ལོ་རིམ་བཞི་པའི་སློབ་གཉེར་བ། ཨོ་རྒྱན་བསྟན་འཛིན།
དངོས༌མཐོང༌ལག༌རེག༌མ༌གཏོགས༌ཁས༌ལེན༌མེད་ཅིང༌༎
ཕན༌ཚུན༌རྡུལ༌ཕྲན༌རྫས༌སྦྱོར༌གནས༌ལ༌མཁས༌པའི༎
རིག༌ལྡན༌ཚན༌རིག༌པ༌ཚོར༌འཇོན༌ཐང༌ཡོད༌ན༎
གོ༌ལ༌ཧྲིལ༌པོ༌ངུ༌སྒྲས༌ཁེངས༌དགོས༌མི༌འདུག།
སྐད༌ཅིག༌གོ༌ལའི༌ཁྱིམ༌རྒྱུད༌ཐལ༌རྡུལ༌གཏོང༌ལ༎
འཇིགས༌རུང༌རྫས༌སྦྱོར༌ངན༌པའི༌གོ༌ལག༌ཡོད༌པ༎
སྟོབས༌ལྡན༌རྒྱལ༌ཁབ༌དེ༌ཚོས༌སྲིན༌འབུ༌ཞིག༌ལ།།
ཁ༌གཏད༌ལྕོགས༌ན༌འཇིག༌རྟེན༌ངུ༌དགོས༌མི༌འདུག།
ལྷ༌ལམ༌སྟོང༌པའི༌དབྱིངས༌སུ༌ལྡིང༌སྐོར༌བྱེད༌པའི༎
གོ༌ལ༌གཅིག༌སྟེང༌གནས༌པའི༌འཛམ༌བུ༌གླིང༌པ༎
ཡོད༌ཚད༌མཉམ༌རུབ༌ནུས༌པ༌གཅིག༌སྤུངས༌ཡོད༌ན༎
ཚེ༌སྲོག༌རིན༌ཆེན༌མང༌པོ༌ཤོར༌དགོས༌མི༌འདུག།
བཟང༌ངན༌བྱེད༌པོ༌འདོད༌པའི༌གྲུབ༌མཐའ༌འཛིན༌པ༎
ང༌ཁྱོད༌གཅིག༌མཚུངས༌སྡུག༌བསྔལ༌འདོད༌པ༌མིན༌པས༎
ཁྱོད༌ཀྱི༌བྱེད༌པོ༌བློ༌ལྡན༌དངོས༌ཡོད༌ཡིན་ན༎
ཁོང༌ལ༌སྙན༌ཞུ༌འདྲ༌ཞིག༌ཞུ༌དུས༌མིན༌ནམ༎
ལོ༌མང༌གངས༌རིའི༌གསེང༌ན༌རང༌ཉིད༌གཅིག༌པུ༎
གོས༌མེད༌གཅེར༌བུའི༌ངང༌ལ༌གནས༌ལུགས༌འཚོལ༌བའི༎
ཙོག༌པུ༌བ༌ལ༌རིགས༌སྔགས༌ནུས༌མཐུ༌ཡོད༌ན༎
གཞན༌ལ༌བསམ༌གཞིགས༌དགོས༌པའི༌དུས༌ཤིག༌སླེབས༌ཤག།
ཡོད༌ཚད༌རྟེན༌འབྱུང༌སྨྲ༌ལ༌ལྕེ༌བརྒྱར༌སྤྲུལ༌མཁས༎
ང༌ཚོའི༌གྲུབ༌པའི༌མཐའ༌འདི༌བསླུ༌མེད༌ཡིན་ན༎
སྔོན༌ནས༌ད༌བར༌སྨོན༌ལམ༌འབུམ༌ཕྲག༌བྱས༌པའི༎
བདེན༌དོན༌འབྲས༌བུ༌སྨིན༌པའི༌དུས༌དེ༌འཆར༌ཤོག།
༢༠༢༡/༠༥/༠༨