ལོ་རིམ་བདུན་པའི་སློབ་གཉེར་བ། ངག་དབང་བློ་གྲོས།
མཁས་དང་གྲུབ་པའི་སྙན་གྲགས་མེད་ཀྱང་།།
ངུར་སྨྲིག་གོས་ཀྱི་གཟན་ཤམ་འོག་ནས།།
རབ་བྱུང་མིང་གིས་མི་ཚེ་རྫོགས་ན།།
བདག་ལ་མཚོན་ན་དེ་གས་ཆོག་གི།
རྒྱུ་དང་དཔལ་འབྱོར་ལོངས་སྤྱོད་མེད་ཀྱང་།།
དད་དང་ཡིད་ཆེས་གཙང་མའི་སྟེང་ནས།།
སྔར་མེད་བྱང་སེམས་རྒྱུད་ལ་འབྱོར་ན།།
བདག་ལ་མཚོན་ན་དེ་གས་ཆོག་གི།
རིགས་དང་ལང་ཚོའི་གཟི་བརྗིད་མེད་ཀྱང་།།
དྲན་དང་ཤེས་བཞིན་བྱ་རའི་འོག་ནས།།
ཀུན་ཀྱི་གཞི་རྟེན་འདུལ་ཁྲིམས་གཙང་ན།།
བདག་ལ་མཚོན་ན་དེ་གས་ཆོག་གི།
ཐོབ་དང་གོ་སའི་ཞྭ་མོ་མེད་ཀྱང་།།
མ་འོངས་དམིགས་ཡུལ་མ་ནོར་སྒོ་ནས།།
རང་གཞན་ཕན་པའི་མདུན་ལམ་ཡོད་ན།།
བདག་ལ་མཚོན་ན་དེ་གས་ཆོག་གི།
རྒྱ་དང་དབྱིན་ཇིའི་སྐད་ཀྱིས་ཕོངས་ཀྱང༌།།
དབྱངས་གསལ་སོ་བཞིའི་ཉི་ཟེར་འོག་ནས།།
འདི་དང་ཕྱི་མའི་ལམ་ཁ་གསལ་ན།།
བདག་ལ་མཚོན་ན་དེ་གས་ཆོག་གི།
གཡས་དང་གཡོན་དུ་འཁོར་སློབ་མེད་ཀྱང་།།
དྲན་ཤེས་བག་ཡོད་ལྕགས་ཀྱུའི་སྣེ་ནས།།
རང་སེམས་གླང་སྨྱོན་འདུལ་བར་ནུས་ན།།
བདག་ལ་མཚོན་ན་དེ་གས་ཆོག་གི།
བརྩེ་དང་གདུང་བའི་དགའ་རོགས་མེད་ཀྱང་།།
སྙན་ཚིག་དབྱངས་ཀྱི་གསོལ་འདེབས་ཀློང་ནས།།
དབྱངས་ཅན་ལྷ་མོ་བག་མར་ཕེབས་ན།།
བདག་ལ་མཚོན་ན་དེ་གས་ཆོག་གི།
རྒྱབ་དང་མདུན་ནས་སྐྱེལ་བསུ་མེད་ཀྱང་།།
བན་འཁྱམས་ཤིག་གི་མིང་བྱང་བཟུང་ནས།།
ཕར་འགྲོ་ཚུར་འོང་རང་དབང་ཐོབ་ན།།
བདག་ལ་མཚོན་ན་དེ་གས་ཆོག་གི།
ཕ་དང་མེས་ཀྱི་ཁྱིམ་གཞིས་མེད་ཀྱང་།།
ཇ་དང་རྩམ་པའི་འཚོ་རྟེན་འོག་ནས།།
རང་ཤོང་གྲྭ་ཤག་གྲུ་བཞི་བྱུང་ན།།
བདག་ལ་མཚོན་ན་དེ་གས་ཆོག་གི།
སྟོབས་དང་ཤུགས་ཀྱི་དབང་ཐང་མེད་ཀྱང་།།
དགོན་པ་ཞིག་གི་ངོས་སྦྱོར་འོག་ནས།།
ལྟོ་གོས་ཆོས་གསུམ་རིན་མེད་རག་ན།།
བདག་ལ་མཚོན་ན་དེ་གས་ཆོག་གི།
གསེར་དང་དངུལ་གྱི་རྒྱན་ཆ་མེད་ཀྱང་།།
གུས་དང་རྟག་སྦྱོར་བརྩོན་འགྲུས་ལམ་ནས།།
ཐོས་བསམ་སྒོམ་གྱི་ཤེས་རབ་འབར་ན།།
བདག་ལ་མཚོན་ན་དེ་གས་ཆོག་གི།