བཙུན་ཆུང་རྣམས་ལ་གཏམ་དུ་བྱ་བ་བདུད་རྩིའི་ཐིགས་ཕྲེང་བཞུགས་སོ།།

འཇམ་མགོན་མི་ཕམ་རྣམ་རྒྱལ་རྒྱ་མཚོ།

འཇམ་པའི་རྡོ་རྗེའི་ཞབས་ཀྱི་ཆུ་སྐྱེས་ལ།།
གུས་པས་ཕྱག་བྱས་ཕན་པའི་གཏམ་ཞིག་འབྲི།།
ཀྱེ་ཧོ་ཤེས་པར་བྱོས་ཤིག་བློ་ལྡན་གྲོགས།།
འཆིང་བ་མི་བཟད་གང་ཡིན་ངོ་ཤེས་འཚལ།།

གཞན་གྱིས་མི་ཐུབ་པ་རྣམས་ཐབས་འདི་ཡིས།།
ཐུབ་པར་བྱས་ནས་བྲན་དུ་བཀོལ་བྱེད་པ།།
མི་གཙང་འཁྲུལ་འཁོར་མཛེས་པའི་ཟོལ་འཛིན་ཅན།།
ས་སྟེང་བུད་མེད་འདོད་ལྷའི་ཞགས་པ་ཡིན།།
ཇི་ལྟར་དཔའ་བོ་སུས་ཀྱང་མི་བརྫི་བ།།
ཐག་ཧྲུལ་ཞགས་པས་བཅིངས་ནས་དགྲ་རྣམས་ཀྱི།།
ལག་ན་འདོད་དགུར་བསྒྱུར་ན་ཇི་ལྟར་མཛེས།།
དེ་བཞིན་བུད་མེད་འཆིང་བ་དེ་འདྲ་སྟེ།།
ཆོས་དང་འཇིག་རྟེན་བྱ་བའི་ལམ་པོ་ལ།།
རང་དབང་ཕུན་སུམ་ཚོགས་པ་རྣམས་ཀྱང་ནི།།
ཕལ་ཆེར་བུད་མེད་ཞགས་པས་འདོད་དགུར་བཅིང་།།
དེ་ལ་འཆིང་བ་ཉིད་དུ་ཤེས་པའང་དཀའ།།
རྒྱལ་པོ་ཆེན་པོའི་བཀའ་ཡིས་མི་བརྫི་བ།།
དེ་དག་བུད་མེད་རྐང་པས་བརྫི་བར་ནུས།།
ཁྱུང་དང་ཁྱབ་འཇུག་འཐབ་པའི་གཏམ་རྒྱུད་བཞིན།།
སྔོན་ཁྱུང་དང་ཁྱབ་འཇུག་འཐབ་པའི་ཚེ་རྟག་ཏུ་ཁྱུང་རྒྱལ་བ་ལས། ཁྱབ་འཇུག་ན་རེ་ང་ལས་མཆོག་སློང་ཞེས་བྱས་པས། ཁྱུང་ན་རེ། ཁོ་བོ་ལས་ཁྱོད་ཀྱིས་བསླང་འོས་ཀྱི་ཁོ་བོས་ཁྱོད་ལས་མཆོག་མི་སློང་ཞེས་ཟེར་བ་ལ། ཁྱབ་འཇུག་ན་རེ། འོ་ན་ཁྱོད་ངའི་བཞོན་པར་གྱུར་ཅིག་ཅེས་བྱས་པས་ཁྱབ་འཇུག་གི་གཡོ་སྒྱུ་དེས་ཁྱུང་བཞོན་པར་གྱུར་པ་དཔེར་བྱས་པ་ཡིན་ནོ།།
བུད་མེད་བསླུ་བྲིད་མཚོན་རྣོན་སྟོང་ལས་ཐུ།།
རིག་སྔགས་ལྕགས་ཀྱུས་ཕ་རོལ་བཀུག་གྱུར་ཀྱང་།།
འདོད་པའི་ལྕགས་ཀྱུས་རང་ཉིད་དམ་དུ་འཛིན།།
ལྕགས་ཀྱུ་ལས་ཀྱང་རྣོ་བའི་བུད་མེད་རྣམས།།
ས་སྟེང་སྐྱེ་བོའི་ཚོགས་ལ་རང་དབང་སྒྱུར།།
འཆིང་བ་མི་བཟད་དེ་ཡི་དབང་སོང་ན།།
རང་དབང་མེད་པར་གཞན་གྱི་དབང་གིས་འགྲོ།།
དེ་ནས་མི་བྲན་རྣམས་ཀྱང་བརྙས་བགྱིད་ན།།
མཐུ་ལྡན་ཆེན་པོ་རྣམས་ཀྱིས་སྨོས་ཅི་འཚལ།།
སྔར་ཚེ་འདོད་པ་ཉུང་ཞིང་ཆོག་ཤེས་ཀྱང་།།
བུད་མེད་འཆིང་བས་ཟིན་ནས་འདོད་པ་དང་།།
འབྱོར་པའི་དོན་གྱི་ངལ་བ་ཤུགས་ཀྱིས་འཕེལ།།
དེ་སླད་གཞན་གྱི་ངོ་སྲུང་སོ་ཚིས་འབད།།
དང་པོར་སེམས་སྟོབས་སྤོབས་པ་མཐོ་གྱུར་ཀྱང་།།
བུད་མེད་དབང་དུ་སོང་ནས་སྤོབས་པ་ཞུམ།།
ཀུན་ལ་འཇིགས་བཅས་རི་དྭགས་རྨས་མའི་ཚུལ།།
རང་གནོང་གཞན་འཕྱ་ཀུན་གྱིས་བརྙས་པར་འགྱུར།།
ལུགས་ཟུང་ཡོན་ཏན་དུ་མའི་རྩ་བ་ནི།།
ཁྲེལ་དང་ངོ་ཚའི་རྒྱན་བཟང་མཛེས་པ་ཡིན།།
དེ་དག་འཕྲོག་པར་བྱེད་པའི་སྒྱུ་ཐབས་ཅན།།
མཛེས་མའི་ཆོམ་རྐུན་ཆགས་ལྡན་རྣམས་ལ་འགྱེད།།
གང་ཞིག་རྙོགས་མེད་ཡིད་མཚོ་དྭངས་པ་ཡང་།།
བུད་མེད་བརྟེན་ནས་ཆགས་དང་སྡང་བ་དང་།།
ཕྲག་དོག་གྱ་གྱུ་རེ་དོགས་སྣ་ཚོགས་ཀྱིས།།
རྟོག་པའི་རྦ་རླབས་རྙོགས་མས་བརྒྱུད་མར་བསླད།།
རང་ལ་བུད་མེད་ཉེས་པའི་རྨ་བྱུང་ཚེ།།
གཞན་གྱིས་ཤེས་སུ་དོགས་དང་གླེང་གིས་དོགས།།
བཅབ་འདོད་གྱ་གྱུ་རྫུན་གྱི་ལམ་ཞུགས་ནས།།
དྲང་པོ་རྣམས་ཀྱང་མི་དྲང་གནས་སུ་འཕེན།།
གཞན་ལ་འཐབ་དང་འཁོན་དུ་འཛིན་པ་དང་།།
ནོར་ཉམས་གྲགས་པ་ཉམས་ཤིང་ཆོས་ཀྱང་ཉམས།།
སྣ་ཚོགས་ཉེས་པའི་ལོ་འདབ་བརྒྱ་ཕྲག་རྣམས།།
བུད་མེད་བརྟེན་པའི་རྩ་བ་དེ་ལས་བྱུང་།།
རྩེད་མོའི་གྲལ་དུ་གཞན་གྱིས་བསྟོད་ན་ཡང་།།
དེ་ལ་ཐོག་མའི་ལན་དུ་བུད་མེད་དང་།།
འབྲེལ་བའི་ཚིག་གིས་སྨ་ཕབ་བྱེད་མིན་ནམ།།
རབ་བྱུང་སྐྱོན་ལ་འདི་བས་ཆེ་བ་ཅི།།
ཕྱི་ཕྱིར་འཕེལ་བ་འདོད་པའི་ཆོས་ཉིད་དེ།།
ཇི་ཙམ་འདོད་ལ་བརྟེན་པ་དེ་ཙམ་འཕེལ།།
ཁ་རོག་འདུག་ན་བུད་མེད་བརྒྱ་མཐོང་ཀྱང་།།
གྲོགས་སུ་རེ་བའི་འདུན་པ་སྐྱེ་མི་སྲིད།།
བུད་མེད་ཅན་གྱིས་བུད་མེད་གང་མཐོང་ཡང་།།
ཆགས་པས་བལྟ་ཞིང་གཏམ་སྨྲ་རེག་པར་འདོད།།
ངོམས་པ་མེད་པའི་རྣམ་རྟོག་མེ་ཆེན་གྱིས།།
ཉིན་དང་མཚན་མོར་ཡིད་ལ་གདུང་བ་སྐྱེད།།
ཇི་ལྟར་གདུག་པའི་སྦྲུལ་གྱི་གཟེབ་བཞིན་དུ།།
བུད་མེད་བརྟེན་པ་ལས་བྱུང་ཉོན་མོངས་དང་།།
སྡིག་སྡུག་གཏམ་ངན་ཡིད་མི་བདེ་བ་བརྒྱ།།
ཆུ་བོའི་གཉེར་མ་བཞིན་དུ་ཟད་པ་མེད།།
རིགས་མེད་གཟུགས་མེད་ཀློག་ཙམ་མི་ཤེས་ཀྱང་།།
རབ་ཏུ་བྱུང་ནས་བུད་མེད་མ་བརྟེན་ན།།
ཡོན་ཏན་གཅིག་པུ་དེ་ཡིས་འཇིག་རྟེན་འདིར།།
གདུགས་བཞིན་མངོན་པར་མཐོ་བ་མ་ཡིན་ནམ།།
མཁས་ཀྱང་ཁ་བཤད་ལག་ལེན་འཆུག་སྙམས་སུ།།
བུད་མེད་ཅན་གྱི་དགེ་སྦྱོང་ཀུན་གྱིས་བརྙས།།
ཚངས་པར་སྤྱོད་པའི་བརྟུལ་ཞུགས་ཀེ་ཏ་ཀ།
སྐྱེ་རྒུའི་ཡིད་མཚོ་དྭངས་བྱེད་མཚུངས་མེད་ཡིན།།
ཁྱད་པར་རྒྱལ་བའི་དམ་ཆོས་འཛིན་པ་རྣམས།།
ཚུལ་ཁྲིམས་བཟང་པོའི་འོད་དང་ལྡན་གྱུར་ན།།
སྤྲིན་མེད་མཁའ་ལ་ཟླ་རྒྱས་ཇི་བཞིན་དུ།།
འགྲོ་བའི་ཡིད་ཀྱི་ལྷ་ལམ་མཛེས་པར་བྱེད།།
རྒྱལ་པོ་ཁྲིམས་དང་ཁྱིམ་བདག་ནོར་དང་ནི།།
སྨད་འཚོང་གཟུགས་དང་དགེ་སྦྱོང་ཚངས་སྤྱོད་ཀྱིས།།
འཚོ་བ་ཉིད་སླད་རང་གི་ཚུལ་བོར་ན།།
ཚུལ་གཞན་གང་གིས་བསྐྱབས་པར་ནུས་མ་ཡིན།།
དེ་བས་རབ་བྱུང་རྣམས་ལ་ཅི་སྨོས་ཀྱི།།
ཁྱིམ་པ་ཡིན་ཡང་རང་གི་བུད་མེད་ཀྱིས།།
མི་ཆོག་གཡེམ་ལ་དགའ་བ་དེ་དག་ནི།།
རིམ་བཞིན་ཉེས་པ་དུ་མའི་རླུབས་སུ་ལྷུང་།།
འདོད་པའི་མེ་ཆེན་མཆེད་ལ་མཐའ་མི་རྙེད།།
རྒ་བའི་ཆད་པས་མནར་ཀྱང་སྐྱོ་མི་ཤེས།།
སྐྱེ་བོའི་ཚོགས་ཀྱིས་འཕྱ་ཡང་ངོ་ཚ་ཆུང་།།
འདི་དག་གཡེམ་ལ་དགའ་བའི་ཉེས་པ་ཡིན།།
མི་གཙང་རྐྱལ་པ་ཕྱི་མདོག་བཟང་ཙམ་གྱི།།
ལང་ཚོ་དར་ལ་བབ་པས་ཡིད་བསླུས་ནས།།
རེ་བ་ཆེན་པོས་བརྟེན་པའི་མོད་ཉིད་ལ།།
ལང་ཚོ་ཡལ་བའི་མི་སྡུག་བཞིན་རས་ངོམས།།
མི་གསོ་ཀ་མེད་བུ་ཚའི་འབྲེལ་ཐག་དང་།།
མི་གསོག་ཀ་མེད་ནོར་གྱི་འཚོ་སྡུད་དང་།།
མི་བསྐྱང་ཀ་མེད་ཁྱིམ་གྱི་བྱ་བ་ཡིས།།
ཇི་སྲིད་འཚོ་ཡི་བར་དུ་ལྡོག་མེད་འཆིང་།།
རང་དབང་དང་བཅས་ཡིད་ཕེབ་སོས་དལ་བར།།
དགེ་བའི་བསམ་སྦྱོར་བྱེད་པར་འདོད་ན་ཡང་།།
མི་ཁོམས་བྲེལ་བས་ཡི་ཆད་སྐྱེ་བའི་ཚེ།།
བུད་མེད་ཉེས་པ་ཤེས་ཀྱང་ལྡོག་ཐབས་མེད།།
གཞོན་པའི་དུས་ན་འདོད་པའི་གཞན་དབང་ཅན།།
རྒས་པའི་དུས་སུ་འགྱོད་པས་ལྷག་པར་གདུང་།།
འདོད་པའི་ལྕགས་ཀྱུས་ཟིན་པར་མ་གྱུར་རྣམས།།
ན་ཚོད་ཡོལ་ཀྱང་ཡོན་ཏན་ལང་ཚོས་མཛེས།།
ངོས་ལྐོག་མི་མཚུངས་གྱ་གྱུ་མི་བརྟན་པ།།
འདོད་པས་མི་ངོམས་ཕྲག་དོག་སེར་སྣ་ཆེ།།
རྟག་ཏུ་འཐབ་ལ་དགའ་བ་ཆེས་མང་གི།
ཡོན་ཏན་ཚུལ་ལུགས་ལྡན་པའི་བུད་མེད་ཉུང་།།
དང་པོ་འཛུམ་པའི་མདངས་ཀྱིས་དགའ་སྟོན་ཡང་།།
སྐྱིད་སྡུག་འདྲེས་ནས་སྡང་བའི་ཁྲོ་གཉེར་མང་།།
བདག་པོའི་ཡིད་མཐུན་ཁྲེལ་ལྡན་རེས་འགའ་ཙམ།།
དེ་བས་བུད་མེད་ཡེ་ནས་སྤང་བ་གཅེས།།
གང་ཞིག་བལྟ་བར་འདོད་ལས་སྨྲ་བར་འདོད།།
སྨྲས་ཤིང་སྨྲས་ནས་རེག་པའི་དུག་གིས་འཆིང་།།
ཡུད་ཙམ་གློག་ལྟར་འགྱུར་བའི་བདེ་བ་ལས།།
འབུམ་ཕྲག་འགྱུར་གྱི་སྡུག་བསྔལ་རྗེས་སུ་སྡང་།།
འབྲལ་བའི་ཚེ་ན་གདུང་བ་བཟོད་པར་དཀའ།།
འགྲོགས་པའི་ཚེ་ན་ངོ་སྲུང་སོ་ཚིས་དཀའ།།
དེ་སོགས་དོན་མེད་བརྒྱ་ཕྲག་དཀའ་བའི་ཁུར།།
མི་ལེན་རང་སར་གནས་པ་མཆོག་ཏུ་བདེ།།
དེ་ཕྱིར་ལྷ་མིའི་སྟོན་པས་མདོ་རྣམས་སུ།།
བུད་མེད་ཉེས་པ་གང་དག་རབ་བསྒྲགས་པའི།།
བདེན་པའི་གསུང་རྣམས་ཡང་ཡང་ཡིད་བྱས་ཏེ།།
བུད་མེད་འཆིང་བའི་རྒྱ་ལས་བྱོལ་བར་བྱ།།
འཆིང་བ་དེས་ཟིན་འདའ་བར་དཀའ་བ་སྟེ།།
འདོད་བདེ་ཡོན་ཏན་ཆེ་བས་མ་ཡིན་ཀྱང་།།
སྲེད་པའི་སེམས་ཀྱི་གཤིས་ངན་མི་འདོར་བས།།
ཇེ་བས་ཇེ་ཞན་འགྲོ་ལ་སོམས་ཉི་མེད།།
འཆིང་བས་མ་ཟིན་སོས་དལ་སྡོད་པ་རྣམས།།
ཡིད་བདེ་རང་སྐྱིད་རྒྱུན་མི་ཆད་པར་འཕེལ།།
རང་དབང་དང་བཅས་གང་དུ་སྡོད་ན་ཡང་།།
ཟུག་རྔུ་མེད་ཅིང་ཅི་བྱེད་རང་མཐུར་ལྡན།།
ལེགས་པར་དཔྱད་ན་གཞོན་ནམ་རྒས་ཀྱང་རུང་།།
ལུས་ནི་མི་གཙང་སོ་དྲུག་འཁྲུལ་འཁོར་ཏེ།།
གློག་འདྲ་འགྱུར་ཞིང་ཡིད་བརྟན་མི་རུང་བར།།
ཤེས་ནས་བུད་མེད་དོན་གྱི་ནན་ཏན་སྤོངས།།
རྒས་ཚེ་འདོད་པའི་བདེ་བ་འཇའ་ལྟར་ཡལ།།
རྒ་བ་འདི་ཡང་ཀུན་ལ་མྱུར་དུ་འབྱུང་།།
ལང་ཚོའི་དུས་སུ་བསམ་བཞིན་ལེགས་བྱས་ཏེ།།
རྒས་པའི་དུས་སུ་འགྱོད་མེད་བདེ་བར་མནོས།།
མཆོག་གི་བློ་མངའ་དྲང་སྲོང་ཆེ་རྣམས་ཀྱིས།།
བུད་མེད་རིན་པོ་ཆེ་འདྲའི་བཙུན་མོའི་ཚོགས།།
ཁྲི་ཕྲག་དུ་མའི་ཚོགས་པ་ལེགས་སྤངས་ནས།།
གཞོན་བཞིན་དཀའ་ཐུབ་ནགས་ན་གནས་པ་སོམས།།
ཡོན་ཏན་རྣམ་པ་མང་པོས་མཛེས་གྱུར་ཀྱང་།།
བུད་མེད་བརྟེན་པའི་རབ་བྱུང་མི་མཛེས་ཏེ།།
བརྒྱ་ཕྲག་རིན་ཆེན་སྤྲས་པའི་གསེར་དངུལ་སྣོད།།
བཤང་གཅིས་བཀང་བར་གྱུར་པ་ཇི་བཞིིན་ནོ།།
ཚུལ་ཁྲིམས་འཆལ་བ་ལས་བྱུང་ངན་འགྲོ་ཡི།།
སྡུག་བསྔལ་མུ་མཐའ་མེད་པ་ཕར་ཞོག་གི།
ཚེ་འདིར་འབྱུང་བའི་ཉེས་པ་རྣམས་བསམ་ན།།
དུག་ཅན་ཟས་བཞིན་ཡིད་འབྱུང་སྐྱེ་བར་རིགས།།
འཇིགས་བཅས་དོགས་བཅས་ཚེགས་དང་བཅས་པ་ཡིས།།
ལན་གཅིག་བརྟེན་པའི་བདེ་བ་གློག་བཞིན་དུ།།
འགྱུར་ཀྱང་དེ་ཡིས་རྨས་པའི་གཏམ་གྱི་རྨ།།
ཇི་སྲིད་འཚོ་ཡི་བར་དུ་ཉམས་པ་མེད།།
གདུག་པའི་སྦྲུལ་གྱིས་ཟིན་འདྲ་དེ་ཡི་ཡིད།།
འདོད་པའི་དུག་གིས་མྱོས་ཤིང་སླར་ཡང་མཆེད།།
རེ་ཤིག་མི་ལ་གསང་སྟེ་སྦས་ན་ཡང་།།
ལྷ་དང་རྣལ་འབྱོར་ལྡན་པས་ཁྲེལ་བར་འགྱུར།།
འཁྲིག་བདེའི་གློགས་འོད་མྱུར་དུ་ནུབ་མོད་ཀྱང་།།
གྲགས་ཉམས་ཚུལ་ཁྲིམས་ཞིག་སོགས་འགྱོད་གདུང་གི།
མུན་པ་དེ་ནི་རྒས་པའི་མཐར་ཐུག་པར།།
ཇེ་བས་ཇེ་མངོན་ཉིད་དུ་གནས་པར་འགྱུར།།
བཙུན་པའི་ཚོགས་ཀྱི་དབུས་ན་ངོ་མཐོ་ཞིང་།།
གནོད་བག་མེད་པར་བག་ཕེབས་སེང་གེའི་ཚུལ།།
འདོད་པའི་ཟུག་རྔུས་ཟུག་པར་མ་གྱུར་པའི།།
བདེ་བ་དེ་ནི་འདོད་བདེ་འབུམ་ལས་ལྷག།
དེ་སླད་འཁྲིག་བདེ་འཚོལ་བ་བཤོལ་ཅིག་དང་།།
དེ་ཡིས་ཁྱོད་ལ་ཅུང་ཟད་མི་གོད་ཀྱི།།
ཡུན་གྱིས་བདེ་ཞིང་སྐྱིད་པ་རྒྱུན་ཆགས་པའི།།
འབྲས་བུ་བཟང་པོ་འཚོ་བའི་བར་དུ་འཕེལ།།
མར་མེའི་འོད་ལ་ཆགས་པའི་སྦྲང་བུ་བཞིན།།
རྙེད་པ་ཀུན་ལས་དེ་གཅིག་ཆེས་ལྷག་པར།།
ནན་ཏན་དཀའ་བ་བརྒྱ་ཡིས་འཚོལ་བྱེད་རྣམས།།
རང་ཉིད་ཉམས་པར་བྱེད་པ་མི་མཐོང་ངོ་།།
དེ་ལྟར་ཤེས་ནས་ཉེས་པ་མང་པོ་ཡིས།།
རང་རྒྱུད་མནར་བའི་འཆིང་བ་མི་བཟད་པ།།
བུད་མེད་ལུས་ཀྱི་ཞགས་པ་ཡིན་ཤེས་ནས།།
དེ་དབང་མ་སོང་རང་དབང་ཐོབ་པ་གཅེས།།
ཅིས་ཀྱང་འདོད་པའི་ལྕགས་ཀྱུའི་དབང་སོང་ན།།
བདེ་གཤེགས་བསླབ་པ་ཁྱད་དུ་མ་གསོད་པར།།
ལེགས་པར་ཕུལ་ནས་རྫུན་མེད་དྲང་པོ་ཡིས།།
དམན་ས་ཟུངས་ལ་ཆོས་ལམ་མ་འགལ་ཅིག།
ཚེ་འདིའི་བསྟོད་སྨད་རེ་བ་མེད་པ་དང་།།
ཟབ་མོའི་ལམ་གྱི་མན་ངག་ལྡན་པ་དང་།།
འཇིག་རྟེན་འདས་པའི་ཤུལ་ལམ་མཆོག་སྙེགས་པའི།།
སྔགས་འཛིན་རྣམས་ལ་བུད་མེད་གྲོགས་སུ་བཟང་།།
དེ་ཡང་ཟབ་མོའི་གནད་དང་མི་ལྡན་པར།།
སྔགས་ལ་ཁུངས་བྱུངས་འཇིག་རྟེན་ཐ་མལ་བ།།
འདི་མེད་ཕྱི་མེད་མདོ་མེད་འབྱུང་སྲིད་ཀྱི།།
བདག་དོན་ཤེས་པ་རྣམས་ཀྱིས་ལེགས་པར་སོམས།།
རྡོ་རྗེའི་ལུས་ལ་རྩ་ཐིག་རླུང་གི་ཚུལ།།
གནད་དུ་བསྣུན་ལས་ཡེ་ཤེས་འཆར་བའི་ལམ།།
མ་རྙེེད་རལ་བའི་ཁུར་འཆང་བུད་མེད་ལུས།།
བསྟེན་པ་ཙམ་གྱིིས་སྔགས་པར་སུ་ཞིག་འགྱུར།།
ལམ་གནད་མེད་ཀྱང་ཆགས་པའི་དབང་སོང་སྟེ།།
ཕྱག་རྒྱའི་གྲོགས་ལྡན་སྔགས་པའི་ཚུལ་འཛིན་ན།།
རྫོགས་རིམ་མན་ངག་བརྩོན་བྱ་དེ་མེད་ཀྱང་།།
ལྷ་སྔགས་བསྙེན་སྒྲུབ་མེད་དུ་མི་རུང་ངོ་།།
ཁྱད་པར་དུས་ཀྱི་སྙིགས་མར་མ་མོའི་ཚོགས།།
དམར་མོ་འཁྲུགས་པའི་ཁ་རླངས་ངད་ཕོག་པས།།
ཕྱི་རྐྱེན་སྡེ་བརྒྱད་འབྱུང་པོ་སྙིང་ཞུགས་ནས།།
འཁྲིག་པའི་འདོད་ཆགས་མེ་ལྟར་འབར་བར་བྱེད།།
མི་ཆེན་བླ་ཆེན་མཁས་དང་མཛངས་པ་རྣམས།།
བུད་མེད་དབང་སོང་སྐྱོན་ལ་ཡོན་ཏན་རློམ།།
ཉིན་མཚན་བུད་མེད་བསམ་དཔྱོད་ཁོ་ན་ལ།།
ནན་ཏན་སྙིང་པོར་བྱེད་པ་འབྱུང་བས་ན།།
རྒྱལ་བས་ཉི་སྙིང་མདོ་ལས་ཞིང་འདི་ཡི།།
མཁས་རྣམས་བུད་མེད་དབང་དུ་འགྱུར་བའི་ཚུལ།།
གསུངས་པ་བཞིན་དུ་སྐྱོན་ཡོན་ཤེས་བྱོས་ལ།།
སྣ་ཚོགས་ཐབས་ཀྱིས་རང་དོན་བསྲུང་ན་ལེགས།།
རྡོ་རྗེ་འཆང་གིས་སྔགས་ཀྱི་རྒྱུད་རྣམས་སུ།།
བུད་མེད་སྨད་པ་རྩ་བའི་ལྟུང་བར་གསུང་།།
ཐེག་མཆོག་ལམ་གྱི་གྲོགས་སུ་བསྔགས་མོད་ཀྱི།།
སྔགས་འཛིན་ཚད་དང་ལྡན་པར་དེ་བཞིན་ཏེ།།
བློ་དམན་སྦྱང་པ་ཆུང་དང་འདོད་ཆགས་ཆེ།།
ཁྲེལ་མེད་རང་མདོ་འཆོར་པའི་མི་རྣམས་ཀྱིས།།
བུད་མེད་བརྟེེན་ལས་ཉེས་པ་བརྒྱ་ཐོབ་ནས།།
སྔགས་ཀྱི་ཡོན་ཏན་མི་ཐོབ་ཕལ་པ་བཞིན།།
དེ་བས་བུད་མེད་སྤང་དང་བུད་མེད་བསྟེན།།
གཞན་གྱི་གཡེམ་ལ་རྒྱུག་པར་མ་བྱེད་པར།།
ནང་གི་རྣལ་འབྱོར་སྨིན་པའི་དུས་དང་ནི།།
བསྟུན་ལ་རང་གིས་རང་མདོ་ཚུལ་བཞིན་སྡོམས།།
གཏེར་དང་ལམ་གྲོགས་ཡིན་ཀྱང་དེ་སྨྲས་ན།།
དེང་དུས་ཟོག་པོ་སྙམ་དུ་འཕྱ་བའི་རྒྱུ།།
དེ་ཕྱིར་དགོས་པ་ཡོད་ཀྱང་མི་སྨྲ་སྨོས།།
ཡོན་ཏན་ཁྱད་པར་ཐོབ་ན་སླད་ནས་ངོམས།།
རང་ལ་བུད་མེད་མེད་པས་ཡིད་ཁེངས་ནས།།
བུད་མེད་དང་བཅས་རྣལ་འབྱོར་དངོས་སམ་གཞན།།
གཟུགས་བརྙན་ཡིན་ཡང་བརྙས་པར་མ་བྱེད་པར།།
ཡིད་ཀྱི་དག་སྣང་རྒྱ་ཆེར་སྤེལ་ན་ལེགས།།
རྒྱལ་བས་བསྔགས་ཤིང་རྟེན་འབྲེལ་གནད་ཟབ་པའི།།
བུད་མེད་སྒྱུ་མ་གསང་སྔགས་ལམ་གྱི་གྲོགས།།
ཚུལ་བཞིན་བརྟེན་ལ་ཡོན་ཏན་ཚད་མེད་ཕྱིར།།
སྐྱེས་པས་སྐྱེས་པར་གཡེམ་པས་འཕྱ་འོས་མིན།།
གསང་སྔགས་ལམ་གྱི་རྟེན་འབྲེལ་ཟབ་པའི་ཕྱིར།།
ལམ་མཆོག་དེ་ལ་ཚུལ་བཞིན་གུས་ལྡན་ན།།
ལམ་གྲོགས་ཕོ་ཉའི་རེག་པ་སྨོས་ཅི་དགོས།།
ལྷན་ཅིག་འདུས་པ་ཙམ་གྱིས་དགེ་བར་གྲགས།།
རབ་བྱུང་བསླབ་ལ་ལེགས་གནས་དེ་གཅིག་པུས།།
གྲུབ་མཚན་མེད་ཀྱང་ཀུན་གྱི་མཆོད་འོས་ཡིན།།
གཏེར་སྟོན་པའམ་སྔགས་པར་ཁས་འཆེ་ན།།
གྲུབ་མཐུ་ནུས་མེད་ཀུན་གྱི་བཞད་གད་འགྱུར།།
ཆགས་ལམ་བརྟེན་པའི་ཡོན་ཏན་མི་སྣང་ཡང་།།
སྐྱེ་བོ་གཞན་ལ་སྤྱོད་ངན་ཤུགས་ཀྱིས་འགོ།
བསྟན་པ་རིན་ཆེན་འདི་ཡང་སྨ་འབེབ་ཕྱིར།།
བསྟན་འཛིན་རྣམས་ཀྱིས་ཅི་ནས་བག་ཡོད་མཛོད།།
རྒྱ་གར་པཎ་གྲུབ་ཚོགས་ཀྱང་སྤྱོད་པ་ལ།།
གཤེགས་ཚེ་ནགས་སུ་སྦས་པའི་ཚུལ་གྱིས་བཞུགས།།
དགེ་འདུན་ཆོས་སྡེའི་མགོ་འཛིན་མི་མཛད་པ།།
དེ་བཞིན་དབེན་པར་སྦས་ཏེ་སྒྲུབ་ན་ལེགས།།
ཆགས་པའི་དབང་གིས་བུད་མེད་བཟུང་བྱས་ཀྱང་།།
བླ་མའི་ཚུལ་གྱིིས་འཚོ་བ་སྒྲུབ་དགོས་པའི།།
དུས་ངན་ཁྲིམས་ལ་འཐོགས་པ་མང་ན་ཡང་།།
གྲུབ་རྫུ་གཏེར་རྫུའི་ཟོལ་ཟོག་དེས་ཅི་བྱ།།
ཆགས་ཅན་ཆགས་པའི་ལམ་གྱིས་གྲོལ་བ་ཡི།།
གསང་སྔགས་བསྟན་པ་ཉི་མ་བཞིན་གནས་ཕྱིར།།
སྔགས་ཀྱི་ལམ་ཚོལ་ཚུལ་བཞིན་བརྩོན་ཅིག་དང་།།
ཕྱི་ནས་ཡང་དག་སྔགས་པར་འགྱུར་ཀྱང་སྲིད།།
བསླབ་པ་ཞིག་དང་རྙེད་བཀུར་ཉམས་སོགས་ཀྱི།།
དོགས་མེད་ཟོལ་མེད་ཁེངས་པ་མེད་བཞིན་དུ།།
རང་ཉམས་བདེ་ལྡན་ཆོས་དང་མ་འགལ་ན།།
གྲོང་ཁྱེར་སྔགས་པའི་ཚོགས་ཀྱང་སྨད་དུ་མེད།།
སྙིགས་མའི་སྨག་ཆེན་བདོ་དང་གསང་སྔགས་ནི།།
རྒྱུ་སྐར་བདག་པོར་འགྲན་པ་བཞིན་དུ་འབྱུང་།།
དེ་ཕྱིར་ཡང་དག་སྔགས་འཛིན་གཏེར་སྟོན་ཀྱང་།།
འབྱུང་པའི་དུས་ཡིན་དག་སྣང་སྤེལ་ན་ལེགས།།
ཆགས་པའི་མདའ་རྣོན་སྙིང་ལ་མ་ཟུག་པ།།
དེ་དག་འཇིག་རྟེན་ནང་ན་དཔའ་བའི་མཆོག།
ཆགས་ལ་བརྟེན་ནས་ཆགས་ལས་རྣམ་གྲོལ་བ།།
དེ་དག་ཕྱོགས་རྣམས་ཀུན་ལས་རྣམ་པར་རྒྱལ།།
འཇམ་དཔལ་དཔའ་བོ་གཞོན་ནུ་མཛེས་པའི་སྐུ།།
རྟག་ཏུ་ཚངས་པར་སྤྱོད་པའི་ངང་ཚུལ་ཅན།།
ལྷན་སྐྱེས་བདེ་བའི་བཙུན་མོར་རོལ་བཞིན་པ།།
ངོ་མཚར་སྲིད་པ་གསུམ་གྱི་དབུས་ན་མཛེས།།
དེ་ཉིད་བདག་དང་གཞན་གྱི་སྙིང་ལ་ཡང་།།
ཡེ་ནས་བྲི་གང་བྲལ་བར་ལེགས་བཞུགས་པའི།།
བདེན་པ་དེ་ཡིས་མཁའ་ཁྱབ་ཡིད་ཅན་རྣམས།།
བདེ་བ་ཆེན་པོའི་གྲོང་ཁྱེར་ཕྱིན་གྱུར་ཅིག།
ཅེས་པའང་རབ་ཚེས་རྣམ་རྒྱལ་ཆུ་སྦྲུལ་ཟླ་བ་ ༠༦ ཚེས་ ༠༨ ལ་སྙིགས་མའི་གྲོང་སྔགས་པ་འཇམ་དཔལ་དགྱེས་པས་བྲིས་པ་མངྒ་ལཾ། དགེའོ།། །།

ཁུངས་གཏུག་སའི་ཡིག་ཆ།
ནང་བསྟན་དཔེ་ཚོགས་ལྟེ་གནས། W2DB16631 མི་ཕམ་བཀའ་འབུམ། ལྕགས་པར།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།