གནའ་རབས་ལོ་རྒྱུས་ལས་བྱུང་བ་འགའ་བཤད་པ།

སློབ་དཔོན་ཕྲིན་ལས་མཐར་ཕྱིན།

སྤྱིར་ལོ་རྒྱུས་ལ་གདོད་མའི་དུས་རབས་ཀྱི་ལོ་རྒྱུས་དང་། གནའ་རབས་ལོ་རྒྱུས། ཉེ་རབས་ལོ་རྒྱུས། དེང་རབས་ལོ་རྒྱུས་སོགས་སོ་སོ་ནས་ཕྱེ་སྟེ་བཤད་ཚུལ་ཡོད་ལ། འདིར་ཁོ་བོས་(འཛམ་གླིང་གནའ་རབས་ལོ་རྒྱུས་ཀྱི་གཏམ་རྒྱུད་)ཅེས་པའི་དཔེ་དེབ་དེ་ལ་གཞི་བཅོལ་ནས། ཡ་ཐོག་སྤྱི་ཚོགས་ནས་འགོ་བརྩམས་ཏེ། གནའ་རབས་ཀྱི་བྱུང་བ་དགོས་གལ་ཆེ་བ་ཁག་ཅིག་ཕྱོགས་སྒྲིག་གི་ཚུལ་དུ་བཤད་རྒྱུ་ལགས།

ཡ་ཐོག་སྤྱི་ཚོགས་ནས་དབང་བསྒྱུར་གྲལ་རིམ་རིང་ལུགས་ཀྱི་བར་ཇི་ལྟར་བྱུང་ཚུལ།

གནའ་རྫས་བརྟག་དཔྱད་ལས་བྱུང་བའི་རྒྱུ་ཆ་དང་། འགྱུར་རྡོ་མི་རིགས་རིག་པས་མཁོ་སྤྲོད་བྱས་པའི་ཡིག་ཆའི་དབང་དུ་བཏང་ན། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ལ་ལོ་ངོ་ས་ཡ་གསུམ་ཡས་མས་ཀྱི་སྐད་ཆ་ཡོད། མིའི་རིགས་སྤྱི་ཚོགས་སྒེར་དབང་ལམ་ལུགས་དང་གྲལ་རིམ་སྤྱི་ཚོགས་ལ་ཞུགས་པའི་ལོ་རྒྱུས་ནི་ལོ་ངོ་དྲུག་སྟོང་ལས་བརྒལ་མེད་པར་བཤད། ལོ་རྒྱུས་འདི་དག་གནའ་རྫས་བརྟག་དཔྱད་རིག་པ་དང་། དེ་ལ་མི་རིགས་རིག་པས་རྒྱབ་རྟེན་བྱས་ནས་ཤེས་ནུས་ཀྱི་ཡོད། ཡ་ཐོག་སྤྱི་ཚོགས་ཞེས་པ་གང་ཡིན་ཞེ་ན། སྒེར་དབང་ལམ་ལུགས་དང་། བྲན་གཡོག་ལམ་ལུགས། བཀས་བཀོད་རྒྱུད་འཛིན་ལམ་ལུགས། མ་རྩ་རིང་ལུགས་སོགས་དང་རྣམ་པ་ཡོངས་སུ་འགལ་བའི་དུས་ཤིག་ཡིན་ལ། སྐབས་དེར་གོང་དུ་རྒྱལ་པོ་དང་འོག་ཏུ་བློན་པོ་ཞེས་པའི་ཐ་སྙད་དེའང་མེད་ལ། བཙན་པོ་དང་ཉམ་ཆུང་ཞེས་པའི་འགྲོ་སྟངས་དེའང་མེད་སྟབས། ཐམས་ཅད་འདྲ་མཉམ་གྱི་སྒོ་ནས་འཚོ་བ་རོལ་བཞིན་ཡོད། དེར་བརྟེན་རྩོམ་པ་པོ་སེར་ཝན་ཏྲེར་སིས་ཀྱང་། ཡ་ཐོག་སྤྱི་ཚོགས་ལ་ཡིད་སྨོན་དང་གནའ་བོའི་དུས་རབས་བར་མའི་སྤྱི་ཚོགས་འདྲ་མཉམ་མིན་པར་འཁང་ར་བྱས་ཡོད། ཡ་ཐོག་སྤྱི་ཚོགས་ཀྱི་དུས་ཡོ་བྱད་ཐམས་ཅད་རྡོ་ཡིས་བཟོས་པ་ཡིན་ལ་དེའང་ཧ་ཅང་སྤུས་ཀ་ཞན་པ་ཡིན། གནའ་རྫས་བརྟག་དཔྱད་པས་འདིའི་མིང་ལ་རྡོ་ཆས་རྙིང་མ་ཟེར། ལོ་ངོ་ས་ཡ་དུ་མའི་རྗེས་ལ་རྡོ་ཆས་ཀྱི་ཡོ་བྱད་སྤུས་ཀ་ལེགས་སུ་སོང་ཡོད་ལ། ཡོ་བྱད་དེ་དག་ལ་གནའ་རྫས་བརྟག་དཔྱད་པས་རྡོ་ཆས་གསར་མ་ཞེས་འབོད། རྡོ་ཆས་གསར་མའི་དུས་སྐབས་སུ་མིའི་རིགས་ཀྱི་གསར་གཏོད་ཆེ་ཤོས་ནི་ཞིང་ལས་ཡིན་པ་དང་། དེ་དང་དུས་མཚུངས་སུ་འབྲོག་ལས་ཀྱང་བྱུང་བར་བཤད། འདི་ནས་ལོ་ངོ་བཞི་ཁྲི་ལྷག་གི་སྔོན་དུ། མིའི་རིགས་ནི་རིགས་རྒྱུད་སྤྱི་ཚོགས་ལ་གོམ་པ་སྤོས་ཤིང་། རིགས་རྒྱུད་སྤྱི་ཚོགས་ནི་རིགས་རྒྱུད་གཅིག་པའི་བར་གཉེན་སྒྲིག་བྱེད་མི་ཆོག་པར་རིགས་རྒྱུད་མི་གཅིག་པའི་བར་གཉེན་སྒྲིག་བྱེད་དགོས་པའི་ཆ་རྐྱེན་འོག་གནས་པ་ཞིག་རེད། དེ་ནས་གོམ་པ་རིམ་སྤོས་ཀྱིས་ལྕགས་རིགས་ཡོ་བྱད་ཀྱི་དུས་རབས་སུ་གྱུར་པ་དང་། ལྕགས་རིགས་ཡོ་བྱད་ཀྱི་གསར་གཏོད་དར་བ་འདི་ནི་སྒེར་དབང་ལམ་ལུགས་དང་། མིས་མི་ལ་བཤུ་གཞོག་བྱེད་པར་ཆ་རྐྱེན་བསྐྲུན་པ་ལྟ་བུར་བཤད། དབང་བསྒྱུར་གྲལ་རིམ་འདི་ཐོག་མར་དར་ས་ནི། ཨ་ཧྥེ་རི་ཀ་བྱང་ཤར་གྱི་ནེ་ལེ་ཆུ་བོའི་འབབ་རྒྱུད་ཀྱི་ཨེ་ཇིབ་པ་དང་། ཨེ་ཤ་ཡ་ནུབ་མའི་གཙང་པོ་གཉིས་ཀྱི་འབབ་རྒྱུད་ཀྱི་སུའུ་མེརེ་ཨན་པའི་ཁྲོད་དུ་ཡིན།
གནའ་བོའི་དུས་ཀྱི་གལ་ཆེ་བའི་བྱུང་བ་འགའ་ཞིག་ལས་སྤྱི་ལོ་བྱུང་ཚུལ།

གནད་ཆེ་བ་ཞིག་ནི་དེང་སང་སྤྱི་ལོ་ཞེས་འབོད་བཞིན་པའི་ལོ་རྩིས་འདིའང་ཁུངས་དེད་ན་ཨེ་ཇིབ་(Egypt) དང་འབྲེལ་བ་དམ་ཟབ་ཡོད་པ་དང་། འདི་ལ་ནུབ་ལོ་དང་ཡེ་ཤུའི་སྟོན་པའི་འཁྲུངས་ལོ་སོགས་སུ་བསྙད་པ་ནི་ནོར་བ་ཞིག་ཡིན་ཏེ། ལོ་དྲུག་སྟོང་ལྷག་གི་ཡར་སྔོན་ནས་ཨེ་ཇིབ་པ་རྣམས་ཀྱིས་ཞིང་ལས་ཐོན་བསྐྱེད་ཡོང་བར་ཞིང་ལས་ཀྱི་དུས་ཚོད་དམ་འཛིན་དགོས་སྟབས། རྣམ་དཔྱོད་དང་བརྩོན་འགྲུས་ལྡན་པའི་མི་རྣམས་ནེ་ལེ་(Nile) གཙང་པོ་ཐེངས་གཉིས་རྒྱས་པའི་བར་ཐག་ལ་ཉི་མ་སུམ་བརྒྱ་དྲུག་ཅུ་རེ་ལྔ་རེ་ཡིན་པར་ཤེས་རྟོགས་བྱུང་བ་དང་། བརྟན་སྐར་དང་ཉི་མ་གཉིས་ལྷན་ཅིག་ཏུ་ཤར་ཕྱོགས་ཀྱི་གནམ་མཐའ་ནས་ཤར་ཡོང་དུས། འཁོར་ཡུན་རེ་རེའི་དུས་ཚོད་ཀྱང་གོང་གི་དུས་ཚོད་དང་འདྲ་བས། གནའ་བོའི་ཨེ་ཇིབ་པས་ལོ་གཅིག་ལ་ཉི་མ་སུམ་བརྒྱ་དྲུག་ཅུ་རེ་ལྔ་ཡོད་པར་གཏན་འབེབས་བྱས། ལོ་རྩིས་འདི་ལ་གཞི་བྱས་ནས་རིམ་པས་གོམ་པ་གོང་སྤོའི་ཚུལ་གྱིས་ད་ལྟའི་སྤྱི་ལོ་ཞེས་པ་འདི་ཡང་བྱུང་བར་བཤད།

ཡི་གེ་དང་ཡི་གེ་འབྲི་སའི་ཆ་རྐྱེན་ཐོག་མར་བྱུང་ཚུལ།

དེའང་གནའ་བོའི་དུས་སུ་ཐེ་གུ་ནེ་སི་གཙང་པོ་དང་། ཡེའུ་ཧྥ་རེ་ཛི་གཙང་པོ་གཉིས་ཀྱི་རྒྱུད་དུ། སྤྱི་ལོའི་སྔོན་གྱི་ལོ་ ༣༠༠༠ ཡས་མས་སུ་ཡི་གེ་ཐོག་མར་བྱུང་ཞིང་། གནའ་བོའི་དུས་ཐོག་མར་ཡི་གེ་གསར་གཏོད་བྱེད་མཁན་ནི་གཙང་པོ་གཉིས་ཀྱི་རྒྱུད་དུ་གནས་པའི་སུ་སྨེ་རི་ཨ་ (Sumerian) ཞེས་པའི་མི་རིགས་འདི་ཡིན་ཞིང་། ཐོག་མར་ཡི་གེ་འབྲི་ས་ནི་ས་འདམ་གྱིས་བྱས་ཤིང་དེ་མ་བསྐམས་གོང་ཤིང་གཞོག་ནས་རྩེ་རྣོན་པོ་ཅན་གྱིས་སྨྱུ་གུར་བྱས་ཏེ་ཡི་གེའི་བརྡ་རྟགས་འདྲ་མིན་འབྲི་བར་བྱེད། འདིའི་དུས་ཀྱི་ཡི་གེ་ལ་ཡི་གེ་ཁྱིའུ་དབྱིབས་མ་ཞེས་འབོད་ལ། དུས་ཕྱིས་སུ་སྦ་སྦི་ལོན་ (Babylon) དང་། ཨ་སི་རི་ཡ་ (Assyria) པས་དང་ལེན་བྱས་པ་དང་། གཙང་པོ་གཉིས་ཀྱི་འབབ་རྒྱུད་ཕྱི་རོལ་ཏུའང་ཤུགས་རྐྱེན་ཆེན་པོ་ཐེབས། ཕྱིས་སུ་རིམ་པས་ཡར་རྒྱས་གོམ་པ་རིམ་སྤོས་ཀྱིས་ཡི་གེ་འབྲི་ས་ཤོག་རྩྭ་དང་། ལུག་ལྤགས། སྨྱུག་ལེབ་སོགས་དང་། འབྲི་བྱེད་སྨྱུ་གུ་དང་སྣག་ཚ་སོགས་ཀྱང་བྱུང་བར་བཤད།

གནའ་བོའི་དུས་ཀྱི་ཁྲིམས་ཡིག་དང་སྙན་རྩོམ་ཐོག་མར་བྱུང་ཚུལ།

ཆེས་སྔ་བའི་ཁྲིམས་ཡིག་ནི་གནའ་བོའི་སྦ་སྦི་ལོན་གྱི་གྲོང་ཁྱེར་ཞིག་གི་ནང་མར་ཏུའུ་ཁུ་ཞེས་ལྷ་ཁང་ཆེན་མོ་ཞིག་ཡོད་པ་དེའི་ནང་དུ། སྦ་སྦི་ལོན་རྒྱལ་ཁབ་ཀྱི་རྒྱལ་རབས་དྲུག་པ་ (སྤྱི་ལོའི་སྔོན་གྱི་ ༡༧༩༢ ནས་སྤྱི་ལོའི་སྔོན་གྱི་ ༡༧༥༠ ཙམ་ལ་) རྒྱལ་པོ་ཧམ་མུ་ར་པིས་ (Hammurapi) ཀྱིས་ཀ་ཟླུམ་གྱི་སྟེང་དུ་ཁྲིམས་གཞུང་རྣམས་བརྐོས་ཏེ་བསླངས་ཤིང་། ཕྱིས་སུ་ཧྥ་རན་སིའི་གནའ་རྫས་བརྟག་དཔྱད་རུ་ཁག་ཅིག་གིས་སྤྱི་ལོ་ ༡༩༠༡ ལོའི་ཟླ་བ་དང་པོ་ནས་ ༡༩༠༢ བར་ཨི་རན་ལྷོ་ཕྱོགས་ཀྱི་སུའུ་ས་ (Susa) ཞེས་པའི་ས་ཆ་ཞིག་ཏུ་གནའ་རྫས་སྔོག་འདོན་བྱས་པར་བརྒྱུད་རྙེད་སོན་བྱུང་བ་རེད། ཁྲིམས་ཡིག་འདིའི་མིང་ལ་ཀ་ཟླུམ་ཁྲིམས་ལུགས་དང་ཧམ་མུ་ར་པིས་ཀྱི་ཁྲིམས་གཞུང་ཡང་ཟེར། འཛམ་གླིང་གི་སྙན་རྩོམ་ཆེས་སྔ་ཤོས་ནི། མི་ཆེ་གེ་མོ་ཞིག་གིས་ཆེད་གཉེར་གྱིས་བརྩམས་པའི་བརྩམས་ཆོས་མ་ཡིན་པར། དེ་ནི་སྤྱི་ལོའི་སྔོན་གྱི་ལོ་ངོ་སུམ་སྟོང་ཙམ་ནས་སུའུ་སྨེ་རི་ཨ་པ་དང་། ཨག་ཁ་སྡེའི་དམངས་ཁྲོད་ཀྱི་གླུ་གཞས་རྒྱུན་བསྲིངས་བྱས་པ། གནའ་བོའི་སྦ་སྦི་ལོན་གྱི་རྒྱལ་རབས་དང་པོའི་ (སྤྱི་ལོའི་སྔོན་གྱི་ ༡༨༩༤ ནས་སྤྱི་ལོའི་སྔོན་གྱི་ ༡༥༩༥ བར་) སྐབས་སུ་དེབ་གཟུགས་སུ་བཀོད་པ་དང་། སྙན་རྩོམ་འདི་དཔའ་བོའི་དོན་བརྗོད་རང་བཞིན་ཅན་དུ་གྲུབ་ཅིང་ཚིག་རྐང་སུམ་སྟོང་ལྷག་ཡོད་པར་བཤད། སྙན་རྩོམ་འདིའི་མིང་ལ་རྗེལ་སྒ་སྨེ་སི་ (Gilgamesh) ཞེས་འབོད།

བྲམ་ཟེའི་ཆོས་ལུགས་དང་སངས་རྒྱས་ཆོས་ལུགས་བྱུང་ཚུལ།

བྲམ་ཟེའི་ཆོས་ལུགས་དང་པོ་བྱུང་ས་ནི་རྒྱ་གར་ནས་ཡིན་ལ། དེའང་ཨེ་ཤ་ཡའི་དཀྱིལ་མའམ་ཁོ་ཁི་སི་ཨ (Caucasia) ཕྱོགས་ནས་འོངས་པའི་ཨརྱ་ན་པ་ཞེས་པའི་མི་རྒྱུད་དཀར་པོའི་ཚོ་བ་ཞིག་གིས་རྒྱ་གར་ནུབ་བྱང་གི་རི་ཉག་ནས་བཙན་འཛུལ་བྱས་ཤིང་། ས་དེའི་ཡ་ཐོག་ཡུལ་མི་གདའ་ར་ཝེ་སྡིའི་ (Dravidians) མི་རྣམས་དབང་དུ་བསྡུས། སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་བཞི་པར་ཨརྱ་པས་རྒྱ་གར་བཙན་བཟུང་བྱས་རྗེས། རྒྱ་གར་གྱི་ལོ་རྒྱུས་དེ་རིག་བྱེད་ཀྱི་དུས་རབས་ཞེས་པར་སླེབས། རིག་བྱེད་ཅེས་པ་ནི་རྒྱ་གར་གྱི་ཆེས་སྔ་བའི་ཆོས་ལུགས་ཀྱི་ཡིག་ཚང་དང་རྩོམ་རིག་བརྩམས་ཆོས་ཀྱི་སྤྱི་མིང་ཡིན་ཡང་། རྗེས་སུ་བྲམ་ཟེའི་ཆོས་ལུགས་ཀྱི་བསྟན་བཅོས་སུ་གྱུར། ཨརྱ་ན་པས་གདའ་ར་ཝེ་སྡིའི་མི་དབང་དུ་བསྡུས་རྗེས་ནང་ཁུལ་དང་གྲལ་རིམ་གྱི་དབྱེ་བ་བྱུང་ཞིང་། ཚོ་བ་ཕན་ཚུན་བར་ནམ་རྒྱུན་དམག་འཁྲུག་རྒྱག་གི་ཡོད་པར་བརྟེན། དེ་ལ་མོ་རྩིས་དང་རིམ་གྲོ་བྱེད་མཁན་གྱི་ཆོས་ལུགས་པ་སྟེ་གྲྭ་པའང་ཡིན་ལ་སྐུ་དྲག་ཀྱང་ཡིན་པའི་བྲམ་ཟེའི་རིགས་རྒྱུད་བྱུང་། བྲམ་ཟེའི་རིགས་རྒྱུད་ལ་བླ་ན་མེད་པའི་དབང་ཆ་བེད་སྤྱོད་ཡོང་ཆེད་གསོལ་མཆོད་ཀྱི་ཆོ་ག་སོགས་བྲམ་ཟེ་ཁྱད་པར་ཅན་གྱིས་མ་གཏོགས་སྒྲུབ་མི་ནུས་པ་དང་། གསོལ་མཆོད་ལ་བརྟེན་ནས་ཐམས་ཅད་སྒྲུབ་ནུས་པ་ཡིན་ཞེས་འུད་ཀྱིས་བརྗོད། བྲམ་ཟེའི་ཆོས་ལུགས་ནི་སྤྱི་ལོ་སྔོན་གྱི་དུས་རབས་བདུན་པར་བྱུང་བར་བཤད། གྲལ་རིམ་རང་བཞིན་ཅན་ནམ་ཡང་ན་ཆ་མི་མཉམ་པའི་རིགས་རྒྱུད་བཞིའམ་ལྔ་བྱུང་བའི་ནང་ནས་རིགས་མཐོ་ཤོས་སམ་བཟང་ཤོས་སུ་རློམ་པ་ནི་བྲམ་ཟེའི་རིགས་རྒྱུད་ཡིན་ལ། གཉིས་པ་རྒྱལ་རིགས། གསུམ་པ་རྗེ་རིགས། བཞི་པ་གདོལ་པའི་རིགས། ལྔ་པ་དམངས་རིགས་བཅས་སོ། །བྲམ་ཟེའི་ཆོས་ལུགས་ཀྱིས་བྲམ་ཟེའི་རིགས་རྒྱུད་ལྷ་ལ་གཏུགས་ཤིང་། བྲམ་ཟེའི་རིགས་རྒྱུད་ཀྱི་དབང་ཆ་བླ་མེད་ཁྱད་འཕགས་ཅན་དུ་བཏང་བས་དྲང་བདེན་མིན་པའི་རིགས་རྒྱུད་གྲལ་རིམ་ཅན་དུ་གྱུར་པས། རིགས་དམན་པ་དག་ལ་རྟག་ཏུ་དཀའ་ངལ་འཐོལ་པ་འཁུར་དགོས་པ་བྱུང་།

སངས་རྒྱས་ཆོས་ལུགས་ཇི་ལྟར་བྱུང་ཚུལ་ནི།

སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་པར་རི་བོ་ཧི་མ་ལ་ཡའི་འདབས་རོལ་དུ་ཤཱཀྱའི་རིགས་ཀྱིས་དབང་བསྒྱུར་བྱས་པའི་གྲོང་ཁྱེར་སེར་སྐྱ་ཆགས་ཡོད། གྲོང་ཁྱེར་འདིའང་བྲམ་ཟེའི་ཆོས་ལ་དད་ཅིང་རིགས་རུས་ལམ་ལུགས་ལག་བསྟར་བྱེད་མཁན་ཞིག་ཡིན། ཡུལ་འདིའི་རྒྱལ་པོ་ཟས་གཙང་ལ་རྒྱལ་སྲས་གཞོན་ནུ་དོན་གྲུབ་ (སྤྱི་ལོའི་སྔོན་གྱི་ ༥༦༦ ནས་སྤྱི་ལོའི་སྔོན་གྱི་ ༤༨༦ བར་འཁྲུངས་ཤིང་།) ཁོང་ནི་རྣམ་དཔྱོད་ཀྱི་རྩལ་གཞན་ལས་ཀྱང་ཁྱད་དུ་འཕགས་པ་ཡིན་པས། ཆུང་དུས་ནས་རྒྱལ་སྲིད་དང་དམག་འཐབ་ལ་མི་དགྱེས་ཤིང་། དེ་བས་འདྲ་མཉམ་དང་དྲང་བདེན་མིན་པའི་རིགས་རུས་ལམ་ལུགས་ལ་དགྱེས་པོ་གཏན་ནས་མེད། རྒྱལ་སྲས་དགུང་ལོ་ཉེར་དགུ་པ་སྤྱི་ལོའི་སྔོན་གྱི་ ༥༣༨ ལོའི་ཟླ་བ་ ༡༢ ཚེས་ ༠༨ ཉིན་གྱི་དགོང་མོར་རྒྱལ་སྲིད་དང་། བུ་དང་ཆུང་མ་བསྐྱུར་ཏེ་དམ་པའི་ཆོས་འཚོལ་བའི་ལམ་དུ་ཞུགས། རིང་འཕུར་དང་ལྷག་སྤྱོད་དགེ་བའི་བཤེས་གཉེན་དུ་བསྟེན་ཀྱང་། མཐར་ཐུག་གི་ཐར་པའི་ལམ་ད་དུང་མ་རྙེད་པས། ནཻརཉྫནའི་འགྲམ་དུ་ལོ་དྲུག་གི་རིང་དཀའ་བ་སྤྱད་ཅིང་། མཐར་རྡོ་རྗེ་གདན་གྱི་བྱང་ཆུབ་ལྗོན་ཤིང་གི་འོག་ཏུ་ཉིན་ཞེ་དགུའི་རིང་ཏིང་འཛིན་ལ་དམ་པོར་བཞུགས་ཤིང་མངོན་པར་བྱང་ཆུབ་པའི་མཛད་པ་བསྟན།

འདི་ནས་ལོ་རྒྱུས་ཀྱིས་མཁོ་སྤྲོད་བྱས་པ་དང་། རང་རེའི་བཤད་སྲོལ་དང་མི་འདྲ་ས་ཞིག་ཡོད་པ་ནི། རང་རེའི་མངོན་པར་སངས་རྒྱས་ནས་ཞག་ཞེ་དགུའི་བར་སླར་ཡང་མཉམ་པར་བཞག་པར་འདོད། སངས་རྒྱས་ཀྱིས་ཝཱ་རཱ་ཎ་སཱིར་བདེན་བཞིའི་ཆོས་འཁོར་བསྐོར་ཅིང་། རིགས་རུས་མཐོ་དམན་བར་གསུམ་ལ་ཁྱད་མེད་དུ་ཆོས་ཀྱིས་བསྐྱངས། དེ་ནས་བཟུང་སངས་རྒྱས་ཆོས་ལུགས་བྱུང་བ་ཡིན། ཤཱཀྱ་མུ་ནེས་གསར་གཏོད་གནང་བའི་སངས་རྒྱས་ཆོས་ལུགས་ཀྱིས། བྲམ་ཟེའི་ཆོས་ལུགས་ཀྱི་དབང་ཐོབ་རྩིས་མེད་དུ་བཏང་ཞིང་། རིགས་རུས་ལམ་ལུགས་ལ་དགག་པ་བརྒྱབ་ནས་སྐྱེ་འགྲོ་ཡོངས་འདྲ་མཉམ་ཡིན་པའི་འདོད་ཚུལ་བཟུང་བ་དེས། སྐབས་དེ་དང་དེའི་དུས་སུ་མཚོན་ན་ཡར་ཐོན་དང་དོན་སྙིང་ཆེན་པོ་ལྡན་ཡོད།

ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཐོག་མར་བྱུང་ཚུལ།

ད་ལྟ་རྒྱལ་ཁབ་སོ་སོར་ (Olympic) ཨོ་ལིམ་ཕིག་རྩེད་འགྲན་བྱེད་བཞིན་པའི་འགྲན་ཚོགས་འདི་ནི། གནའ་བོའི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ལ་རྨང་གཞིར་བྱས་ནས་གྲུབ་ཅིང་འཕེལ་རྒྱས་བྱུང་བ་ཡིན། གནའ་རབས་ཨོ་ལིམ་ཕིག་འགྲན་ཚོགས་ཀྱི་འབྱུང་ཁུངས་ནི་གནའ་བོ་ (Greece) གྷི་རི་སི་ཡིན་ཞིང་། གནའ་བོ་གྷི་རི་སིའི་མཁའ་གྲོང་རྒྱལ་ཁབ་ཀྱི་དུས་སུ་རྒྱུན་ཆད་མེད་པའི་དམག་འཁྲུག་དང་། བྲན་གཡོག་གི་འོས་ལངས་ལ་དྲག་གནོན་གྱི་ཆེད་དུ། གཟུགས་གཞི་ཐང་པོ་ཡོད་པ་ལ་ཤེད་ཤུགས་ཆེ་བ། དཀའ་བ་ཐུབ་ཅིང་བདེ་མྱུར་ཅན་གྱི་སྤྱི་དམངས་སྐྱེད་སྲིང་བྱ་ཆེད། ལུས་རྩལ་སྦྱོང་བརྡར་ནི་གནའ་བོའི་གྷི་རི་སིའི་མིའི་འཚོ་བའི་གྲུབ་ཆ་ཞིག་ཏུ་གྱུར་བར་བཤད། དེ་དང་དུས་མཚུངས་སུ་སྤྱི་ལོའི་སྔོན་གྱི་ ༧༧༦ ལོར་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཐོག་མར་ཚོགས། ཚོགས་ཡུལ་ནི་ཕེ་ལོ་ཕོན་ནེ་སོ་སི་ (Peloponnisos) གླིང་ཕྲན་ཕྱེད་མའི་ཨོ་ལིམ་ཕིག་ཨ་གྲོང་སྡེ་རུ་ཡིན་ལ། ཨོ་ལིམ་ཕིག་ཨ་གྲོང་སྡེ་ནི་གྷི་རི་སིའི་ཆེས་མཛེས་པའི་ཡུལ་ཞིག་ཡིན་པར་བཤད། ལུས་རྩལ་འགྲན་ཚོགས་ཚོགས་སའི་ཡུལ་ཨོ་ལིམ་ཕིག་ཨ་གྲོང་སྡེ་ཡིན་པས་རྗེས་སུ་མིང་ཡང་ཨོ་ལིམ་ཕིག་ཅེས་ཐོགས་པར་མངོན། གནའ་བོའི་ཨོ་ལིམ་ཕིག་ལུས་རྩལ་འགྲན་བསྡུར་གྱི་རྣམ་གྲངས་ལ། རྒྱུག་རྩལ་འགྲན་པ་དང་། ཤུགས་ཚད་འགྲན་པ། ལྕགས་སྒོར་དང་འཕང་མདུང་འཕེན་པ་སོགས་ཡོད་ཅིང་ཕྱིས་སུ་ཁུ་ཚུར་སྣུན་རྩལ་སོགས་ཀྱང་ཁ་སྣོན་བྱས། སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་པ་དང་ལྔ་པའི་བར་གནའ་བོའི་ཨོ་ལིམ་ཕིག་ཤིན་ཏུ་དར་བའི་སྐབས་ཡིན་པ་དང་། སྤྱི་ལོའི་སྔོན་གྱི་ལོ་ (༣༣༨) རྗེས་སུ་གནའ་བོའི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཉམས་དམས་སུ་སོང་བའི་དུས་སྐབས་ཡིན། སྤྱི་ལོ་ ༣༩༣ ལོར་རོམ་བཙན་རྒྱལ་གྱི་གོང་མ་ཐེ་ཨོ་སྡོ་སིའུ་སི་ (Thedosius) ཡིས་ཨོ་ལིམ་ཕིག་ཨའི་ལུས་རྩལ་འགྲན་ཚོགས་གཏན་ནས་འཚོགས་མི་ཆོག་པའི་བཀའ་བབས། སྤྱི་ལོ་ ༡༨༩༦ ལོར་གྷི་རི་སིའི་རྒྱལ་ས་ཨ་ཐེན་དུ་ཐེངས་དང་པོའི་དེང་རབས་ཨོ་ལིམ་ཕིག་ཨའི་ལུས་རྩལ་འགྲན་ཚོགས་དངོས་སུ་འཚོགས་ཏེ་ད་ལྟའི་བར་རྒྱུན་འཁྱོངས་བྱས་དང་བྱེད་བཞིན་པའོ།།

སྔ་རབས་ཀྱི་ཡེ་ཤུ་ཆོས་ལུགས་བྱུང་ཚུལ།

ཡེ་ཤུ་ཆོས་ལུགས་ནི་སྟོན་པ་ཡེ་ཤུ་ཞེས་པས་གསར་གཏོད་བྱས་པར་རློམ་ཆེ་ཡང་། དོན་དངོས་དེ་ལྟར་མིན་པར་དུས་རབས་དང་པོའི་དུས་དཀྱིལ་ཙམ་དུ་ཕ་ལེ་སི་ཐན་དང་ཨ་ཤེ་ཡ་ཆུང་བར་སྡོད་པའི་རྗེའུ་དབུལ་པོ་རྣམས་ཀྱིས་ཐུན་མོང་དུ་གསར་སྐྲུན་བྱས་པ་ཡིན་པར་བཤད། དེའང་གནའ་བོའི་དུས་རོམ་བཙན་རྒྱལ་གྱིས་རྗེའུ་མི་རིགས་དབང་དུ་བསྡུས་རྗེས་དྲག་གནོན་སྲིད་ཇུས་སྐྱི་གཡའ་བ་སྤྱད་སྟབས། རྗེའུ་ཡི་མི་རྣམས་ཀྱིས་ཆོས་ལུགས་བེེད་སྤྱོད་བཏང་སྟེ། རོམ་གྱི་གཉའ་གནོན་ལས་ཐར་བའི་རེ་འདུན་བཅངས་པ་དང་། ཕ་ལེ་སི་ཐན་དང་ཨ་ཤེ་ཡ་ཆུང་བར་ཐར་ཐོར་དུ་བསྡད་པའི་རྗེའུ་ཡི་མི་རིགས་ཆོས་ལུགས་འཆད་མཁན་ཁ་ཤས་བྱུང་བ་དང་། དེ་རྣམས་ཀྱིས་རྗེའུ་ཆོས་ལུགས་གཞི་རྩར་བཟུང་ནས་ཡེ་ཤུ་འཇིག་རྟེན་གྱི་མགོན་དུ་ཕེབས་རྒྱུ་ཡིན་པ་དང་། དེ་ལྷ་ཆེན་གོང་མའི་བུ་ཁེར་སྐྱེས་དང་ཕོ་ཉ་ཡིན་ཚུལ་དང་། ཡེ་ཤུ་ལ་དད་པ་བྱས་ན་གཟོད་ཐར་པ་ཐོབ་ཐུབ་པ་དང་ཤི་རྗེས་ལྷ་ཡུལ་དུ་སྐྱེ་ཚུལ་བསྒྲགས། གོང་དུ་སྨྲས་པ་དེ་དག་ནི་ཡེ་ཤུ་ཆོས་ལུགས་ཀྱི་རྩ་བ་དེ་ཡིན་པར་བཤད། ཡེ་ཤུ་ཆོས་ལུགས་ལ་རྡུང་རྡེག་སྣ་ཚོགས་ཁྲོད་དབུལ་པོའི་ཡེ་ཤུ་ཆོས་ལུགས་ཕྱུག་པོའི་ཡེ་ཤུ་ཆོས་ལུགས་སུ་གྱུར་པ་དང་། དུས་རབས་བཞི་པའི་དུས་མཇུག་ཙམ་ནས་ཡེ་ཤུ་ཆོས་ལུགས་ནི་རོམ་བྲན་བདག་གྲལ་རིམ་གྱི་དབང་སྒྱུར་ལག་ཆ་རུ་གྱུར་པ་དང་བཙན་རྒྱལ་གྱི་སྲིད་དབང་དང་ཟུང་འབྲེལ་བྱས་པའོ།།

གསལ་བཤད་དགོས་པ་ཞིག་ལ།
གོང་དུ་བཤད་པའི་ལོ་རྒྱུས་དག་ནི་ (འཛམ་གླིང་གནའ་རབས་ལོ་རྒྱུས་ཀྱི་གཏམ་རྒྱུད་) ལས་རང་རེ་ལ་དགོས་གལ་ཆེ་བའི་རིགས་གནད་བསྡུས་བྱས་པ་ལྟ་བུ་ལས། རང་རྩོམ་དམིགས་བསལ་བ་གང་ཡང་མིན་ལ། ཁྱད་པར་རྒྱལ་ཁབ་དང་། མི་རིགས། ས་གནས། མི་ཡི་མིང་སོགས་ཀྱི་དག་ཆའང་སྐབས་སྐབས་སུ་ཅུང་མི་བདེ་བའི་རྣམ་པ་མཐོང་ན་ཡང་དཔེ་དེབ་ཏུ་ཇི་ལྟར་གསལ་བ་ལྟར་བཀོད་པ་ལས་བསྒྱུར་བཅོས་གང་ཡང་བྱས་མེད།

སྤྱི་ལོ་ ༢༠༢༡ ཟླ་བ་ ༠༩ ཚེས་ ༢༠ ཉིན་ལ་གྲུབ་པར་བྱས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།