བརྩེ་དུང་གི་ཁྲོད་ན།

ཚུལ་ཁྲིམས་རྒྱ་མཚོ། (སེ་ར།)

ཕན་ཚུན་པད་མ་རུ་མཐོང་ནས།།
སེམས་པ་ཕར་ཤོར་དང་ཚུར་ཤོར།།
སེམས་དང་སེམས་པ་ཡི་ཁྲོད་ནས།།
ཚོར་བ་མངར་མོ་ཞིག་སྐྱེ་ངེས།།

ཕན་ཚུན་ཡིད་ཆེས་ཤིག་བྱས་ཏེ།།
བརྩེ་སེམས་རྟག་པ་རུ་བསྒོམས་ཤིང་།།
སེམས་དང་སེམས་པ་ཡི་ཁྲོད་ན།།
ལྗོན་པའི་དབང་པོ་བཞིན་མཐོང་ངེས།།

ཕན་ཚུན་སྐྱོན་མེད་ཅིག་བསྒོམས་ནས།།
དཀར་པོ་དཀར་པོ་རུ་མི་མཐོང་།།
ནག་པོ་དཀར་པོ་རུ་ཤར་བས།།
གནས་ལུགས་རྒྱུ་མཚན་དག་མི་མཐོང་།།

ན་ཚུན་ཡོད་ཚད་དུ་བསམས་ཏེ།།
མ་འོངས་མི་ཚེ་ཡི་དུས་སུ།།
མི་འབྲལ་དམ་བཅའ་ཞིག་བཞག་ནས།།
ཁྲིམས་ཡིག་སྒོ་ལྕགས་ཤིག་བརྒྱབ་སྲིད།།

ཕན་ཚུན་དོགས་པ་ཞིག་སྐྱེས་ཏེ།།
རྫུན་ཚིག་སྤྲིན་ནག་བཞིན་འཁྲིགས་ནས།།
སྙིང་དང་སྙིང་དམར་གྱི་སྟེང་དུ།།
སེར་བ་ཡུན་རིང་ལ་འབབ་ངེས།།

ཕན་ཚུན་སྐྱོན་ལྡན་བཞིན་མཐོང་ནས།།
ཆུང་ཆུང་ཆེན་པོ་རུ་བལྟས་ཏེ།།
སྙིང་ཆུང་དམར་པོ་ཡི་སྟེང་དུ།།
མེ་ལྕེ་དམར་པོ་ཞིག་འབར་ངེས།།

ཕན་ཚུན་ཡིད་ཆེས་རྣམས་བརླགས་ནས།།
དམ་བཅའ་འཇའ་ཚོན་བཞིན་མཐོང་སྟེ།།
བརྩེ་སེམས་མི་རྟག་པའི་རང་བཞིན།།
ཝ་ལེར་སེམས་ངོས་སུ་འཆར་ངེས།།

ཕན་ཚུན་ཁྲམ་པ་རུ་བལྟས་ནས།།
ཡིན་མིན་ཡོད་མེད་ལ་མི་བསམ།།
གློག་གི་བརྩེ་བ་དང་བྱམས་པ།།
ནམ་མཁའི་མེ་ཏོག་ཅེས་སྨྲ་སྲིད།།

ཕན་ཚུན་དགྲ་བོ་བཞིན་མཐོང་ནས།།
སྔར་གྱི་བཀའ་དྲིན་རྣམས་བརྗེད་དེ།།
བཀའ་དྲིན་དྲིན་ལན་གྱི་ཚབ་ཏུ།།
མཚོན་ཆ་སྣ་ཚོགས་དག་འབུལ་སྲིད།།

ཕན་ཚུན་མཐོང་འདོད་ཙམ་མེད་ནས།།
སྙིང་གི་དམ་བཅའ་རྣམས་གཡུགས་ཤིང་།།
ཁྲིམས་ཡིག་སྒོ་ལྕགས་ཀྱང་བཅོམ་སྟེ།།
རང་དབང་ཐོབ་སོང་ཞེས་སྨྲ་སྲིད།།

ཕན་ཚུན་རྒྱུས་མེད་ལྟར་གྱུར་ནས།།
རྐང་ལམ་ཕྲ་མོ་རུ་འཕྲད་དུས།།
འཚམས་འདྲི་ཚིག་གཅིག་ཀྱང་མི་ཞུ།།
རང་རང་འགྲོ་ས་རུ་ཆས་ངེས།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།