ལོ་རིམ་དྲུག་པའི་སློབ་གཉེར་བ། ཉི་མ་ཚེ་རིང་བླ་མ།
རྣམ༵་པར་གྲོལ༵་བའི་རིག་འཛིན་ཆེན་པོ་ནི།།
འཇིག་རྟེན་འདས་ཀྱང་འཁོར་བའི་སེམས་ཅན་རྣམས།།
ཡེངས་མ་ལམ་ལ་ལུས་པ་མཐོང་བའི་ཚེ༵།།
རི༵ང་ནས་སྨོན་པའི་ཐུགས་བསྐྱེད་དུས་སུ་སྨིན།།
འཆད་རྩོད་རྩོམ་པའི་གཤོག་རྩལ་ཉེར་རྫོགས་ཤིང་།།
བཤད་སྒྲུབ་ལས་ཀྱི་ཆུ་བོའི་ཕ་མཐར་སོན།།
དགེ་ལེགས་ཡོན་ཏན་འབུམ་གྱི་དཔལ་མངའ་བ།།
རྨད་བྱུང་མཁ༵ས་པའི་དབང་པོ་གཙུག་ན་རྒྱལ།།
གསུང་རབ་རྒྱ་མཚོའི་ཚིག་ཀ་རེ་རེ་ཡང་།
ཉམས་དང་འགྱུར་ཁུགས་སྟོང་གི་རོ་དང་བཅས།།
རྗེན་པར་འགྲེལ་ཚེ་གཟུར་གནས་སྐྱེ་བོའི་ཚོགས།།
ཁྱེད་ལ་ཡིད་སྨོན་མི་འཆོར་ཟློག་ནུས་སུ།།
ཚུལ་ཁྲིམས་དྲི་ལྡན་སྙིང་རྗེའི་གྲིབ་བསིལ་ཅན།།
ངུར་སྨྲིག་ན་བཟའི་གཟི་མདངས་ལྷག་ཏུ་འཕྲོ།།
རང་དོན་ཡིད་བྱེད་དྲི་མས་མ་སྦགས་པ།།
བཙུ༵ན་པའི་རྣམ་ཐར་སྐྱོང་བ་ཁྱེད་ལ་བསྟོད།།
ངལ་མེད་དུས་ཀུན་སེམས་ཅན་ཡོད་དགུ་ལ།།
ཕྱིར་མི་ལྡོག་པའི་ཕན་བདེའི་ལེགས་ཚོགས་དག།
ཐབས་ཤེས་གཉིས་མེད་ལམ་ནས་སྟེར་མཛད་པའི།།
རླབས་ཆེན་ཕྲིན་ལས་བཟ༵ང་པོ་སྲིད་རྩེར་གཡོ།།
འཁོར་བར་བྱིང་པའི་སེམས་ཅན་མ་ལུས་པ།།
གང་གི་ཐུགས་རྗེའི་ལྕགས་ཀྱུས་མི་འདོར་བར།།
ཡོངས་སུ་བཟུང་ནས་དག་པའི་ཞིང་མཆོག་ལ།།
རིང་མིན་འདྲེན་པར་མཛོད་ཅིག་ཆོས་ཀྱི་རྗེ།།
སྐྱེ་རྒུའི་བདེ་སྐྱིད་ཁྱེད་ལ་རག་ལས་ཕྱིར།།
ཕྱོགས་བཅུའི་སངས་རྒྱས་ཀུན་ཀྱིས་ཁྱེད་ལ་སྲུངས།།
སྐྱེ་དགུའི་བསོད་ནམས་དཔལ་ལས་གཡོ་མེད་དུ།།
ཞབས་པད་བརྟན་ཅིང་རྟག་ཏུ་གནས་གྱུར་ཅིག།