རིན་ཆེན་གཏེར་མཛོད་ཆེན་མོ་ཇི་ལྟར་ཕྱོགས་སྒྲིག་གནང་བའི་ལོ་རྒྱུས།

སློབ་སྤྲུལ་འཆི་མེད་ཚེ་དབང་།

་་་་་་་འདོན་ཐེངས་སྔོན་མའི་འཕྲོ།

གཏེར་མཛོད་ཆེན་མོ་པར་ཤིང་དུ་བརྐོས་པའི་ཚུལ་བརྗོད་པ་ནོར་བུ་རིན་ཆེན་ལྟ་བུའི་གཏམ།

སྔོན་དུས་ཤར་དཔལ་སྤུངས་དགོན་དང་འོག་མིན་མཚུར་ཕུ་གདན་ས་གཉིས་ན་གཏེར་མཛོད་ཀྱི་པར་ཤིང་བཞུགས་ཡོད་པ་ལས། དང་པོ་དཔལ་སྤུངས་ཀྱི་པར་ཤིང་དེ་ཉིད་བརྐོ་བའི་མཐུན་རྐྱེན་སྒྲུབ་མཁན་གཙོ་བོ་དཔལ་སྤུངས་དབོན་སྤྲུལ་གསུམ་པ་ཀརྨ་སྒྲུབ་བརྒྱུད་བསྟན་འཛིན་ཕྲིན་ལས་དང་། སྡེ་དགེའི་ཆོས་རྒྱལ་ཆེན་པོ་དཔལ་ལྡན་འཆི་མེད་རྟག་པའི་རྡོ་རྗེ། སྡེ་དགེ་རྒྱལ་པོའི་གཉེར་ཆེན་པདྨ་ལེགས་གྲུབ་གསུམ་ཡིན། དེ་ཡང་ཀོང་སྤྲུལ་རིན་པོ་ཆེས་གཏེར་མཛོད་དབང་ལུང་ཐེངས་གཉིས་པ་གནང་དུས་དབོན་སྤྲུལ་རིན་པོ་ཆེ་ཡང་གསན་མཁན་གྲལ་དུ་བཞུགས་ཡོད་པས། ཁོང་ནས་གཏེར་མཛོད་འདི་ཉིད་འཆད་སྤེལ་དང་ཉམས་ལེན་ནི་འོང་དཀའ་ཡང་དཔེ་ཆ་ཐམས་ཅད་པར་དུ་བརྐོ་རྒྱུ་ཡིན་ཚུལ་ཀོང་སྤྲུལ་མཆོག་ལ་ཞུས་ཀྱང་། དབོན་སྤྲུལ་རིན་པོ་ཆེ་ལ་གློ་བུར་དུ་བར་ཆད་བྱུང་ནས་མཐུན་འགྱུར་ཆ་ཚང་བ་ཞིག་གནང་མ་ཐུབ། ཕྱིས་ཀོང་སྤྲུལ་རིན་པོ་ཆེ་ཉིད་ཀྱིས་སྡེ་དགེའི་རྒྱལ་པོ་ལ་ཐེངས་གསུམ་ཙམ་ནན་ཞུས་ཀྱིས་པར་བརྐོའི་འགན་འཛིན་གཉེར་ཆེན་ཞིག་བསྐོ་རོགས་གསུངས་པ་ལྟར་གཉེར་ཆེན་པདྨ་ལེགས་གྲུབ་མཆོག་གིས་ཐུགས་འགན་བཞེས་ཏེ། དངོས་གཞི་ཕྱི་ལོ་ ༡༨༧༦ རབ་བྱུང་བཅོ་ལྔ་པའི་མེ་ཕོ་བྱི་བའི་ལོའི་ནག་པ་ཟླ་བ་ཙམ་ནས་དབུ་བཙུགས་ཏེ་ལོ་དང་པོ་ལ་མི་བརྒྱད་ཅུ་ཙམ་གྱིས་བརྐོས། ལོ་གཉིས་པ་ལ་མི་བརྒྱད་ཅུ་ལྷག་ཙམ་དང་། ལོ་གསུམ་པ་ལ་མི་བརྒྱ་ལ་ཉེ་བ། ལོ་བཞི་པ་ལའང་མི་བརྒྱ་ཙམ་གྱིས་བརྐོས།

དེ་ནས་རྒྱལ་པོ་དང་གཉེར་ཆེན་བར་ལ་གཞན་གྱི་ཕྲ་མ་བྱུང་སྟེ་གཉེར་ཆེན་ཡུལ་བྱོལ་ལ་ཕེབས་དགོས་ཐུག་པའི་རྐྱེན་གྱིས་པར་བརྐོ་འཕྲོར་ལུས་ལ་ཉེ་སྐབས། སྡེ་དགེ་རྒྱལ་ཁབ་གཞུང་ནས་འགྲོ་གྲོན་བཏང་སྟེ་ལོ་གསུམ་གྱི་རིང་ཤིང་བརྐོ་བ་མི་མགོ་བཞི་ཅུ་ཙམ་གྱིས་ལོ་རེར་ཟླ་བ་ལྔ་དང་དྲུག་ཅི་རིགས་པར་བརྐོས། འདིའི་མཚམས་སུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་དྲིན་གྱིས་ཆོས་རྒྱལ་དང་གཉེར་ཆེན་བར་གྱི་ཕྲ་མ་བསལ་ནས་ཐུགས་མཐུན་ནའང་བར་ཆད་ལྟ་བུས་གཉེར་ཆེན་སྐུ་གཤེགས་པ་དང་། ནད་ཡམས་སོགས་ཀྱི་རྐྱེན་པས་ལོ་ངོ་གསུམ་ཙམ་པར་ཤིང་བརྐོ་སྟབས་ཆག་ཅིང་། སླར་ཁྱི་ལོ་ནས་ལོ་ལྔའི་བར་དུ་སྔར་ལྟར་གཞུང་གིས་ཕོགས་ཆས་གནང་སྟེ་ལས་ཚན་ཉི་ཤུ་ཡན་དང་ལྔ་བཅུ་མན་གྱིས་ཟླ་བ་བཞི་དང་དྲུག་གི་བར་ཅི་རིགས་བརྐོས་པ་བཅས་སྔ་ཕྱི་ཡོངས་བསྡོམས་ལོ་བཅུ་གཉིས་ཙམ་འགོར་ཡོད་ཚོད། ཞུ་དག་པ་དཔལ་སྤུངས་མཁན་པོ་ལྷག་བསམ་བསྟན་པའི་རྒྱལ་མཚན་གང་ཉིད་ལྕགས་སྟག་ལོར་རྒྱལ་དབང་ཀརྨ་པའི་ཞབས་ཕྱིར་དབུས་ལ་ཕེབས་དགོས་བྱུང་བའི་ལོ་དེ་ཕུད། དེ་མིན་ལོ་ངོ་བཅུ་གཅིག་ཧྲིལ་པོར་ཞུ་དག་མཛད་ཅིང་། ལོ་དང་པོ་དེར་ཁོང་རང་གི་སྐུ་མཆེད་ཀརྨ་ཚེ་དཔལ་གྱིས་དབྱར་ཐོག་གཅིག་ཙམ་དང་། དེའི་ལོ་རྗེས་མ་སྐྱབས་རྗེ་བསོད་ཆོས་སྤྲུལ་སྐུ་ཞུ་བ་ཞིག་གིས་ཟླ་ངོ་གསུམ་ཙམ་ཞུ་དག་གི་ཕྱག་རོགས་གནང་བ་མ་གཏོགས། ཕྱིས་སུ་འདོན་མཁན་མི་གཅིག་ལས་གཞན་གྲོགས་དན་སུ་ཡང་མེད་པར་ཁོང་རང་སྐུ་རྐྱང་གིས་ཞུ་དག་གནང་ཚུལ་དང་། ལོ་དང་པོ་བཞིའི་འགྲོ་གྲོན་ཆ་ཚང་སྡེ་དགེའི་གཉེར་ཆེན་པདྨ་ལེགས་གྲུབ་དང་ཕྱི་མ་བརྒྱད་ལ་སྡེ་དགེའི་རྒྱལ་ཁབ་གཞུང་གིས་གནང་བའི་སྟེང་། དཔལ་སྤུངས་དབོན་སྤྲུལ་དང་། དཔལ་ཡུལ་རྒྱ་སྤྲུལ་སོགས་བླ་ཆེན་རྣམ་པས་ཀྱང་ཞལ་འདེབས་སྤོམ་མཐོར་གནང་བའི་སྐོར་རིན་ཆེན་གཏེར་མཛོད་ཆེན་མོ་སྤར་དུ་ཇི་ལྟར་བསྒྲུབས་པའི་ཚུལ་དཔག་བསམ་གསར་པའི་ཁྲི་ཤིང་ཞེས་བྱ་བ་དེར་གསལ་པོར་འཁོད་འདུག ཡིན་ནའང་པོད་གྲངས་ཇི་ཙམ་བརྐོས་ཡོད་མེད་ཡིག་ཆ་ཁ་གསལ་ཅན་ཞིག་མ་རྙེད་ཀྱང་། འཇམ་མགོན་ཉིད་ཀྱི་རང་རྣམ་བྱུང་བ་བརྗོད་པ་ལས། དེ་ལྟར་ས་གཏེར་དགོངས་གཏེར་དག་སྣང་སྙན་བརྒྱུད་ཀྱི་ཆོས་སྐོར་རྒྱ་ཆེ་བ་རྣམས་དབང་གི་སྙིང་པོ་དང་། ཁྲིད་རྒྱུན་ཡོད་རིགས་རྩ་བར་བཟུང་། སྒྲུབ་ཐབས་ཕྲིན་ལས་དབང་ཆོག་བསྙེན་ཡིག་དང་ཁྲིད་ཡིག་སོགས་གང་དགོས་གསར་དུ་སྦྱར། ཆོས་ཚན་ཉུང་ངུ་དང་རྒྱུན་དཀོན་པའི་རིགས། གཏེར་ཕྲན་རྣམས་ཀྱི་གཞུང་དང་ཡིག་རྙིང་རྣམས་ཕྱོགས་གཅིག་ཏུ་བསྡུས། དེ་དག་ལའང་གསལ་བྱེད་དགོས་པ་ལ་ཟུར་འདེབས་སོགས་ཞིབ་པར་བཀོད་པའི་པོད་དྲུག་ཅུར་ལོངས་པ་བཞུགས། ཞེས་གསུངས་པ་ལྟར་དང་ཐོག་པོད་དྲུག་ཅུ་བཞུགས་ཡོད་ཚོད་འདུག་ཅིང་། ཕྱིས་སུ་སི་ཏུ་པདྨ་དབང་མཆོག་རྒྱལ་པོས་ཞལ་སྐོང་ཡང་གནང་ཡོད་པས་པོད་དྲུག་ཅུ་རེ་གྲངས་ཤིག་མེད་དམ་སྙམ་མོ།

གཉིས་པ་མཚུར་ཕུའི་ཤིང་པར་ནི་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅོ་ལྔ་པ་ཀུན་བཟང་མཁའ་ཁྱབ་རྡོ་རྗེ་མཆོག་གི་བླ་ན་མེད་པའི་ཐུགས་བསྐྱེད་ལ་བརྟེན་ནས། ཕྱི་ལོ་ ༡༩༠༩ རབ་བྱུང་བཅོ་ལྔ་པའི་ས་མོ་བྱའི་ལོའི་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་གསུམ་ནས་དབུ་བཙུགས་ཏེ་སྤར་བརྐོ་བ་མི་གྲངས་ལྔ་བཅུ་ལྷག་ཙམ་གྱིས་བརྩོན་པ་ལྷོད་མེད་ངང་ལོ་ངོ་གསུམ་དང་ཟླ་བ་གསུམ་ཙམ་རིང་བརྐོས་པས་ཆུ་ཕོ་བྱི་བའི་ས་ག་ཟླ་བའི་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཚེས་བཟང་པོར་རབ་གནས་དང་བཅས་པ་ཡོངས་སུ་གྲུབ། ཐོག་མའི་ཞུ་དག་དཔལ་རྒྱལ་བའི་དབང་པོ་ཉིད་ཀྱིས་གནང་བས་མཚོན་སྔ་ཕྱི་ཅི་རིགས་པར་རྡོར་སློབ་ཀརྨ་ལེགས་བཤད་ཕུན་ཚོགས། འོག་མིན་ཀརྨའི་དགེ་འདུན་པ་དགེ་སློང་རབ་བརྟན། སྒྲུབ་བརྩོན་སྤུ་བོ་བླ་མ་ཀརྨ་ངེས་དོན་རྒྱ་མཚོ། སྒ་བན་རྒན་དགོན་གྱི་དབྱར་གནས་མཁན་ཟུར་ཀརྨ་གཞན་ཕན་རྡོ་རྗེ་དང་། ལྷག་པར་དུའང་གསེར་རོང་ལྷ་རྩེ་བའི་དགེ་སློང་བླ་མ་ཐུབ་བསྟན་འཇམ་དཔལ་ཚུལ་ཁྲིམས་གྲགས་པ། ཤར་ཀཿ ཐོག་པའི་སྤྲུལ་སྐུ་ཀུན་བཟང་པདྨ་བསྟན་འཛིན་བཅས་ཀྱིས་གཟིགས་ཞིབ་གནང་བ་ཡོངས་བསྡོམས་ཞུ་དག་ཐེངས་གསུམ་ཙམ་གྲུབ་ཅིང་། འབྲུག་རྒྱལ་དང་པོ་གོང་ས་ཨོ་རྒྱན་དབང་ཕྱུག་སོགས་ཀྱིས་ཡོན་སྦྱར་བའི་སྐོར་གཏེར་མཛོད་སྤར་དུ་བསྒྲུབས་པའི་རྟོགས་བརྗོད་ལྷ་ཡི་རྔ་བོ་ཆེའི་སྒྲ་དབྱངས་རྒྱ་མཚོའི་སྤྲིན་གྱི་བླ་བྲེ་ལས། ལྷོ་ལྗོངས་སྨན་དང་མེ་ཏོག་གི་ནགས་ཚལ་གྱི་དྲ་བས་ཁེབས་པའི་ཞིང་ལ་མངའ་དབང་བསྒྱུར་བ། དཔལ་ལྡན་འབྲུག་པའི་བསྟན་སྲིད་འདེགས་པའི་སྤོས་ཀྱི་གླང་པོ། ནོར་འཛིན་བདེ་དགེའི་ཁྲིམས་ཀྱིས་ཆོས་བཞིན་སྐྱོང་བའི་མི་བདག་དམ་པ། ཀྲོང་གསར་དཔོན་སློབ་ཨོ་རྒྱན་དབང་ཕྱུག་མཆོག་ནས། ཐོག་མར་ཀུན་གཟིགས་འཇམ་མགོན་པདྨ་འོད་གསལ་མདོ་སྔགས་གླིང་པའམ། མཚན་གཞན་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསང་ཆེན་བསྟན་པའི་དཔལ་དུ་བཀའ་བབས་རིན་པོ་ཆེ་བདུན་གྱི་ཤིང་རྟ་གསར་དུ་འདྲེན་པར་མཛད་པ་རྣམས་ཀྱིས་གཙོས་གླེགས་བམ་བཅུ་ཕྲག་གཅིག་ལས་ལྷག་པའི་ཡོན་དང་། སླར་ཤིང་རྟ་བརྒྱ་ཕྲག་སུམ་ཅུ་གཏོང་བའི་ཕྱག་ཡངས་པོར་བརྐྱངས་ཏེ། ཐོག་མའི་རྟེན་འབྲེལ་རྨད་དུ་འབྱུང་བའི་སྒོ་འཕར་ཕྱེས། གནམ་བསྐོས་གསེར་གྱི་རྒྱལ་ཁབ་ཕྱོགས་ལས་རྣམ་པར་རྒྱལ་བའི་མདུན་ས་ཆེན་པོ་ནས་གསུང་སྤར་ཞུ་དག་གི་ཐེབས་སུ་འབྲུ་རིགས་ཁལ་བཅུ་ཕྲག་ཉི་ཤུ་ཐམ་པ་བསྩལ། ཁྱུང་པོ་སྤྲུལ་སྐུ་ལྷན་རྒྱས་ནས་པོད་བཅུའི་ཡོན་དང་། སྤར་གྱི་ཕྱི་མོ་འདོད་བུམ་ཐེ་བའི་པོད་དྲུག་ཅུ་རེ་གཅིག་བཅས་སྦྱོར་བར་མཛད། རིག་འཛིན་འཇའ་ཚོན་སྙིང་པོའི་བསྟན་པ་འཛིན་པའི་སྐྱེས་མཆོག་ལ་སྟོད་དོལ་པོ་ཤེལ་རི་སྤྲུལ་པའི་སྐུས་བསྟན་དང་བླ་མའི་སྲི་ཞུ་ཐུགས་དབུས་སུ་བཅངས་ཏེ་ཤུལ་ལམ་རིང་པོའི་ངལ་བར་མ་ལྟོས་པར་སློབ་འབངས་སྦྱིན་བདག་བཅས་ནས་པོད་ལྔའི་ཡོན་འབུལ་མཛད། སྦས་ཡུལ་འབྲས་མོ་གཤོང་ནས་འབར་ཉག་སྤྲུལ་སྐུ་ཀརྨ་དཔལ་ལྡན་ཆོས་རྒྱལ་ནས་འགྲོ་དོན་ཁུར་དུ་བཞེས་ཏེ་སྲིད་སྐྱོང་ཡབ་སྲས། བཙུན་མོ་བློན་འབངས་རྣམས་ནས་པོད་གསུམ་ལྷག་གི་ཡོན་བསྟབས། གནམ་བསྐོས་དགའ་ལྡན་ཕོོ་བྲང་ཆེན་པོའི་བཀའི་མདུན་ན་འདོན་ཡབ་གཞིས་ལྷ་ཀླུ་ནས་པར་ཤིང་ལྡེབ། ༧༨༠ ཁྲི་སྨོན་གཟིམས་ཤག་ནས་པར་ཤིང་ལྡེབ། ༡༠༤༨ མདོ་ཟུང་གཟིམས་ཤག་ནས་པོད་གཅིག གླ་ཡ་བྱ་རིགས་གཟིམས་ཤག་ནས་པོད་གསུམ་ཆ་གཅིག སྨར་ཁམས་ཚོང་དཔོན་ཉི་མ་རྒྱལ་མཚན་ནས་པོད་གཅིག་དང་གསུམ་ཆ་གཉིས་ཀྱི་ཡོན་དང་། ཞེས་སོགས་ད་དུང་ཡོན་བདག་གི་མཚན་མང་དུ་འདུག་ཀྱང་ཡིག་ཚོགས་ལ་འཇིགས་ནས་མ་བྲིས་ཤིང་། མདོར་ན་འཇམ་མགོན་ཀོང་སྤྲུལ་གྱི་ཕྱི་དང་ནང་གི་རྣམ་ཐར་ཐེ་བའི་མཚུར་ཕུའི་ཤིང་སྤར་ལ་པོད་དྲུག་ཅུ་རེ་གཉིས་ཙམ་བཞུགས་ཡོད་དམ་སྙམ་མོ།།

གཏེར་མཛོད་ཆེན་མོ་ཁ་སྐོང་མཛད་པའི་ཚུལ་བརྗོད་པ་དམག་དཔོན་རིན་ཆེན་ལྟ་བུའི་གཏམ།

སྔོན་འཇམ་མགོན་རིན་པོ་ཆེས་ཕྱོགས་སྒྲིག་གནང་བ་དེའི་སྟེང་ཉིད་ཀྱི་ཞལ་སློབ་བྱམས་མགོན་ཏའི་སི་ཏུ་པདྨ་དབང་མཆོག་རྒྱལ་པོས་ཀོང་སྤྲུལ་ཉིད་ཀྱི་ཟབ་གཏེར་ཕལ་ཆེ་བ་དང་། འཇམ་མགོན་མི་ཕམ་རིན་པོ་ཆེས་མཛད་པའི་ཡང་གཏེར་རྩ་གསུམ་དྲིལ་སྒྲུབ་ཀྱི་ཟིན་བྲིས་དང་། སྤྱི་དོན་འོད་གསལ་སྙིང་པོ། ཀོང་སྤྲུལ་རིན་པོ་ཆེ་གསུང་ཐུན་མཚམས་ཆོས་སྤྱོད་དགོས་པ་ཀུན་ཚང་སོགས་ཆོས་ཚན་འགའ་ཞིག་ཁ་སྐོང་དུ་བཅུག་གནང་འདུག་པ་དེ་དག་དཔལ་སྤུངས་ཤིང་སྤར་གྱི་གཤམ་དུ་ཡོད་དམ་སྙམ། དེ་བཞིན་རྒྱལ་དབང་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེས་བཞེངས་པའི་མཚུར་ཕུའི་སྤར་མ་དེར་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་དང་། ཀོང་སྤྲུལ་རིན་པོ་ཆེའི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར་ཁག་གསར་བསྣན་མཛད་འདུག་ཀྱང་། དཔལ་མཚུར་གྱི་ཤིང་སྤར་ཁག་གཉིས་པོར་རང་རང་ས་ནས་ཞལ་སྐོང་མི་འདྲ་བ་རེ་མཛད་པ་ཙམ་ལས་གཅིག་ལ་གཅིག་བསྟུན་གྱིས་སྔ་མའི་སྟེང་ཕྱི་མ་བསྣན་པ་དེ་འདྲ་ནི་ཡིན་ཚོད་མི་འདུག་སྙམ་ཡང་། དུས་ཚོད་དང་ཆ་རྐྱེན་གྱི་དབང་གིས་ཞིབ་མོར་དཔྱོད་མ་ཐུབ་པས་ངེས་པ་རྙེད་པའི་གཏམ་ནི་མ་ཡིན་ནོ། །དུས་ཕྱིས་བོད་ཕྱི་ལོགས་སུ་རྡོ་རྗེ་འཆང་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་དཔལ་མཚུར་གཉིས་ཀྱི་ཤིང་པར་ཐོག་ཏུ་བཞུགས་པའི་ཞལ་སྐོང་རྣམས་ཚུར་བསྡོམས་པའི་སྟེང་། མཁྱེན་བརྩེ་རིན་པོ་ཆེ་ཉིད་ཀྱིས་ཀྱང་ཞལ་སྐོང་ཆེ་ཕྲ་མང་དུ་མཛད་དེ་པོད་བདུན་ཅུ་ཙམ་བཞུགས་ཡོད་པར་ཐོས། གཏེར་མཛོད་ཞལ་སྐོང་ཞུ་སྟངས་ཐད་ལ་འཇམ་མགོན་རིན་པོ་ཆེ་ཉིད་ཀྱིས་གཏེར་རྙིང་བྱིན་ཆེན་རེ་རྙེད་ན་འདིར་འཛུད་ཆོག་པར་གསུངས་ཡོད་ཀྱང་། སི་ཏུ་པདྨ་དབང་མཆོག་རྒྱལ་པོས་རིན་ཆེན་གཏེར་མཛོད་ཆེན་མོ་འདི་འཇམ་མགོན་བླ་མ་རྣམ་གཉིས་ཀྱིས་ཐོག་མར་ཕྱོགས་སྒྲིག་གནང་དུས་ནས་བཀའ་རྒྱ་ཧ་ཅང་དོག་པོ་མཛད་ཡོད་པས་ཕྱིས་སུ་ཞལ་སྐོང་ཞུ་རྒྱུའི་ཐད་ལ་ཧ་ཅང་གཟབ་དགོས་ཚུལ་གཏེར་མཛོད་རྟོགས་བརྗོད་ངོ་མཚར་བདུད་རྩིའི་འབྱུང་གནས་ལས། དམིགས་བསལ་བརྒྱུད་ཡིག་ལས་གཏེར་རྙིང་བྱིན་རླབས་ཅན་རྒྱུན་དཀོན་ངེས་འདྲ་མཆིས་ན་སླད་ནས་གཞུག་ཏུ་གསོལ་བའི་འཕྲོས་ཤིག་གནང་བ་འདི་ཁོ་ནས་ཀྱང་གཏེར་གསར་ངེས་མེད་རིགས་ནི་ཕྱིན་ཆད་གཞག་རྒྱུ་མིན་པའི་གཏན་ཚིགས་གཞིག་ཏུ་མེད་པར་གྲུབ་འདུག་ཅིང་། དེ་ལྟ་བུའང་བཀའ་རྙིང་གང་ཡིན་ཡང་རུང་བའི་མཁས་གྲུབ་གཉིས་ལྡན་ཐམས་ཅད་གཟིགས་པའི་སྐྱེས་བུ་ཚད་མར་གྱུར་པ་ཅན་བྱུང་བ་ལྟ་བུས་བསྲེག་བཅད་བརྡར་བའི་གསེར་བཞིན་དུ་བརྟགས་ཏེ་དགོས་པ་ཁྱད་པར་ཅན་མཆིས་ན་གཏེར་རྙིང་རྒྱུན་ཤིན་ཏུ་དཀོན་རིགས་བཞུགས་སུ་གསོལ་བ་བཀའ་དྲིན་གྱི་གནས་སུ་ཆེ་རུང་། སླད་ནས་ཅི་མོས་གང་མོས་ཆོག་སྙམ་གྱི་དུས་རིམ་ལྡན་རྣམས་སུ་མཐའ་མི་འཚལ་བའི་རྒྱ་ཉོབ་པར་འགྱུར་བ་དོགས་ན་ད་ནས་བཟུང་གཏེར་གསར་གཏེར་རྙིང་ཅི་ཡིན་ཡང་གསར་དུ་བཅུག་རྒྱུ་ནི་ཆེར་མི་ལེགས་སྙམ་སྟེ། ཆོས་ཀྱི་བདག་པོ་གཅིག་པུར་འཇམ་མགོན་རྗེ་ཡིན་དོན་བཞིན་བློ་ཕུགས་དེ་ལ་གཏད་ན་འཐད་ཆེ་བར་དྲན་ནོ། །ཞེས་གསུངས་སོ།།

རིན་ཆེན་གཏེར་མཛོད་དབང་ལུང་གི་རྒྱུན་སྤེལ་བའི་སྐོར་འཁོར་ལོ་རིན་ཆེན་ལྟ་བུའི་གཏམ།

དེ་ཡང་འཇམ་མགོན་བླ་མ་ཉིད་ཀྱིས་སྐུ་ཚེ་གང་པོར་གཏེར་མཛོད་དབང་ལུང་ཐེངས་ལྔ་གནང་ཡོད་པ་རྣམ་ཐར་ཁག་ཏུ་འཁོད་པ་ལྟར། དབང་ལུང་གི་རྒྱུན་ཐོག་མ་དེ་རབ་བྱུང་བཅོ་ལྔ་པའི་ས་འབྲུག་ཕྱི་ལོ་ ༡༨༦༨ ལོར་དགུང་གྲངས་ང་དྲུག་པའི་ཐོག་རྫོགས་ཆེན་གླིང་སྤྲུལ་སོགས་བླ་སྤྲུལ་རྣམས་ལ་ཟླ་བ་བཞི་པའི་ཚེས་བཅུ་ཙམ་ནས་ལུང་མགོ་བཙུགས་ཏེ་བཀའ་རྒྱ་ཅན་པོད་བཞི་དང་བཅས་པའི་དབང་ལུང་ཆ་ཚང་ཟླ་བ་བདུན་པའི་ཚེས་བཅོ་ལྔ་ལ་མཐའ་གྲུབ་པར་གསུངས། དབང་ལུང་དེ་གང་དུ་གནང་བའི་གནས་གསལ་ཁ་མ་མཇལ་ཡང་ཕལ་ཆེེར་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་མིན་ནམ་སྙམ། དབང་ལུང་ཐེངས་གཉིས་པ་དེ་ཆུ་སྤྲེལ་ལོར་དཔལ་སྤུངས་ཡང་ཁྲོད་དུ་དཔལ་སྤུངས་དབོན་སྤྲུལ་དང་། ཀ῝ཐོག་དགེ་རྩེ། མཆོག་གླིང་གཏེར་སྲས། བླ་མ་པདྨ་ནོར་བུ་རྣམས་ཀྱི་བཞེད་ངོར་ཟླ་བ་བདུན་པའི་ཚེས་པ་བཅུ་ནས་དབུ་བཙུགས་ཏེ་འཇམ་མགོན་རིན་པོ་ཆེ་ཉིད་ཀྱིས་དབང་དང་། རྡོར་སློབ་བླ་མ་རཏྣས་ལུང་གནང་ནས་དགུ་པའི་ཚེས་བཅོ་ལྔར་དབང་ལུང་ཁྲིད་དང་བཅས་པ་ལེགས་པར་གྲུབ། དབང་ལུང་ཐེངས་གསུམ་པ་དེ་རབ་བྱུང་བཅོ་ལྔའི་མེ་བྱི་ལོར་རྫོང་གསར་བཀྲ་ཤིས་ལྷ་རྩེ་རུ་ཚུགས་ཏེ་ཀུན་གཟིགས་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་། དཔལ་ཡུལ་རྒྱ་སྤྲུལ་པདྨ་མདོ་སྔགས་བསྟན་འཛིན། ཀ῝ཐོག་རྨོག་ཚ། ཞེ་ཆེན་རབ་འབྱམས་དང་རྒྱལ་ཚབ། གླིང་རྗེ་དྲུང་། ལྷ་སྤྲུལ་གཉིས། རྫོགས་ཆེན་མཁན་པོ་ཨ་དཀོན་སོགས་ལ་ཟླ་བ་བདུན་པའི་ཚེས་ཉེར་ལྔ་ནས་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་ཆེན་སྔོན་དུ་འགྲོ་བའི་སྒོ་ནས་དབང་ལུང་རྣམས་རིམ་བཞིན་གསུངས་ཏེ་ཟླ་བ་བཅུ་གཅིག་གི་ནང་དུ་མཐའ་གྲུབ་པར་མཛད། དབང་ལུང་ཐེངས་བཞི་པ་དེ་རབ་བྱུང་བཅོ་ལྔའི་ཆུ་ཕོ་རྟའི་ལོར་རྫོང་ཤོད་བདེ་གཤེགས་འདུས་པའི་གནས་སུ་སྐུ་ཞབས་རིན་པོ་ཆེ། རྫོགས་ཆེན་མཆོག་སྤྲུལ། དགེ་མང་། གླིང་སྤྲུལ། དཔལ་ཡུལ་ཀརྨ་སྐུ་ཆེན་གསུམ་པ་ཨོ་རྒྱན་མདོ་སྔགས་ཆོས་ཀྱི་ཉི་མ། རྒྱ་རོང་གཡའ་སྤྲུལ། གཏེར་སྟོན་མི་འགྱུར་སྤྲུལ་སྐུ། འབྲུག་པ་ཨ་འཛོམས་སྤྲུལ་སྐུ་སོགས་བླ་སྤྲུལ་མང་པོ་ལ་ས་ག་ཟླ་བའི་ཚེས་བཅུ་དགུ་ནས་དབུ་བཙུགས་ཏེ་བརྒྱད་པའི་ཚེས་གཅིག་ལ་མཐའ་གྲུབ།

དབང་ལུང་ཐེངས་ལྔ་པ་དེ་དཔལ་རྒྱལ་བའི་དབང་པོ་ཀརྨ་པ་སྐུ་ཕྲེང་བཅོ་ལྔ་པ་ཀུན་བཟང་མཁའ་ཁྱབ་རྡོ་རྗེ་མཆོག་གིས་ཡང་ཡང་བསྐུལ་བ་ལྟར། ཕྱི་ལོ་ ༡༨༨༨ རབ་བྱུང་བཅོ་ལྔ་པའི་ས་བྱི་ཟླ་བ་དང་པོའི་ཚེས་ཉེར་བདུན་ནས་དབུ་བཟུང་སྟེ་དཔལ་སྤུངས་ཙཱ་འདྲའི་ཡང་ཁྲོད་དུ་བཀའ་བརྒྱད་གསང་རྫོགས་ཀྱི་སྒྲུབ་ཆེན་བདུན་གཅིག་སྔོན་དུ་འགྲོ་བའི་ཐོག་ནས། འཇམ་མགོན་བླ་མ་ཉིད་ཀྱིས་དབང་དང་མཁན་བླ་མ་བཀྲ་ཤིས་འོད་ཟེར་གྱིས་ལུང་བཅས་སྔ་ཕྱི་ཅི་རིགས་པར་བསྩལ་ནས་ཟླ་བ་བདུན་པའི་ཚེས་བཅུ་གསུམ་ལ་མཐའ་གྲུབ་བོ། །འོན་ཀྱང་གོང་དུ་ཞུས་མ་ཐག་པའི་དབང་ལུང་ཐེངས་ལྔ་པོ་དེ་དག་གཞི་རྒྱ་ཆེ་བའི་དབང་དུ་བྱས་ཀྱི། གཏེར་མཛོད་ཡོངས་རྫོགས་ཕྱོགས་སྒྲིག་གནང་གྲུབ་རྗེས་ད་གཟོད་དབང་ལུང་གི་རྒྱུན་སྤེལ་བ་མིན་པས། ཉིད་ཀྱིས་ཕྱོགས་སྒྲིག་མཛད་པའི་གཏེར་མཛོད་ཆ་ཚང་གི་དབང་ལུང་ནི་མིན་པ་འདྲ་སྟེ། སྔོན་དབང་ལུང་ཐེངས་གསུམ་པ་སྩོལ་སྐབས་བྱོན་ཡོད་པའི་དཔལ་ཡུལ་རྒྱ་སྤྲུལ་རིན་པོ་ཆེ་ལྟ་བུ་ལ་མཚོན་ན་སླར་ཡང་གསར་དུ་ཞལ་སྐོང་གྲུབ་རིམ་བཞིན་དེ་དག་གི་དབང་ལུང་གསན་བཞེས་མཛད་དུ་ཕེབས་ཚུལ་ཕྱོགས་གཉིས་ཀའི་རྣམ་ཐར་དུ་གསལ་བ་ལྟར་རོ། །དུས་ཕྱིས་གུ་རུ་པདྨ་མངལ་སྐྱེས་ཀྱི་ཚུལ་དུ་བྱོན་པ་༸སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་མཆོག་གིས་གཏེར་མཛོད་དབང་ཆེན་ཐེངས་བཅུ་དང་། ༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རྡོ་རྗེ་འཆང་ཆེན་པོས་རྒྱ་གར་ཁོ་ནར་གཏེར་མཛོད་དབང་ཐེངས་གསུམ་གནང་བ་ཡིན་ཞེས་གསུངས་འདུག་ཅིང་། གཞན་ཡང་ས་བཀའ་རྙིང་གསུམ་གྱི་བླ་ཆེན་རྣམ་པས་གཏེར་མཛོད་ཆེན་མོའི་དབང་ལུང་མང་དུ་གསུངས་ཡོད་པས་བརྒྱུད་ཚུལ་ཞིབ་མོ་ཞིག་འབྲི་འོས་ཆེ་ཡང་། ཡིག་ཚོགས་དང་དུས་ཚོད་གཉིས་ཀས་བཅུར་བའི་རྐྱེན་གྱིས་རེ་ཞིག་གཏང་སྙོམས་སུ་བཞག་སྟེ།

ཤར་རྒྱལ་བ་དཔལ་ཡུལ་བའི་བསྟན་འཛིན་རྣམ་པས་གཏེར་མཛོད་ཀྱི་རྒྱུན་སྤེལ་ཚུལ་རགས་ཙམ་གླེང་ན། དཔལ་ཡུལ་གདན་རབས་བདུན་པ་རྒྱ་སྤྲུལ་པདྨ་མདོ་སྔགས་བསྟན་འཛིན་མཆོག་འཇམ་མགོན་བླ་མ་ཉིད་ཀྱི་དབང་ལུང་ཐེངས་གསུམ་པ་གསུང་སྐབས་ཕེབས་ཡོད་ཚུལ་ཀོང་སྤྲུལ་རང་རྣམ་ལས། འདི་ལོ་རྫོང་གསར་དུ་གཏེར་མཛོད་དབང་ལུང་ཚུགས་དགོས་པར་བཀའ་གནང་བས་སླར་ཕྱིན་ནས་དཔེ་དང་དཀྱིལ་ཙག་དབང་ཆས་རིགས་བསྡུས་ནས་རྫོང་གསར་དགོན་དུ་ཕྱིན་ནས་སླེབས་ཉེའི་སྐབས་སྔར་མཐོང་མ་མྱོང་བའི་འཇའ་ཚོན་ཁ་དོག་སྣ་ལྔའི་རི་མོ་དུ་མ་ཐིག་ལེ་ཐིག་ཕྲན་ཡུད་ཙམ་ནས་འདྲ་མིན་མང་དུ་འགྱུར་འགྲོ་བ་ནམ་མཁའི་ཕྱེད་ཁེབས་པ་བྱུང་། དཔལ་ཡུལ་རྒྱ་སྤྲུལ། ཀཿཐོག་རྨོག་ཚ། ཞེ་ཆེན་རབ་འབྱམས་དང་རྒྱལ་ཚབ། གླིང་རྗེ་དྲུང་། ལྷ་སྤྲུལ་གཉིས། རྫོགས་ཆེན་མཁན་པོ་ཨ་དཀོན་སོགས་བྱོན་འདུག་པ་རྣམས་དང་མཇལ་འཕྲད་ཞུས། ཞེས་དང་། གཏེར་མཛོད་དབང་ལུང་ཐེངས་གསུམ་པ་གནང་བའི་ལོ་རྗེས་མ་དེར་དཔལ་ཡུལ་རྒྱ་སྤྲུལ་རིན་པོ་ཆེ་ལ་གཏེར་མཛོད་བཀའ་གཏད་གནང་བའི་མནལ་ལམ་བྱུང་ཚུལ། དེ་ཉིད་ལས། འདི་སྐབས་རྨི་ལམ་ཞིག་ཏུ་དཔལ་ཡུལ་རྒྱ་སྤྲུལ་ནས་གསེར་གྱི་ཉག་ཐག་འདྲ་བ་ཞིག་ཕུལ་ནས་གུས་པ་ཆེན་པོ་མཛད་འདུག་པ་ལ་ཉག་ཐག་སླར་མགུལ་ལ་བསྐོན། ཁོང་དང་རྨོག་སྤྲུལ་ལ་བསྟན་པའི་གཉེར་གཏད་ནས་ཤིས་བརྗོད་རྒྱས་པར་སྤེལ་བ་རྨིས་པ་ལྟར་རྒྱ་སྤྲུལ་ནས་ཕྱིས་གཏེར་མཛོད་ཚར་གསུམ་ཙམ་གནང་རྒྱུ་བྱུང་ཡོད་འདུག ཅེས་གསུངས་སོ།།

ཕྱིས་སུའང་ཀོང་སྤྲུལ་སྐུ་མདུན་ནས་སྔར་མ་གསན་པའི་གཏེར་མཛོད་ཁ་སྐོང་རྣམས་ཐེངས་གཉིས་ཙམ་གསན་ཚུལ་ཕྱོགས་གཉིས་ཀའི་རྣམ་ཐར་དུ་འཁོད་ཡོད། དེ་ནས་རྒྱ་སྤྲུལ་རིན་པོ་ཆེ་མཆོག་ལ་ལི་རྩང་ཧོར་དགོན་རྣམས་ཀྱིས་གསོལ་བ་བཏབ་པ་བཞིན་རིན་ཆེན་གཏེར་མཛོད་དབང་ལུང་ཚང་མ་གནང་བཞེད་ཀྱིས་སྒར་བཏེགས་ཏེ། དཔལ་ཡུལ་བའི་རིང་ལུགས་འཛིན་པ་ཧོར་བྲག་མགོ་མདོ་མང་དགོན་དུ་སྦྱིན་བདག་དབོན་པོ་གྲགས་པ་ནས་གདན་ཞུས་ལྟར་ཕེབས། དོན་གཉེར་གྱི་སློབ་མ་རྣམས་རིམ་གྱིས་འདུས་པར་སྨིན་དྲུག་ཟླ་བའི་ཚེས་བརྒྱད་ལ་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་ཆེན་དང་འབྲེལ་སྟ་གོན། དངོས་གཞིའི་དབང་རྣམས་རིམ་པར་བསྩལ། ཟླ་བ་བཞིའི་རིང་ལ་རིན་ཆེན་གཏེར་གྱི་མཛོད་ཆེན་པོ་རྩ་གསུམ་རབ་འབྱམས་རྒྱ་མཚོའི་སྨིན་བྱེད་ཀྱི་དབང་། གྲོལ་བྱེད་ཀྱི་གདམས་པ། རྒྱབ་སྐྱོར་གྱི་ལུང་སོགས་རྫོགས་པར་གནང་། དེའི་རྗེས་མེ་ཕོ་ཁྱི་ལོའི་ཟླ་གསུམ་པའི་ཚེས་བཅོ་ལྔ་ནས་བཟུང་མགོ་ལོག་དཔལ་ཡུལ་དར་ཐང་དགོན་དུ་ཟླ་བ་བཞིའི་རིང་དབང་ལུང་ཁྲིད་དང་བཅས་པ་འཇམ་མགོན་རིན་པོ་ཆེའི་མདུན་ནས་ཇི་ལྟར་གསན་པ་ཐམས་ཅད་གནང་། ཡིན་ནའང་རིན་ཆེན་གཏེར་མཛོད་ཆེན་མོ་ནི་རིམ་བཞིན་ཁ་སྐོང་གིན་སྐོང་གིན་དུས་ཡུན་རིང་པོའི་ནང་ཕྱོགས་སྒྲིག་མཛད་སྟབས་དེ་དུས་ཀྱང་ད་ཡོད་ཀྱི་གཏེར་མཛོད་ཆ་ཚང་བ་ཞིག་གསན་ཐུབ་མེད་པ་འདྲ་སྟེ། དེ་རྗེས་སླར་ཡང་འཇམ་མགོན་རིན་པོ་ཆེའི་སྐུ་མདུན་ལ་གཏེར་མཛོད་ཀྱི་ཁ་སྐོང་གསན་དུ་ཕེབས་ཚུལ་རྣམ་ཐར་ཁག་ཏུ་གསལ་བས་སོ། །ཀོང་སྤྲུལ་རང་རྣམ་དུ་རྒྱ་སྤྲུལ་རིན་པོ་ཆེས་གཏེར་མཛོད་ཐེངས་གསུམ་གནང་ཚུལ་འཁོད་ཀྱང་རྒྱ་སྤྲུལ་རང་གི་རྣམ་ཐར་ཁག་ཏུ་གསུམ་པ་དེའི་གནས་དུས་འཁོར་སློབ་གསལ་པོ་ཞིག་མ་མཇལ། གཉིས་པ་དཔལ་ཡུལ་གདན་རབས་བརྒྱད་པ་ཀརྨ་སྐུ་ཆེན་རིན་པོ་ཆེེ་ཨོ་རྒྱན་མདོ་སྔགས་ཆོས་ཀྱི་ཉི་མས་འཇམ་མགོན་རིན་པོ་ཆེས་གཏེར་མཛོད་དབང་ལུང་ཐེངས་བཞི་པ་གནང་དུས་གསན་ཚུལ་ཀོང་སྤྲུལ་རྣམ་ཐར་དུའང་ཡོད་ལ། དེ་དུས་སྐུ་ཆེན་རིན་པོ་ཆེ་དགུང་གྲངས་ཉེར་དགུ་ལ་ཕེབས་པ་རག་མགོ་མཆོག་སྤྲུལ་གྱིས་མཛད་པའི་རྗེ་འདི་པའི་རྣམ་ཐར་དུ་གསལ། ཕྱི་ལོ་ ༡༨༨༤ དགུང་གྲངས་སོ་གཅིག་སྐབས་དཔལ་ཡུལ་དུ་གཞིས་བྱེས་བླ་སྤྲུལ་འདུས་པ་བརྒྱད་ཅུ་ལྷག་ཙམ་ལ་གཏེར་མཛོད་དབང་ལུང་གསུངས་ནས་ཟླ་བ་དྲུག་གི་ནང་ལ་མཐའ་གྲུབ། དེ་རྗེས་དགུང་གྲངས་ཞེ་གཉིས་ཤིང་ལུག་ལོར་དཔལ་ཡུལ་མ་དགོན་རང་དུ་གྲུབ་དབང་གོང་མ་དཔལ་ཆེན་འདུས་པ་རྩལ་གྱིས་དབུས་གཞིས་བྱེས་བླ་སྤྲུལ་དགེ་འདུན་བརྒྱ་སྐོར་ཙམ་ལ་གཏེར་མཛོད་ཆེན་མོའི་དབང་དང་ཁྲིད་གསུངས་ཤིང་། བཀླག་ལུང་ཕལ་ཆེར་རྨུགས་སངས་དཔལ་བེ་སྤྲུལ་སྐུ་འཇིགས་མེད་ཆོས་ཀྱི་བློ་གྲོས་ཀྱིས་གསུངས། རྗེ་འདིས་གཏེར་མཛོད་དབང་ལུང་ཐེངས་གཉིས་གནང་ཚར་བའི་རྗེས་ལའང་འཇམ་མགོན་རིན་པོ་ཆེའི་སྐུ་མདུན་ལ་གཏེར་མཛོད་ཁ་སྐོང་གསན་དུ་ཕེབས་འདུག་པས་གཏེར་མཛོད་ཆེན་མོ་ཕྱོགས་སྒྲིག་དེ་དུས་ཀྱང་མཇུག་སྒྲིལ་མེད་ཚོད།

གསུམ་པ་དཔལ་ཡུལ་གདན་རབས་དགུ་པ་གྲུབ་དབང་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་གླང་པོ་མཆོག་གིས་སྐུ་ཆེན་རིན་པོ་ཆེ་ལས་དབང་ཁྲིད་དང་རྨུགས་སངས་དཔལ་བེ་སྤྲུལ་སྐུ་ལས་ལུང་གསན། དེ་དུས་རྗེ་ཉིད་དགུང་གྲངས་བཅུ་ཙམ་ལ་ཕེབས་ཡོད་དམ་སྙམ་པ་འདུག ཕྱིས་སུ་ཀཿཐོག་མཁན་པོ་རྒྱལ་མཚན་འོད་ཟེར་རམ་མཁན་ཆེན་ཨ་སྟོབས་ལས་ཆ་ཚང་གསན་པ་ཡིན་མོད་གྲུབ་དབང་གོང་མའི་རྣམ་ཐར་ཞིབ་ཕྲ་ཡི་གེར་འཁོད་མེད་པ་ཡིན་ནམ། གང་ལྟར་གནས་དང་དུས་གཏན་ཁེལ་གྱི་ལོ་རྒྱུས་གསལ་པོ་ཞིག་མ་རྙེད། དེ་ནས་གྲུབ་དབང་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་གླང་པོའམ་རིག་འཛིན་དཔལ་ཆེན་འདུས་པ་རྩལ་གང་ཉིད་ཀྱིས་ཐོག་མར་རྡོར་སེམས་སྒྲུབ་པ་སྔོན་དུ་འགྲོ་བའི་ཐོག་ནས་རིན་ཆེན་གཏེར་མཛོད་ཆེན་མོའི་སྨིན་གྲོལ་བསྩལ་ན་རུང་མིན་ཐུགས་བརྟག་མཛད་པས། དངོས་གྲུབ་ལེན་ཉིན་མཁན་རིན་པོ་ཆེ་རྒྱལ་མཚན་འོད་ཟེར་མཆོག་གིས་མཁར་རྔ་ཞིག་གི་ནང་དུ་དུང་དཀར་ལྔ་བཞག་ནས་གནང་བའི་མནལ་ལམ་བྱུང་བས་བླ་མའི་གནང་བ་ཐོབ་པ་དང་། རིན་ཆེན་གཏེར་མཛོད་ཆེན་མོ་ཐེངས་ལྔ་གནང་དགོས་པའི་བརྡ་རུ་གཟིགས་ནས་དབང་ཐེངས་དང་པོ་གནང་ཞིང་། ཐེངས་གཉིས་པ་དེ་གོ་འཇོ་སྐྱིད་པོ་དགོན་དུ་རྗེ་ཉིད་ཀྱིས་དབང་ཁྲིད་དང་ཁང་སྤྲུལ་རིན་པོ་ཆེས་ལུང་གསུངས། གསུམ་པ་དེ་གོ་འཇོ་རྒྱ་ར་དགོན་དུ་རྗེ་ཉིད་ཀྱིས་དབང་ཁྲིད་དང་རྨུགས་སངས་བླ་མ་ཀུན་བཟང་དཔལ་འབྱོར་གྱིས་ལུང་གསུངས། བཞི་པ་དེ་དཔལ་ཡུལ་དུ་སྐུ་ཆེན་རིན་པོ་ཆེ་ཀརྨ་ཐེག་མཆོག་སྙིང་པོ་དང་། དར་ཐང་མཆོག་སྤྲུལ་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་ཟླ་བ་རྣམ་གཉིས་ཀྱིས་དབུས་འདུས་པ་རྒྱ་མཚོ་ལྟ་བུ་ལ་ཟླ་བ་དྲུག་གི་རིང་བཀའ་རྒྱ་མ་པོད་གསུམ་དང་བཅས་པའི་དབང་ལུང་ཁྲིད་གསུམ་ཆ་ཚང་རྗེ་ཉིད་ཀྱིས་གསུངས། ལྔ་པ་དེ་ཀཿཐོག་མཁན་ཆེན་ངག་གི་དབང་པོ་མཆོག་ལ་གཏེར་མཛོད་ལས་བཀའ་རྒྱ་ཅན་པོད་གསུམ་གྱི་ལུང་གནང་ཚུལ་མཁན་པོ་ངག་ཆུང་རང་རྣམ་ལས། དཔལ་ཡུལ་མཆོག་སྤྲུལ་པདྨ་ནོར་བུའི་མདུན། གཏེར་མཛོད་ལུང་བཀའ་རྒྱ་མ་པོད་གསུམ། གནམ་ཆོས་པོད་བཅུ་གསུམ་སྟེང་དགོངས་གཏེར་བཅས་པོད་བཅོ་བརྒྱད། གནམ་ཆོས་ཁྲིད་བཞུགས་སོ་ཅོག རཏ་གླིང་གཏེར་ཆོས་ཁ་བསྐང་བཅས་པོད་བཅུ་གསུམ། བྱང་གཏེར་པོད་དྲུག སྨིན་གཏེར་པོད་དྲུག འཇའ་ཚོན་པོད་དྲུག་ཅེས་གསལ་བ་ལྟར་རོ།།

བཞི་པ་དཔལ་ཡུལ་དར་ཐང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དགུང་གྲངས་ཉེར་དྲུག་ལ་ཕེབས་པ་རབ་གནས་ས་ལུག ཕྱི་ལོ་ ༡༩༡༩ ལོར་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་དུ་གྲུབ་དབང་རིན་པོ་ཆེ་དཔལ་ཆེན་འདུས་པའི་སྐུ་མདུན་ནས་རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ལུང་ཁྲིད་གསུམ་ཆ་ཚང་ཞུས་ནས། ཕྱི་ལོ་ ༡༩༢༤ ཤིང་ཕོ་བྱི་བའི་ལོར་དགུང་གྲངས་སོ་གཅིག་ལ་ཕེབས་སྐབས་རྒྱལ་སྲས་པདྨ་རྣམ་རྒྱལ་དང་། སྒྱེ་བྲོས་དབོན་པོ་པདྨ་བསམ་གྲུབ་རྡོ་རྗེ། ཝ་ཤུལ་བླ་མ་བསོད་ནམས་མཁས་གྲུབ། མགར་ཀློང་འཇམ་དཔལ་ཆོས་ཀྱི་གྲགས་པ་སོགས་འཁོར་འདུས་པ་རྒྱ་མཚོ་ལྟ་བུ་ལ་རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ལུང་ཁྲིད་དང་བཅས་པ་ཟླ་བ་དྲུག་གི་རིང་ལ་གནང་ཞིང་། དེ་ནས་ཕྱི་ལོ་ ༡༩༤༣ རབ་གནས་ཆུ་མོ་ལུག་གི་ལོར་གངས་ལྗོངས་མདོ་ཁམས་དཔལ་ཡུལ་རྒྱུད་སྡེ་བཤད་གྲྭའི་ལྷ་ཁང་དུ་རང་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༸སྐྱབས་རྗེ་འཁོར་ལོའི་མགོན་པོ་གྲུབ་དབང་ཡིད་བཞིན་ནོར་བུ་མཆོག་གིས་དབུས། འཁོར་འདུས་པ་སུམ་བརྒྱ་ལྷག་ལ་བཀའ་བརྒྱད་མདོ་བྱང་སྔོན་དུ་འགྲོ་བའི་སྒོ་ནས་ཟླ་བ་བཞིའི་རིང་རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ཁྲིད་ཆ་ཚང་དང་། བཤད་གྲྭའི་ལས་ཐོག་མཁན་པོ་བློ་གྲོས་མཆོག་གིས་ལུང་གསུངས།

ལྔ་པ་དཔལ་ཡུལ་གདན་རབས་བཅུ་གཅིག་པ་རང་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན་༸སྐྱབས་རྗེ་གྲུབ་དབང་ཡིད་བཞིན་ནོར་བུ་འཇིགས་མེད་ཐུབ་བསྟན་བཤད་སྒྲུབ་ཆོས་ཀྱི་སྒྲ་དབྱངས་དཔལ་བཟང་པོ་མཆོག་དགུང་གྲངས་བཅུ་གཉིས་ལ་ཕེབས་སྐབས་དར་ཐང་མཆོག་སྤྲུལ་རིན་པོ་ཆེ་དང་། མཁན་ཆེན་བློ་གྲོས་མཆོག་གི་སྐུ་མདུན་ནས་རིན་ཆེན་གཏེར་མཛོད་ཀྱི་དབང་ལུང་ཁྲིད་གསུམ་ཆ་ཚང་གསན་པ་གོང་ཞུས་ལྟར་དང་། དེ་ནས་ཕྱི་ལོ་ ༡༩༨༨ ལོར་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་མཆོག་གིས་ནུབ་ཕྱོགས་ཨ་རིའི་རྗེ་བཙུན་མ་ཨ་ཁམ་ལྷ་མོའི་ཆོས་ཚོགས་སུ་རིན་ཆེན་གཏེར་མཛོད་ཆེན་མོའི་སྨིན་གྲོལ་ཐེངས་དང་པོ་གནང་། ཕྱི་ལོ་ ༡༩༨༨ ལོར་གདན་ས་རྣམ་གྲོལ་གླིང་དུ་༸སྐྱབས་རྗེ་སྨིན་གླིང་གདུང་སྲས་དགྲ་ལྷ་མཆོག་དང་། ༸སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ། ༸སྐྱབས་རྗེ་སྨིན་གླིང་མཁན་ཆེན་གྱི་གཙོས་མཁན་སྤྲུལ་བླ་སློབ་འདུས་ཚོགས་ཡོངས་ལ་གཏེར་མཛོད་བཀའ་དབང་ཐེངས་གཉིས་པ་དེ་བསྩལ། ཕྱི་ལོ་ ༡༩༩༢ གངས་ལྗོངས་དཔལ་ཡུལ་མ་དགོན་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་དུ་༸སྐྱབས་རྗེ་གྱང་ཁང་སྤྲུལ་སྐུ་ཐུབ་བསྟན་དཔལ་བཟང་རིན་པོ་ཆེས་གཙོས་འདུས་པ་ཡོངས་ལ་རིན་ཆེན་གཏེར་མཛོད་དབང་ཆེན་ཐེངས་གསུམ་པ་གནང་བ་དང་། ཕྱི་ལོ་ ༡༩༩༤ མགོ་ལོག་དཔལ་ཡུལ་དར་ཐང་དགོན་དུ་༸སྐྱབས་རྗེ་ལྷ་སྤྲུལ་ཨོ་རྒྱན་གར་དབང་ཉི་མ་རིན་པོ་ཆེ་མཆོག་གིས་དབུས་འདུས་མང་སྟོང་ཕྲག་མང་པོར་རིན་ཆེན་གཏེར་མཛོད་ཆེན་མོའི་བཀའ་དབང་ཐེངས་བཞི་པ་དེ་སྩོལ་གནང་མཛད། ཕྱི་ལོ་ ༡༩༩༤ ལོའི་ལོ་མཇུག་ཏུ་དོལ་པོ་དམར་སྒོམ་རིན་པོ་ཆེ་མཆོག་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་དོལ་པོ་སྐྱིད་སྡུག་ཚོགས་པའི་གོ་སྒྲིག་འོག་བལ་ཡུལ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ་༸སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེས་དབུས་འདུས་ཚོགས་ཁྲི་ཕྲག་ལས་བརྒལ་བར་རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ཆེན་ཐེངས་ལྔ་པ་བསྩལ། ཕྱི་ལོ་ ༢༠༠༡ ལོར་དཔལ་ཡུལ་ལྷ་སྤྲུལ་རིན་པོ་ཆེ་པདྨ་བསྟན་འཛིན་རྣམ་རྒྱལ་མཆོག་དང་བླ་མ་ཆོས་གྲགས་རྒྱ་མཚོ་རྣམ་གཉིས་ནས་གསོལ་བ་བཏབ་པ་བཞིན་གདན་ས་རྣམ་གྲོལ་གླིང་འདི་ཉིད་དུ་འདུས་མང་ཁྲི་ཕྲག་ལས་བརྒལ་བར་རིན་ཆེན་གཏེར་མཛོད་ཆེན་མོའི་སྨིན་གྲོལ་ཐེངས་དྲུག་པ་དེ་གནང་། ཕྱི་ལོ་ ༢༠༠༣ ལོར་དགོན་འདིའི་མཁན་སྤྲུལ་བླ་སློབ་ཁག་ལ་རིན་ཆེན་གཏེར་མཛོད་ལས་བཀའ་རྒྱའི་སྐོར་རྣམས་གནང་བ་བཅས་སྐུ་ཚེ་འདིར་གཏེར་མཛོད་ཆེན་མོའི་སྨིན་གྲོལ་ཐེངས་བདུན་བཀའ་དྲིན་བསྩལ་བར་མཛད་དོ།།

དེ་ལྟར་རིན་ཆེན་གཏེར་མཛོད་ཆེན་མོའི་ལོ་རྒྱུས་མདོར་བསྡུས་འདི་ཉིད་བླ་མ་རྣམ་པའི་རྣམ་ཐར་དང་གཏེར་མཛོད་ཆེན་མོའི་དཀར་ཆག་ལས་བཏུས་ཏེ་མཛུབ་མོས་རི་སྟོན་ཙམ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ཁུལ་བྱས་ཀྱང་། ཡུལ་དུས་ཀྱི་རྐྱེན་པས་དཔྱད་གཞིའི་ཡིག་ཆ་ཁ་ཚང་བ་ཞིག་ལག་ཏུ་མ་འབྱོར་སྟབས་གནད་དོན་འགའ་རེ་ཐག་ཆོད་པོས་ཞུ་མ་ཐུབ་པའི་ཕངས་སེམས་ཅི་བས་ཆེ་ཞིང་། ཕྱི་ལོ་དང་སྦྱར་བའི་ལོ་ཚིགས་མང་ཆེ་བ་ཁོ་བོས་རྩིས་རིག་མི་ཤེས་བཞིན་དུ་ཨུ་ཚུགས་ཀྱིས་བརྩིས་པ་ཤ་སྟག་ཡིན་སྟབས་ནོར་འཁྲུལ་ཀྱང་ཅི་རིགས་བྱུང་ཡོད་ངེས་པས་རྒྱ་ཆེའི་གཟིགས་པ་པོ་ཡོངས་ཀྱིས་དགེ་སྐྱོན་གཡོ་བསྲང་གི་བསླབ་བྱ་ལྷུག་སྩོལ་ཡོད་པར་ཞུའོ།།

བདག་བློའི་ཁབ་གོག་རྣོ་ངར་ཟད་ཞན་འདྲ།།
ལོ་རྒྱུས་ཟ་འོག་སྲུབས་ཁ་འཁྱོགས་ཡོད་ན།།
མིག་གཅིག་མ་དང་མིག་གཉིས་མིག་གསུམ་ཅན།།
མིག་སྟོང་ལྡན་པ་རྣམས་ཀྱི་མདུན་དུ་འཆགས།།

ཨ་ཇོ་རླུང་རྟ་མཐོ་བའི་སྟེས་དབང་གིས།།
དགེ་ཚོགས་རྟ་སྒྲོ་གང་ཙམ་འབྱུང་སྲིད་ན།།
འཁོར་བར་འཁྱམས་པའི་མུ་ཏོའི་ཁྱུ་ཚོགས་ལ།།
བསོད་ནམས་གཡག་རྒྱབ་བརྒྱ་རེ་ཐོབ་པར་ཤོག།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།