ཚུལ་ཁྲིམས་རྡོ་རྗེ། (བེ་རི།)
ན་མོ་སྭ་ར་སྭསྟི་ཡེ།
བཅུ་དྲུག་ལང་ཚོའི་མེ་ཏོག་རབ་བཞད་དཔལ་གྱིས་ཕྱུག།
སྤངས་རྟོགས་མཐར་ཕྱིན་ཀུན་ནས་ཆོས་ཀྱི་སྣང་བ་རྒྱས།།
མཁྱེན་བརྩེ་བློ་གྲོས་ཡོངས་རྫོགས་ཐུགས་རྗེའི་ཤེས་རབ་མ།།
རྒྱལ་ཀུན་ཡུམ་གཅིག་དབྱངས་ཀྱི་ལྷ་མོ་པད་མཚོར་རོལ།།
ཡིད་འོང་ཞལ་རས་འཛུམ་པའི་ཟླ་གཞོན་གསར་པའི་ངོགས།།
བརྩེ་ཆེན་བྱམས་སྙིང་སོགས་ཀྱི་དཔལ་ཡོན་རབ་མངའ་ལ།།
མཛེས་སྡུག་གཟི་འོད་འབུམ་ཕྲག་འཕྲོ་བའི་ལང་ཚོ་ཅན།།
མཐོང་ཐོས་ཡིད་དབང་འགུགས་པའི་དགེ་ལེགས་སྩོལ་ཅིག་ཀྱེ།།
ཀ་དག་ཆོས་སྐུ་མངོན་དུ་གྱུར་པའི་རོལ་རྩེད་ལས།།
ཁ་དོག་སྣ་ཚོགས་གོས་ཀྱིས་གཡོགས་པའི་མཚོ་བྱུང་མ།།
ག་ནས་བལྟས་ཀྱང་ལྟ་བས་མི་ངོམས་འཕྲིན་ལས་གཏེར།།
ང་ཡི་མགྲིན་པའི་རྩ་མདུད་མ་ལུས་འགྲོལ་བར་མཛོད།།
བརྒྱད་གཉིས་དར་བབས་སྐུ་ཡི་ལང་ཚོ་ཡང་ཡང་ངོམ།།
ཡན་ལག་དྲུག་བཅུའི་གསུང་གིས་འགྲོ་ལ་ཞི་བདེ་སྦྱིན།།
མཁྱེན་གཉིས་ཡེ་ཤེས་མངའ་བའི་ཐུགས་ལ་ཆོས་ཀུན་གསལ།།
སྤངས་རྟོགས་ཡོན་ཏན་རྫོགས་པའི་ཚངས་སྲས་མ་ལ་བསྟོད།།
རབ་དཀར་བཞིན་རས་མཚར་ལ་འོད་ཀྱི་དམར་མདངས་གསལ།།
སྣང་བྱེད་ཨུཏྤལ་ཟུང་ལ་སྙིང་རྗེའི་རང་གཟུགས་ཅན།།
དྲི་བྲལ་ཐུགས་ཀྱི་མེ་ལོང་ཡངས་པོའི་མཁའ་དབྱིངས་སུ།།
ཤེས་བྱའི་ཆོས་ཀུན་འཆར་བའི་དབྱངས་ཅན་མ་ལ་འདུད།།
འཇམ་མཉེན་ལུས་ཀྱིས་སྒེག་ཉམས་སྟོན་ཞོར་ཟུར་མིག་གཡོ།།
རབ་མཛེས་གོས་ཀྱིས་སྤུད་པས་མཚར་སྡུག་མདངས་ཀྱིས་འཁྱུད།།
སྡེབ་ལེགས་གཞན་ལས་ལྷག་པའི་ཆོས་ཀྱི་དགའ་སྟོན་འགྱེད།།
བདག་དང་མཐའ་ཡས་སྡུག་ཀུན་སེལ་བའི་དཔལ་ལྷ་མོ།།
མ་ཁྱོད་རིང་ནས་དུས་གསུམ་སངས་རྒྱས་ཀུན་ཀྱི་ཡུམ།།
ཡེ་ནས་བྱམས་པའི་ཐུགས་བསྐྱེད་འོ་མཚོ་ཉམས་མེད་ལ།།
ངོ་མཚར་ཟབ་གསང་ཆོས་ཀྱི་སྣང་བ་ཕྱོགས་ཀུན་རྒྱས།།
ཕྲིན་ལས་ཉི་ཟླའི་འོད་དཀར་ས་གསུམ་ཡོངས་ལ་ཁྱབ།།
ངོ་མཚར་སྙན་པའི་སྒྲ་དབྱངས་ཕྱོགས་ཀུན་ཁྱབ་པ་ཡིས།།
ཕ་རོལ་སེམས་ཀྱི་བཟོད་དཀའི་སྡུག་བསྔལ་མ་ལུས་སེལ།།
ཐམས་ཅད་བདེ་བའི་གྲོང་དུ་ཁྲིད་པའི་བདག་ཉིད་མ།།
སྲིད་འདིའི་ཟླ་གཞོན་གསར་པའི་དཔལ་ལ་ཅི་ཡང་འགྲན།།
གང་གི་ཟབ་རྒྱས་གསུང་གི་ཆ་ཤས་ཙམ་དེ་ཉིད།།
རྣ་བར་ལྷུང་མ་ཐག་ཏུ་རྨོངས་པའི་དྲི་མ་དག།
ཕན་བདེའི་རྩ་ལག་མངའ་བའི་རྣམ་འགྱུར་མ་ལུས་པ།།
འགྲོ་བ་ཀུན་ཀྱི་ཡིད་དགའི་དཔལ་དུ་འཆར་བར་ཤོག།
སྙིང་ནས་དད་པའི་རེ་བའི་མེ་ཏོག་བཞད་པ་ལས།།
ཡིད་འཕྲོག་ལྷ་མོ་ཁྱོད་དང་མི་འབྲལ་ལྷན་ཅིག་ཏུ།།
མཆོག་དང་ཐུན་མོང་དངོས་གྲུབ་འདབ་བརྒྱའི་འབྲས་བུ་སྟེ།།
ཡིད་ལ་བརྣག་པའི་འདོད་དོན་ཀུན་ཀྱང་འགྲུབ་པར་ཤོག།