང་བདག་མེད་སོགས་ཁྱབ་ཆེ་བའི་རིགས་ལ་དོན་དེ་མ་ཡིན་ཞེས་སྦྱར་ན་མ་ཁྱབ་ཁྱབ་ཆེས་སོགས་ཀྱི་སྐྱོན་དང་བྲལ་བའི་མཚན་ཉིད་རྣམ་དག་ཅིག་འགྲོ་དཀའ་བས། དོན་དེ་དང་གཅིག་མ་ཡིན་བཞིན་དུ་གཅིག་ལྟ་བུར་འཛིན་པ་ལ་འཇོག་དགོས། དེ་ཡང་རྣམ་འགྲེལ་ལེགས་བཤད་སྣང་བའི་གཏེར་ལེའུ་དང་པོ་ལས།[3] དེས་ན་སྤྱི་འཛིན་གྱི་ཤེས་ངོ་ལ་ཡོད་པའི་སྣང་ཡུལ་གྱི་དོན་དེ་རྣམས། འདི་ལྟར་ཤིང་མིན་སོགས་ལས་ལྡོག་པའི་ངོ་བོ་ཅན་དུ་སྣང་བ་དེས་ན་ཐ་དད་མིན་པ་གཅིག་ལྟ་བུར་ཡང་སྣང་ལ། ཞེས་དང་། ཚད་མ་རིགས་གཏེར་ལས་ཀྱང་།[4] རང་མཚན་དང་ནི་དོན་སྤྱི་དང་། །གཉིས་པོ་གཅིག་ཏུ་འཁྲུལ་པ་སྟེ། །ཞེས་དང་། འདི་དང་རང་མཚན་གཟུགས་བརྙན་གཉིས། །གཅིག་ཏུ་འཁྲུལ་དུ་གཞུག་པའི་ཕྱིར། །རྒན་པོ་རྣམས་ཀྱིས་བརྡ་ཆད་བྱེད། །འཁྲུལ་ནས་དོན་ལ་འཇུག་པར་འགྱུར། །ཞེས་གསུངས་སོ། །མཚན་ཉིད་དེའི་ཟུར་ལ་སྒྲོ་བཏགས་སྦྱོར་དོན་ནི། སྣང་བའི་སྤྱི་དེ་ཕྱི་རོལ་དོན་དེ་མ་ཡིན་བཞིན་དུ་དེར་འཛིན་པའི་རྒྱུ་མཚན་གྱིས་ཡིན། དེ་ཡང་སློབ་དཔོན་ཆོས་མཆོག་གི་སེལ་བ་བརྟག་པ་ལས། གང་གི་རང་བཞིན་རྟོག་བཅས་བློ་ཡིས་གཞན་གྱིས་དབེན་པར་རབ་བསྟན་པ། །ཕྱི་མིན་ནང་མིན་དེ་ཉིད་མ་ཡིན་སྒྲོ་བཏགས་གང་ཡིན་བརྗོད་པ་ཡི། །ཞེས་གསུངས་སོ། །དོན་སྤྱི་འདི་དང་བློ་ཡི་གཞན་སེལ་གཉིས་ལྡོག་ཆའི་སྒོ་ནས་ཐ་དད་དུ་བཞག་པ་ལས་དོན་གཅིག་མིང་གི་རྣམ་གྲངས་སོ། །མཚན་ཉིད་འདི་ནི་གཙོ་བོ་ཡུལ་ཅན་རྟོག་པ་ཡུལ་ལ་འཇུག་ཚུལ་གཞིར་བྱས་ནས་བཞག་པའོ།།
བཞེད་ཕྱོགས་སོ་སོར་དགོད་པ།
འདི་ལ་གཞན་སྡེ་ཕྱི་རོལ་པའི་འདོད་ཚུལ་མང་དུ་མཆིས་ཀྱང་དེ་དག་རེ་ཞིག་བསྐྱུངས་ཏེ་རང་སྡེའི་འདོད་ཚུལ་མི་འདྲ་བ་ཡོད་པ་ལས་ཉན་ཐོས་མང་བཀུར་བ་ན་རེ། འགྲེལ་ཆེན་ལེགས་བཤད་སྣང་བའི་གཏེར་ལས།[5] མང་པོས་བཀུར་བའི་སྡེ་པ་དག་ན་རེ། སྒྲའི་བརྗོད་བྱ་ནི་མིང་དང་སོགས་ཁོང་ནས་མཚན་མ་ཡིན་ཏེ། མིང་ཞེས་པ་བརྡ་དང་། མཚན་མ་ཞེས་པ་ལྟོ་ལྡིར་བ་སོགས་ཀྱི་རྣམ་པ་ཅན་ཏེ། དེ་གཉིས་ནི་ལྡན་མིན་འདུ་བྱེད་ཀྱི་རྫས་ཡིན་ལ་སྒྲའི་བརྗོད་བྱའང་དེ་ཡིན་ཏེ། ཞེས་དང་། རིགས་གཏེར་རང་འགྲེལ་ལས།[6] ཉན་ཐོས་སྡེ་པ་མང་པོས་བཀུར་བ་ལ་སོགས་པ་སྒྲ་སྤྱི་དང་དོན་སྤྱི་གཉིས་མིང་དང་མཚན་མའི་རྣམ་པ་ཅན་གཟུགས་དང་སེམས་དང་སེམས་ལས་བྱུང་བ་དང་མི་ལྡན་པས་ལྡན་པ་མ་ཡིན་པའི་འདུ་བྱེད་རྫས་སུ་གྲུབ་པར་འདོད་ལ། ཞེས་བྱེ་བྲག་སྨྲ་བའི་ནང་གསེས་ཉན་ཐོས་མང་བཀུར་བ་དག་གིས། མིང་སོགས་སྒྲ་ཡི་དངོས་ཀྱི་བརྗོད་བྱར་བཞེད་ནས་དོན་སྤྱི་དེ་དག་ལྡན་པ་མ་ཡིན་པའི་འདུ་བྱེད་རྫས་སུ་གྲུབ་པར་འདོད། འདོད་ཚུལ་དེ་ནི་རྒྱ་བོད་ཚད་མ་སྔ་ཕྱི་ཀུན་ཀྱིས་མགྲིན་གཅིག་ཏུ་དེ་ཉིད་མི་འཐད་པར་འགོག་སྟེ། ཚད་མ་རྣམ་འགྲེལ་ལས།[7] དོན་ལ་འཇུག་པར་མི་འགྱུར་རོ། །ཞེས་དང་། ཚད་མ་དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས། གཞན་ལ་རྟེན་མིན་བདག་ཉིད་ཀྱི། །མིང་སོགས་རྣམས་ལ་བརྡ་ནུས་མིན། །དེ་ཕྱིར་དེ་དག་ཅི་ཞིག་ལྟར། །བརྗོད་བྱ་ཉིད་དུ་འཐད་མ་ཡིན། །ཞེས་དངོས་ཀྱི་བརྗོད་བྱར་བཞེད་པའི་མིང་སོགས་འཆད་པོ་དང་ཉན་པོ་ཡི་བློ་དང་འབྲེལ་བ་ཡིན་ན། འདས་པ་དང་མ་འོངས་པའི་ཆོས་དག་ནི་འགགས་པ་དང་མ་སྐྱེས་པས་དེ་དག་ལ་མི་འཇུག་པ་དང་། མ་འབྲེལ་ནའང་རུང་ན་ཀ་བ་བརྗོད་པས་བུམ་པའང་བརྗོད་པ་ལྟར་ཧ་ཅང་ཐལ་བས་སྒྲ་དེ་རང་ཡུལ་ལ་རྗེས་འགྲོ་མི་རུང་བའི་གནོད་བྱེད་སོགས་ཀྱིས་མིང་སོགས་ལྡན་མིན་འདུ་བྱེད་ཀྱི་རྫས་སུ་གྲུབ་པ་དག་དངོས་ཀྱི་བརྗོད་བྱར་མི་རུང་བར་སུན་ཕྱུངས་ནས་བཀག་གོ།
དེ་ལྟར་བཀག་པའི་སྒོ་ནས་ཚད་མ་སྔ་རབས་པ་དང་ཕྱི་རབས་པ་ཀུན་ཀྱིས་མཐར་འཐད་ཕྱོགས་སུ་དོན་སྤྱི་དེ་ཉིད་དངོས་ཀྱི་བརྗོད་བྱ་ཡིན་པར་བསྟན། དེ་ཡང་ལེགས་བཤད་སྣང་བའི་གཏེར་ལས།[8] སྒྲའི་དངོས་ཀྱི་བརྗོད་བྱ་སྤྱི་མཚན་དང་། ཞེན་པའི་བརྗོད་བྱ་རང་མཚན། དངོས་ཀྱི་རྗོད་བྱེད་སྒྲར་སྣང་བ་སྒྲ་སྤྱི་དང་། ཞེན་པའི་རྗོད་བྱེད་སྒྲར་གྲགས་པ་སྒྲ་རང་མཚན་ནོ། །ཞེས་གསུངས་སོ། །འོན་ཀྱང་། རང་ལུགས་འཛིན་པའི་ནང་། དེ་འདྲའི་དངོས་ཀྱི་བརྗོད་བྱར་གྱུར་པའི་དོན་སྤྱི་དེ་ཉིད། རྟག་པའི་ངོ་བོར་གྱུར་པའི་སྤྱི་མཚན་དང་། གཟུང་རྣམ་ཅན་གྱི་ཤེས་པ་ཡིན་པར་འདོད་པའི་ཕྱོགས་ཁག་གཉིས་སུ་གྱེས་ཏེ་ཕན་ཚུན་ལུང་རིགས་རྒྱབ་འགལ་དུ་སོང་བའི་སྙོན་འཛུགས་ཀྱིས་དགག་གཞག་དུ་མ་བྱེད་དོ།།
དང་པོ་སྤྱི་མཚན་དུ་འདོད་པ་ན་རེ། དེ་ཉིད་ལས།[9] ཡུལ་ཅན་གྱི་དབང་དུ་བྱས་ན། སྤྱི་མཚན་ནི་རྟོག་པ་དང་། སྒྲ་ཡི་དངོས་ཡུལ་ཡིན་པ་དང་། རང་མཚན་ནི་དེ་དག་གི་ཡུལ་མིན་པའི་ཕྱིར། ཞེས་དང་། རྩོད་རིག་སྨྲ་བའི་སྒོ་འབྱེད་ལས།[10] མི་མི་ཡིན་ཞེས་པའི་སྐབས་སུ། སྨྲ་ཤེས་དོན་གོའི་འགྲོ་བ་ལ་བསམས་ནས་དེ་ལྟར་ཁས་ལེན་དགོས་ཀྱང་། མི་རྫས་སྤྱི་ལ་བསམས་ན་མིའི་སྒྲ་དོན་ཙམ་ཡིན་ལ། མི་མིན་བཅད་པའི་མིའི་ལྡོག་པའམ་གཞན་སེལ་ནི། དངོས་མེད་རྟག་པ་སྤྱི་མཚན་ཡིན་པས། མི་ནི་དེ་གསུམ་ལས་ལྡོག་སྟེ་དངོས་སོ། །ཞེས་སྒྲ་ཡི་དངོས་ཀྱི་བརྗོད་བྱ་སྒྲ་དོན་ནམ་བློ་ཡི་གཞན་སེལ་ནི་སྤྱི་མཚན་ལས་རང་མཚན་མི་རུང་བ་གསལ་བར་བསྟན་ཏོ། །དེ་བཞིན་རྗེས་དཔག་ཚད་མའི་སྣང་ཡུལ་ཡིན་པས་ཀྱང་དེ་ཉིད་སྤྱི་མཚན་དུ་གྲུབ་སྟེ། ཚད་མ་རྣམ་འགྲེལ་ལས།[11] གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །དོན་བྱེད་ནུས་དང་མི་ནུས་ཕྱིར། །ཞེས་མངོན་སུམ་ཚད་མའི་སྣང་ཡུལ་དོན་བྱེད་ནུས་པ་དང་། རྗེས་དཔག་ཚད་མའི་སྣང་ཡུལ་དོན་བྱེད་མི་ནུས་པ་ཡིན་པར་གསུངས་སོ། །གལ་སྲིད་དེ་ཉིད་སྤྱི་མཚན་མིན་པར་ཤེས་པའི་ངོ་བོར་འདོད་ན། དོན་སྤྱི་དེ་ཉིད་རྟོག་པའི་སྣང་ཡུལ་དང་སྒྲ་ཡི་དངོས་ཡུལ་མིན་པར་འདོད་དགོས། གལ་ཏེ་དེ་ཉིད་ཤེས་པ་ཡིན་པས་ཀྱང་སྒྲ་ཡི་དངོས་ཡུལ་དང་རྟོག་པའི་སྣང་ཡུལ་དུ་འདོད་ན། གོང་དུ་དྲངས་མ་ཐག་པའི་སྒྲ་རྟོག་གི་དངོས་ཀྱི་བརྗོད་བྱ་ལ་སྤྱི་མཚན་ལས་རང་མཚན་མི་རུང་བ་དང་། རྗེས་དཔག་གི་སྣང་ཡུལ་ཡང་དོན་བྱེད་མི་ནུས་པར་གསུངས་པའི་གཞུང་དང་འགལ་བ་མ་ཟད། ཤེས་པའི་ངོ་བོར་གྱུར་པའི་རང་མཚན་ཞིག་རྗེས་དཔག་གི་དངོས་ཡུལ་དུ་འདོད་ན། ཚད་མ་རྣམ་འགྲེལ་ལས།[12] རྗེས་སུ་དཔག་པ་ལས་ཀྱང་དངོས། །འཛིན་ན་ཆོས་གཅིག་ངེས་གྱུར་པས། །ཆོས་ཀུན་འཛིན་ཏེ་་་་་་་་་། །ཞེས་པ་ལྟར་དགག་སྒྲུབ་ཅིག་ཅར་དུ་ཐལ་བའི་གནོད་སྐྱོན་འོང་སྟེ། རྟོག་པས་རང་མཚན་གསལ་བར་སྣང་ན། མངོན་སུམ་གྱིས་རང་ཡུལ་མཐོང་བ་ལྟར་དེ་དང་ངོ་བོ་གཅིག་པའི་ཆོས་ཀུན་སྣང་སྟེ། མཐོང་མ་མཐོང་གི་ཆ་མེད་པས་དགག་སྒྲུབ་ཅིག་ཆར་བ་སོགས་ཀྱི་ཐལ་བའི་གནོད་པ་མང་ངོ་། །དེས་ན་དངོས་ཤུགས་གང་ནས་ཀྱང་དོན་སྤྱི་རྟག་པ་ཡིན་པ་གསལ་ལོ་ཞེས་སྨྲའོ།།
གཉིས་པ་ཤེས་པའི་ངོ་བོར་འདོད་པ་ན་རེ། ཚད་མ་རྣམ་འགྲེལ་ལས།[13] གལ་ཏེ་སྤྱི་ནི་ཤེས་ངོ་བོའི། །དོན་ཉིད་ཡིན་ན་ཐལ་བར་འགྱུར། །དེ་ལྟར་འདོད་ཕྱིར་སྐྱོན་ཡོད་མིན། །ཞེས་དང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པའི་ཡིད་བཞིན་རིན་པོ་ཆེའི་མཛོད་འགྲེལ་པདྨ་དཀར་པོ་ལས།[14] སྣང་བ་བློ་ནི། སྤྱིར་ཤེས་པའི་སྣང་ཡུལ་གསུམ་སྟེ་ལྷ་ཡི་བསྐྱེད་རིམ་ལྟ་བུ་དོན་སྤྱི། ཟླ་བ་གཉིས་སྣང་ལྟ་བུ་མེད་པ་གསལ་སྣང་། བུམ་པ་ལྟ་བུ་དོན་རང་མཚན་ནོ། །དེ་ལྟར་རིགས་གསུམ་གྱིས་བསྡུས་པའི་སྣང་ཚད་ཐམས་ཅད་ཤེས་པ་དངོས་ཡིན་ཏེ། རྣམ་བདེན་པ་དང་ཁྱད་མེད་དོ། །ཞེས་དང་། དེ་བཞིན་དམ་ཆོས་དོགས་སེལ་ལས། བློ་ངོར་སྣང་བའི་བུམ་པའི་དོན་སྤྱི་ནི་བུམ་པ་མ་ཡིན་ལ་བུམ་པའི་རང་མཚན་དང་སྣང་བརྟག་གཅིག་ཏུ་ཞེན་པའི་བློ་ཞིག་ཡིན་པས་ཞེས་དང་། གྲུབ་བསྡུས་ལས་ཀྱང་།[15] སྣང་བ་བློ་ནི་དོན་སྤྱི་དང་མེད་པ་གསལ་སྣང་དོན་རང་མཚན་ལྟ་བུའི་སྣང་བ་ཐམས་ཅད་རང་གི་ཤེས་པ་དངོས་ཡིན་པར་འདོད་དེ། རྣམ་བདེན་པ་དང་མཚུངས་སོ། །ཞེས་ཚད་གཞུང་དང་ཀུན་མཁྱེན་གྱི་ལུང་ཁུངས་མང་པོ་ཞིག་ནས་དོན་སྤྱི་ཤེས་པའི་ངོ་བོར་གསུངས་སོ། །དེ་བཞིན་སྣང་བ་སེམས་སུ་སྒྲུབ་དུས་ཤེས་པའི་ངོ་ན་གང་སྣང་དང་གང་མྱོང་ཐམས་ཅད་གསལ་རིག་གི་རང་བཞིན་དུ་སྒྲུབ་པའི་ཚེ། རྟོག་ངོར་སྣང་བའི་ཕྱི་རོལ་གྱི་སྣང་བ་སྣ་ཚོགས་པའང་སེམས་སུ་སྒྲུབ་ཚུལ་ཡང་རིགས་པས་ཕར་དཔྱད་ན་དོན་སྤྱི་ཤེས་པའི་ངོ་བོར་གྲུབ་པ་དེ་ཉིད་ལ་ཐུག་ཡོད། གལ་ཏེ་དོན་སྤྱི་དེ་ཉིད་ཤེས་པ་མིན་པར་རྟག་པའི་ངོ་བོར་གྲུབ་པ་ཞིག་ཡིན་ན་རྟོག་པ་ལ་སྣང་བའི་སྣང་བ་སོགས་སེམས་སུ་སྒྲུབ་ཐབས་མེད་པས་རྣམ་འགྲེལ་གྱི་དགོངས་པ་མཐར་ཐུག་དེ་སེམས་ཙམ་ལ་གནས་ཡོད་གཤིས་རྣམ་འགྲེལ་རྩ་བའི་དགོངས་པ་མཐར་ཐུག་དང་འགལ་བའི་ཀླན་ཀ་སོགས་བརྗོད་ནས་དོན་སྤྱི་ཤེས་པའི་ངོ་བོར་གྲུབ་བོ་ཞེས་རང་རང་གི་འདོད་ཕྱོགས་མཐུན་པའི་ལུང་ཚན་རེ་ཁུངས་སུ་བྱས་ཏེ་ཕྱོགས་ཁག་གཉིས་སུ་གྱེས་ཏེ་སྨྲའོ།།
སྣང་བརྟག་སོ་སོར་ཕྱེ་བ།
གོང་སྨོས་ལྟར་འདོད་ཚུལ་མི་འདྲ་བ་རེ་ལ་རྒྱུ་མཚན་རེ་མཆིས་ཀྱང་། རང་རེའི་སྣང་ངོར་འགལ་འདུར་སོང་བ་ལྟ་བུ་དང་། ཕྱོགས་གཉིས་ཀའི་ཐད་ནས་རྒྱུ་མཚན་དང་ལུང་ཁུངས་མི་འདྲ་བ་རེ་བཤད་པས་འདོར་ཐབས་མེད་པའི་གནས་སུ་བསྐྱལ་ཡོད། འོན་ཀྱང་འོ་ཞོ་དཀྲུགས་པས་མར་ལོ་ཐོན་པ་བཞིན་ཚད་གཞུང་གི་བསྟན་བཅོས་དང་མཁས་པའི་གསུང་སྒྲོས་སོགས་ལས་གཤིབ་སྡུར་གྱིས་ཤེས་པ་ནི། འདོད་ཚུལ་དེ་དག་མེ་ཆུ་བཞིན་འགལ་འདུ་དང་། ཅིག་ཤོས་བཟུང་ན་ཅིག་ཤོས་འདོར་དགོས་པ་ལྟ་བུ་མིན་པར་སྣང་བརྟག་ཕྱེ་མ་ཕྱེ་ཡི་ཁྱད་པར་འགྲེལ་བ་ཡིན་ཏེ།
རྣམ་འགྲེལ་ཚད་གཞུང་དུ་སྤྱི་མཚན་གྱི་མཚན་ཉིད་དུ་དོན་བྱེད་མི་ནུས་པ་འཇོག་པའི་སྐབས། མཚན་ཉིད་དེ་གཏན་མེད་སྐྲ་ཤད་འཛག་སྣང་དང་ཟླ་གཉིས་རྨི་ལམ་སོགས་ལའང་ལྡན་པར་ཐལ་བ་བརྗོད་པའི་ཚེ། དེ་དག་ཕྱི་རོལ་དོན་དུ་མེད་ཀྱང་གསལ་སྣང་ཙམ་ནི་ཐ་སྙད་ཚད་མས་བཀག་པ་མེད་པར་ཤེས་པའི་ངོ་བོ་ཉིད་དུ་གྲུབ་པར་བརྗོད། གལ་ཏེ་དེ་ལྟར་ན་བུམ་འཛིན་རྟོག་པ་ལ་སྣང་བའི་དོན་སྤྱི་དེའང་རང་མཚན་གྱི་ངོ་བོར་གྱུར་པའི་ཤེས་རྣམ་དུ་ཐལ་ཞེས་པའི་སྐབས། ཚད་མ་རྣམ་འགྲེལ་ལས།[16] གལ་ཏེ་སྤྱི་ནི་ཤེས་ངོ་བོའི། །དོན་ཉིད་ཡིན་ན་ཐལ་བར་འགྱུར། །དེ་ལྟར་འདོད་ཕྱིར་སྐྱོན་ཡོད་མིན། །དོན་གྱི་ངོ་བོ་ཉིད་ཀྱི་སྤྱི། །ཀུན་ལ་ངོ་བོ་མཚུངས་ཕྱིར་དང་། །དེ་ལྡོག་པ་ལ་བརྟེན་པའི་ཕྱིར། །ཞེས་དང་། རྩ་ཚིག་དེ་ལ་ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་ལེགས་བཤད་སྣང་བའི་གཏེར་ལས།[17] དེ་སྣང་བརྟག་ཕྱེས་ནས་རྟོག་ཡུལ་རང་གི་ངོ་བོ་དེ་ནང་བློ་ཡི་རྫས་སམ་ཕྱི་རོལ་གྱི་དོན་གང་ཡིན་དཔྱད་ན། ནང་ཤེས་པའི་ངོ་བོར་གནས་པས་ན་རང་མཚན་ཡིན་པ་དེ་ལྟར་འདོད་པའི་ཕྱིར་ཐལ་བས་གནོད་པ་གང་ཡང་ཡོད་པ་མ་ཡིན་ནོ། །ཞེས་རྟོག་པ་ལ་སྣང་བའི་སྣང་བ་དང་བརྟག་བྱའི་ཕྱི་རོལ་གྱི་དོན་གཉིས་གཅིག་ཏུ་མ་བཟུང་བར་སོ་སོར་ཕྱེ་ནས་ཡུལ་ཅན་གཞན་ཞིག་གིས་ཕར་ཞིབ་མོར་དཔྱད་པའི་ཚེ། དོན་སྤྱི་དེའི་གདགས་གཞི་དེ་ཉིད་ནང་བློ་ཡི་རྫས་སུ་གྱུར་པ་ཤེས་རྣམ་ལས་མ་འདས་པས་དཔྱད་ན་ཤེས་པའི་ངོ་བོར་གྲུབ་པར་གསུངས་སོ། །དེས་ན་ཡིད་བཞིན་མཛོད་དང་དམ་ཆོས་དོགས་སེལ་སོགས་ལས་ཤེས་པའི་ངོ་བོར་གསུངས་པ་དེ་དག་ཀྱང་སྣང་བ་དོན་སྤྱི་དང་བརྟག་བྱ་ཕྱི་རོལ་གྱི་དོན་གཉིས་སོ་སོར་ཕྱེ་བའི་དབང་དུ་བྱས་ནས་གསུངས་པ་ཡིན།
དེ་ལྟ་ན་སྤྱི་མཚན་དུ་གསུངས་པ་ནི། ལེགས་བཤད་སྣང་བའི་གཏེར་ལས།[18] ཐ་སྙད་དཔྱོད་པའི་སྐབས་ན་སྣང་བརྟག་གཅིག་ཏུ་ཞེན་པའི་དབང་དུ་བྱས་ནས་རྟོག་ཡུལ་གྱི་སྣང་བ་དེ་ཡུལ་ཅན་བློ་ལས་ཐ་དད་པ་ཡུལ་གྱི་ངོ་བོ་ཉིད་དུ་ཞེན་པ་དེའི་ངོར་དེ་ལ་སྤྱི་མཚན་དུ་འཇོག་པ་ཡིན་པའི་ཕྱིར་རོ། །ཞེས་གཙོ་བོ་ཡུལ་ཅན་རྟོག་པ་དེ་ཉིད་ཡུལ་ལ་འཇུག་ཚུལ་དབང་བཙན་དུ་བྱས་ནས་ཕྱི་རོལ་གྱི་དོན་དང་སྣང་བ་གཉིས་གཅིག་ཏུ་ཞེན་ཏེ་སོ་སོར་འབྱེད་མ་ཤེས་པར་འཁྲུལ་བའི་སྟོབས་ཀྱིས། རྟོག་བློ་དེའི་ངོར་སྣང་བརྟག་ཕྱེ་བ་མེད་པས་དེའི་ངོར་དོན་སྤྱི་རྟག་པ་ཡིན་གསུངས། དེས་ན་དེ་སྣང་ཡུལ་དུ་བྱས་པའི་ཡུལ་ཅན་རྟོག་བློ་ལའང་། དོན་སྤྱི་དེ་ཉིད་བརྟག་བྱ་ཕྱི་རོལ་གྱི་ཡུལ་དེའི་དོན་བྱེད་པ་མེད་ཀྱང་སྣང་བརྟག་གཅིག་ཏུ་བསྲེས་ཏེ་ལྷག་པར་ཞེན་པས་དོན་བྱེད་པ་ལྟར་སྣང་བ་དང་། དེ་ལྟར་ཞེན་ནའང་སྣང་བའི་དོན་སྤྱི་དེ་ཉིད་ཕྱི་རོལ་དོན་དེའི་ངོ་བོར་གྱུར་པ་ཅུང་ཟད་ཀྱང་མེད་པའི་སྣང་བ་ཙམ་ཡིན། དེས་ན་དེ་འཛིན་པའི་ཡུལ་ཅན་བློ་ལའང་སྤྱི་བློ་ཁྱད་པར་གསུམ་ལྡན་དུ་བཞག་པ་དང་། སྤྱི་དངོས་མེད་དུ་སྒྲུབ་པ་དང་། དེ་བཞིན་བརྡ་ཡུལ་དང་འགལ་འབྲེལ་མཚན་མཚོན་སོགས་འཇོག་པ་ནི་སྣང་བརྟག་ཕྱེ་བ་མེད་པ་དེ་ཉིད་ལ་ཐུག་གོ།
མི་འཐད་འགལ་འཛོལ་སྤོང་བ།
དེ་ལྟར་སྣང་བརྟག་ཕྱེ་བའི་ཚེ་སྒྲ་སྤྱི་དང་དོན་སྤྱི་སོགས་ནང་བློ་ཡི་རྫས་སུ་གྱུར་པའི་ཤེས་རྣམ་ཞིག་ཏུ་འདོད་ན། ཤེས་པའི་ངོ་བོར་གྱུར་པའི་རང་མཚན་ཞིག་རྗེས་དཔག་དང་སྒྲ་རྟོག་གི་དངོས་ཡུལ་དུ་ཐལ་བས། གོང་དུ་དགག་སྒྲུབ་ཅིག་ཅར་བའི་ཐལ་བ་དང་། དེ་ཉིད་རྟོག་བཅས་ཀྱི་ཡུལ་ཡང་མིན་པར་ཐལ་བའི་གནོད་སྐྱོན་སོགས་ཇི་ལྟར་སྤོང་ཞེ་ན། དང་པོ་ཚད་མ་རྣམ་འགྲེལ་ལས།[19] དེ་ཕྱིར་དངོས་པོ་མཐོང་བ་ཡིས། །ཡོན་ཏན་མཐའ་དག་མཐོང་བ་ཉིད། །ཅེས་སྒྲ་ལྟ་བུ་དོན་རང་མཚན་དེ་ཉིད་རང་འཛིན་མངོན་སུམ་གྱིས་སྒྲུབ་པའི་སྒོ་ནས་འཛིན་ན། དེ་དང་ངོ་བོ་གཅིག་པའི་ཆོས་ཀུན་མཐོང་མ་མཐོང་གི་ཆ་མེད་པར་ཆོས་ཀུན་མཐོང་ཞེས་པ་ལྟར། རྗེས་དཔག་གིས་ཀྱང་རང་མཚན་སྒྲུབ་པའི་སྒོ་ནས་འཛིན་ན། དགག་སྒྲུབ་ཅིག་ཅར་བའི་ཐལ་བ་སོགས་འཇུག་ཅེས་པ་ཡིན། དེ་ཡང་སྣང་བརྟག་མ་ཕྱེ་བ་གཞིར་བྱས་སོ། །འོན་ཀྱང་སྐབས་ཀྱི་རྗེས་དཔག་དེས་རང་ཡུལ་ལ་སྒྲུབ་པའི་སྒོ་ནས་མིན་པར་སེལ་བའི་སྒོ་ནས་འཇུག་པས་སྐྱོན་དེ་དག་མི་འཇུག་སྟེ། དེ་ཡང་ལེགས་བཤད་སྣང་བའི་གཏེར་ལས།[20] སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དེས་སྒྲ་རྟག་པ་ལས་ལོག་ཙམ་གྱི་སེལ་བ་སྒྲུབ་པ་ཡིན་གྱི། རྗེས་དཔག་དེས་རང་ཡུལ་སྣང་བའི་སྒོ་ནས་སྒྲུབ་པ་ཅན་མིན་པས་ན་རྗེས་དཔག་གི་ཡུལ་གཞན་སེལ་བའམ་དགག་པར་སྨྲ་བ་ལ་ཉེས་པ་འདི་ནི་ཐལ་བ་ཉིད་དུ་མི་འགྱུར་ཏེ། ཞེས་གསུངས་སོ།།
གཉིས་པ་རྟོག་བཅས་ཀྱི་ཡུལ་ཡང་མིན་པར་ཐལ་ལོ་ཞེ་ན། དེ་ལྟར་དུ་འདོད་ཅེས་ལན་དོན་མཐུན་ཐེབས་ཏེ། རྟོག་པ་ཡིན་ན། ཚད་མ་རྣམ་འགྲེལ་ལས།[21] མཐོང་བ་འགའ་ལའང་ཤེས་པ་གང་། །སྤྱི་ཡི་དོན་ཅན་རྣམ་རྟོག་པ། །གཞན་གྱི་ཆ་སྒྲོ་མ་བཏགས་པ། །དེ་ཙམ་སེལ་བའི་སྤྱོད་ཡུལ་ཅན། ངེས་པ་དང་ནི་སྒྲོ་འདོགས་ཡིད། །གནོད་བྱ་གནོད་བྱེད་ངོ་བོའི་ཕྱིར། །འདི་ནི་སྒྲོ་འདོགས་དབེན་པ་ལ། །འཇུག་ཅེས་བྱ་བར་ཤེས་པ་ཡིན། །ཞེས་ཡུལ་ཅན་རྟོག་པ་ནི་སྣང་བརྟག་གཅིག་ཏུ་ཞེན་པའི་སེལ་འཇུག་ཡིན་པར་བསྟན་ཏོ། །འདི་ནི་སྣང་བརྟག་ཕྱེ་སྟེ་བཤད་པས། དཔྱད་ཞིབ་ཕྲ་མོའི་སྒོ་ནས་རིགས་པས་ཕར་དེད་ན། ཡུལ་ཅན་རྟོག་པ་དེ་ཉིད་རང་མཚན་གསལ་བར་སྣང་བའི་རང་རིག་ཉིད་ལས་མ་འདས་སོ། །འོན་ཀྱང་རང་རེ་ལ་དོན་རིག་ལྟར་ཤར་བའི་མིག་ཤེས་ལ་ཀ་བ་སྣང་བ་འདི་ཡང་དོན་དུ་ཤེས་པ་རང་གིས་རང་རིག་པ་ཡིན་ཡང་སྣང་ཚུལ་ལ་ཕྱི་རོལ་དོན་དུ་སྣང་བ་བཞིན་མ་བརྟགས་སྣང་ཚུལ་ལ་དེ་ཉིད་བློ་རྟོག་བཅས་ཀྱི་ཡུལ་དང་། དེའི་དངོས་ཡུལ་དུ་གྱུར་པའི་སྒྲོ་བཏགས་སྤྱི་མཚན་དུ་སྣང་ངོ་། །དེས་ན་དོན་སྤྱི་དངོས་མེད་དང་ཤེས་པའི་ངོ་བོ་སོ་སོར་འདོད་པ་ནི་འཇོག་བྱེད་ཀྱི་བློ་དང་འཇོག་ཚུལ་སོ་སོ་ནས་ཡིན་པས་འགལ་འདུར་གྲུབ་པ་ནམ་ཡང་མིན་ནོ།།
མཇུག་བསྔོ་བས་བསྡུ་བ།
གཞན་གྱི་ལོག་རྟོག་སྙིལ་བའི་རིགས་པའི་ཐོག་མདའ་ཞིག་མིན་རུང་།།
རང་ཚོད་དཀའ་བས་བསྐྲུན་པའི་དོན་གྱི་ཚིག་ཚོགས་ཤིག་གྲུབ་པས།།
ཡིད་སེམས་ཀུན་ནས་བསྐྱེད་པའི་རྣམ་དཀར་དགེ་ཚོགས་ཤིག་དཀའ་ཡང་།།
རང་དང་གཞན་སེམས་འཁྲུག་པའི་ཚིག་མཚོན་མི་འགྱུར་ལ་སྨོན་ཡོད།།
[1] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས་ ༩ པར་གསལ།
[2] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས་ ༦༤ པར་གསལ།
[3] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས་ ༤༨ པར་གསལ།
[4] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། དེབ་གཟུགས། ཤོག་གྲངས་ ༡༢༧ པར་གསལ།
[5] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས་ ༡༠ པར་གསལ།
[6] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། དེབ་གཟུགས། ཤོག་གྲངས་ ༤༣ པར་གསལ།
[7] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། ཤོག་གྲངས་ ༣༨༢ པར་གསལ།
[8] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས་ ༥༡ པར་གསལ།
[9] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས་ ༢ པར་གསལ།
[10] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས་ ༤༤ པར་གསལ།
[11] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། ཤོག་གྲངས་ ༣༨༡ པར་གསལ།
[12] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས་ ༣༡ པར་གསལ།
[13] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས་ ༨ པར་གསལ།
[14] དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཀློང་ཆེན་གསུང་འབུམ། པོད་ ༡༤ ཤོག་གྲངས་ ༥༧ པར་གསལ།
[15] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས་ ༢༨ པར་གསལ།
[16] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས་ ༨ པར་གསལ།
[17] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས་ ༩ པར་གསལ།
[18] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས་ ༩ པར་གསལ།
[19] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས་ ༣༠ པར་གསལ།
[20] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས་ ༣༢ པར་གསལ།
[21] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས་ ༣༢ པར་གསལ།