སྟོན་པ་ཚད་མ་དང་སྒྲུབ་བྱེད་ཀྱི་རིགས་པའི་རྣམ་གཞག

སློབ་དཔོན་པདྨ་ཆོས་དར།

གསེར་ཞལ་པདྨའི་ཟེའུ་འབྲུ་རྣམ་པར་བཀྲ།།
ཐེག་གསུམ་ཆོས་ཀྱི་སྒྲ་དབྱངས་རབ་ཏུ་བསྒྲགས།།
རྒྱལ་བསྟན་ཡོངས་ཀྱི་གཙུག་གི་ནོར་བུ་མཆོག།
རྣམ་འདྲེན་བུ་རམ་ཤིང་པས་ཤིས་པ་སྩོལ།།

འགྲོ་བའི་སྒྲོན་མེ་སེར་པོའི་ཁང་བཟང་ན།།
ཚུལ་ཁྲིམས་མེ་ཏོག་སྣ་ལྔའི་དྲི་བསུང་འཐུལ།།
བྱམས་དང་བརྩེ་བས་འགྲོ་ཀུན་སྐྱོང་མཛད་པ།།
ཞི་བདེ་དེད་དཔོན་ཆེན་པོ་སྤྱི་བོས་བསྙེན།།

སྐུ་གསུམ་ཀུན་འདུས་ངོ་བོ་གཅིག་ཉིད་ཀྱི།།
མཁྱེན་བརྩེ་ནུས་གསུམ་འགྲན་པའི་ཟླ་དང་བྲལ།།
གསང་ཆེན་སྔ་འགྱུར་བསྟན་པའི་གཙུག་གི་རྒྱན།།
སྐྱབས་རྗེ་གྲུབ་དབང་བླ་མའི་ཞབས་ཟུང་འདུད།།

ཅེས་ཤེས་རིག་གི་དབུ་འཕང་མཐོ་ཞིང་རྣམ་དཔྱོད་ཀྱི་གཤོག་རྩལ་རྒྱས་པའི་རྣམ་འདྲེན་ཐུབ་པའི་དབང་པོའི་རྗེས་འཇུག་ཅིག་ཡིན་ཕྱིན་ཆད་མཐོ་དམན་བར་གསུམ་གང་གི་དབང་དུ་བྱས་ཀྱང་མཐར་གཏུགས་ན་འདི་ཕྱི་གཉིས་ཀའི་སྐྱབས་དང་མགོན་དུ་གྱུར་པ་སྟོན་པ་ཤཱཀྱ་ཐུབ་པ་ཡིན་པར་ངེས་ཏེ། དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ལ་མི་ཕྱེད་པའི་དད་པ་དང་དག་སྣང་ཡོང་བར་སངས་རྒྱས་ཀྱི་གསུང་རབ་རྣམས་ལ་རིགས་པ་ཡང་དག་པའི་སྒོ་ནས་བསྲེག་བཅད་བརྡར་གསུམ་གྱི་སྒོ་ནས་ངེས་ཤེས་འདྲོངས་པ་ཙམ་དུ་མ་ཟད་བསྟན་པའི་བདག་པོ་སྟོན་པ་རང་ཉིད་ཀྱང་སྐྱེས་བུ་ཀུན་ཀྱི་ཡང་རྩེ་དང་ཚད་མ་ཐམས་ཅད་ཀྱི་རྒྱལ་པོ་མཐར་ཐུག་པ་ཡིན་པར་ངེས་དགོས་ཏེ།

ལེགས་བཤད་སྣང་བའི་གཏེར་ལེའུ་གཉིས་པ་ལས་[1] འོ་ན་ཚད་མར་བཏགས་པ་ཙམ་ལས་དངོས་སུ་ཚད་མར་གྱུར་པ་མ་ཡིན་ནོ་སྙམ་ན། ཤིན་ཏུ་ཡང་ཚད་མར་གྱུར་པ་ཡིན་ཏེ་སྒོམ་པ་མཐར་ཕྱིན་པའི་སྟོབས་ལས་གྲུབ་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་འཁྲུལ་པའི་དྲི་མ་མཐའ་དག་སྤངས་པའི་ངོ་བོ་ཉིད་ཡིན་པས་ན་ཚད་མ་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ཏེ་འདི་ལ་ཆོས་ཐམས་ཅད་མངོན་སུམ་དུ་གྱུར་པ་ཡིན་ལ། ཚད་མ་གཞན་དང་གཞན་ནི་ཉི་ཚེ་བའི་ཡུལ་ཅན་ཡིན་ནོ། །ཞེས་གསུངས་པ་བཞིན་དུ་རང་ཅག་རྣམས་ཀྱི་སྐྱབས་དང་མགོན་དུ་གྱུར་པ་ཐུབ་པའི་དབང་པོ་སྟོན་པ་བཅོམ་ལྡན་འདས་ནི་འཇིག་རྟེན་ཡོངས་གྲགས་བཞིན་རང་སྡེའི་གྲུབ་མཐའ་འོག་མ་བྱེ་མདོ་རྣམས་ཀྱིས་སྐྱེས་བུ་ཚད་མ་ཡིན་གྱི་ཤེས་པར་གྱུར་པའི་ཚད་མ་མ་ཡིན་ཞེས་ཟེར་ཡང་གུས་པས་སྟོན་པ་བཅོམ་ལྡན་འདས་ནི་སྐྱེས་བུ་ཚད་མ་ཡིན་པ་མ་ཟད་ཚད་མར་གྱུར་བའི་ཤེས་པ་མཐར་ཐུག་པ་ཡེ་ཤེས་ཡིན་པར་འདོད་དེ།

དེ་ཡང་རྒྱུད་གསུམ་གྱི་རྣམ་པར་ངེས་པ་ལས། ཁ་ཡར་བ་དང་ཚོགས་པ་ཞེས། །བརྟགས་ན་ཕུང་པོ་ལྔ་ཡི་རྒྱུན། །གང་ཟག་མ་ཡིན་དེ་ཡི་ཕྱིར། །ས་བོན་ཀུན་གྱི་རྣམ་ཤེས་ཀྱི། །རྒྱུན་ནི་གང་ཟག་ཡིན་པར་འདོད། །ཅེས་ཕུང་པོའི་རྒྱུན་ཙམ་གང་ཟག་མ་ཡིན་པར་རྣམ་ཤེས་ཀྱི་རྒྱུན་གང་ཟག་ཡིན་པར་འདོད་པ་དང་། སྟོང་ཐུན་སེངྒེའི་ང་རོ་ལས།[2] གདོད་ནས་དྲི་མེད་སེམས་ཀྱི་ཆོས་ཉིད་ནི། །ངེས་དོན་འཇམ་དཔལ་དཔའ་བོའི་བདག་ཉིད་དུ། །ཞེས་རྗེ་བཙུན་འཇམ་པའི་དབྱངས་ནི་དྲི་མ་ཐམས་ཅད་དང་བྲལ་བའི་སེམས་ཀྱི་ཆོས་ཉིད་ཡིན་ཞེས་དང་། ལེགས་བཤད་སྣང་བའི་གཏེར་ལེའུ་གཉིས་པ་ལས།[3] དཔེར་ན་ཆགས་བྲལ་གོམས་པས་བློ་དེའི་རང་བཞིན་དུ་གྱུར་པ་དགྲ་བཅོམ་པ་རྣམས་དང་། ཆགས་པ་གོམས་པའི་ཆགས་ལྡན་རྣམས་དང་། མི་སྡུག་པ་གོམས་པས་ཡིད་ལོག་པ་རྣམས་ཀྱི་བློ་བཞིན་ནོ། །ཞེས་དེ་དག་ཐམས་ཅད་སེམས་ཀྱི་བདག་ཉིད་དམ་བློའི་རང་བཞིན་ཡིན་པར་བསྟན་འདུག

ཡང་དེ་ཉིད་ལས།[4] བདག་དང་གང་ཟག་ཅེས་བྱ་བའི་ངོ་བོ་གཅིག་མ་གྲུབ་ཀྱང་འདུ་བྱེད་སྐད་ཅིག་མའི་རྒྱུན་གྱི་ཆོས་ཙམ་ལ་སེམས་ཅན་དུ་བཏགས་པ་དེའི་སྡུག་བསྔལ་བསལ་འདོད་ཀྱང་སེམས་ལ་ངང་གིས་སྐྱེ་བ་ཡིན་ནོ། །ཞེས་འདུ་བྱེད་སྐད་ཅིག་མའི་རྒྱུན་ཙམ་ལ་སེམས་ཅན་དུ་བཏགས་པ་ཡིན་ཞེས་པ་དེ་གོང་གི་རྣམ་ཤེས་ཀྱི་རྒྱུན་ལ་གང་ཟག་ཏུ་བཏགས་པ་གཉིས་དོན་མཚུངས་ཡིན་པར་སྣང་། དེ་ལྟར་གསུངས་པ་བཞིན་སྟོན་པ་བཅོམ་ལྡན་འདས་ནི་ཚད་མ་བསླུ་མེད་ཅན་ཤེས་པ་ཞེས་པའི་སྐབས་ནས་བསྟན་པའི་ཚད་མ་ཉིད་ཡིན་པར་སྒྲུབ་མ་ཐུབ་ཚེ་ཚིག་སྙན་སྙན་དང་རིག་པ་རྣོ་རྣོ་ཇི་ཙམ་བྱས་ཀྱང་ཕྱོགས་གླང་ཆོས་གྲགས་དང་ཀུན་མཁྱེན་བླ་མ་མི་ཕམ་རིན་པོ་ཆེའི་ལེགས་བཤད་སྣང་བའི་གཏེར་ལེའུ་གཉིས་པའི་དགོངས་དོན་མཐིལ་ཕྱིན་པ་ཞིག་མ་རྟོགས་པ་ཙམ་དུ་མ་ཟད་སྟོན་པ་ཚད་མའི་སྐྱེས་བུ་ཡིན་པ་ཇི་ལྟར་སྒྲུབ་ཁུལ་བྱས་ཀྱང་སྐབས་ཐོབ་ཀྱི་བརྗོད་བྱ་དང་འབྲེལ་མེད་དུ་འགྱུར་པར་སྣང་བས། ང་དང་ང་འདྲ་བའི་བློ་གསར་རྣམས་ཀྱིས་ནམ་ཞག་རྒྱུན་དུ་གཞན་གྱི་གསུང་སྒྲོས་ཙམ་ལ་བརྟག་དཔྱད་མེད་པར་གཡམ་རྒྱུག་ཙམ་མ་ཡིན་པར་རང་གཞུང་ཚད་ལྡན་ཚད་མ་རྣམ་འགྲེལ་གྱི་ལེའུ་བཞིའི་འགྲེལ་ཆེན་ལེགས་བཤད་སྣང་བའི་གཏེར་འདི་ལ་ཚིག་རིས་རེ་རེ་བཞིན་དུ་ཞིབ་བཤེར་ནན་པོ་གནང་དགོས་པ་གནད་ཀྱི་སྙིང་པོ་ཡིན།

དེ་བཞིན་དུ་རྣམ་འགྲེལ་རྩ་བ་ལས། དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེ་ཡིའང་དེ་ཉིད་ཡིན། །ཞེས་དང་། ལེགས་བཤད་སྣང་བའི་གཏེར་ལེའུ་གསུམ་པ་ལས།[5] གཟུང་འཛིན་གཉིས་སུ་མ་གྲུབ་པ་དེ་ཕྱིར་གཟུང་འཛིན་གཉིས་ཀྱིས་སྟོང་པ་ཡི་རང་རིག་རང་གསལ་གང་ཡིན་པ་དེ་ནི་གཉིས་སྣང་ཅན་གྱི་ཀུན་ཏུ་རྟོག་པ་དེ་ཡིའང་དེ་ཁོ་ན་ཉིད་ཡིན་ཏེ་དེའི་གནས་ཚུལ་མཐར་ཐུག་པ་དེ་ཡིན་པའི་ཕྱིར་རོ། །ཞེས་ཕྱི་དོན་མེད་པར་བསྒྲུབས་སོ། །དེ་ཡང་ཕྱི་དོན་མེད་པར་སྒྲུབ་བྱེད་ལ། ཚད་མ་རྣམ་འགྲེལ་ལས། ཕྱོགས་ཆ་བརྟག་པའི་རིགས་པ་དང་སྐྱེ་ལ་འདྲ་བ་འགོག་པའི་རིགས་པ། ཆོས་ཐམས་ཅད་ནང་སེམས་ཀྱི་བདག་ཉིད་ཙམ་སྒྲུབ་བྱེད་མྱོང་བ་གསལ་རིག་གི་རྟགས། ལྷན་ཅིག་དམིགས་ངེས་ཀྱི་རྟགས་སོགས་བསྟན་པས་གཞུང་འདི་ཉིད་སྤྱིར་བཏང་མདོ་སེམས་ཐུན་མོང་གི་གཞུང་ཡིན་ཡང་གནས་ཚུལ་མཐར་ཐུག་པའི་དབང་དུ་བྱས་ན་སེམས་ཙམ་པའི་གཞུང་ཡིན་ཞེས་གསུང་སྒྲོས་ཡོད་པ་བཞིན་དུ་གཞུང་དོན་ཡང་དེ་ལྟར་གནས་པར་སེམས།

གཞན་ཡང་ནམ་ཞག་རྒྱུན་དུ་ང་ཚོའི་རྒྱུད་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པ་ནི། གང་ཟག་ཅེས་པ་དེ་བེམ་ཤེས་གང་ཡང་མ་ཡིན་པའི་ལྡན་མིན་འདུ་བྱེད་ཅིག་ལ་ངོས་འཛིན་གནང་གིན་ཡོད་པ་འདི། རང་སྡེ་བྱེ་མདོ་གཉིས་ཀྱི་གྲུབ་མཐའི་འདོད་ཚུལ་ཞིག་རེད། རང་སྡེའི་གྲུབ་མཐའ་གོང་མ་སེམས་ཙམ་པ་དང་དབུ་མ་པ་གཉིས་ཀྱིས་གང་ཟག་གི་མཚན་གཞི་ངོས་འཛིན་ཚུལ་ཚིག་རིས་མི་འདྲ་བ་ཡོད་པ་ནི་སེམས་ཙམ་པས་རྣམ་ཤེས་ཀྱི་རྒྱུན་ཙམ་ལ་གང་ཟག་ཏུ་ངོས་འཛིན་གནང་བ་དང་དབུ་མ་པས་གདགས་གཞི་ཕུང་པོ་ལྔ་པོ་གང་རུང་ལ་བརྟེན་ནས་བཏགས་པ་ཙམ་ངོས་འཛིན་གནང་ཚུལ་ལ་འགལ་འདུ་ཡོད་མེད་དཔྱད་པར་འཚལ། དེ་ཡང་ལེགས་བཤད་སྣང་བའི་གཏེར་ལེའུ་གཉིས་པ་ལ་སྟོན་པ་ཚད་མའི་སྐྱེས་བུར་བསྟན་པ་དང་དེ་ཡི་སྒྲུབ་བྱེད་རྒྱས་པར་བཤད་པ་གསུངས་པ་བཞིན་དུ་སྐབས་འདིར་ཡང་སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་བྱེད་མདོར་བསྟན་དང་རྒྱས་བཤད་གཉིས་ཀྱི་སྒོ་ནས་དབྱེ་བར་བྱ་སྟེ།

དང་པོ་སྟོན་པ་ཚད་མ་སྒྲུབ་བྱེད་ཀྱི་རིགས་པ་མདོར་བསྟན་ནི། རྩ་བ་ལས། དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །ཅེས་པ་ལྟར་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། ཚད་མ་ཉིད་ཡིན་ཏེ། གོང་དུ་བཤད་མ་ཐག་པའི་ཚད་མའི་མཚན་ཉིད་དང་ལྡན་པའི་ཕྱིར། ལེགས་བཤད་སྣང་བའི་གཏེར་ལེའུ་གཉིས་པ་ལས།[6] ཅིའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ལ་ཚད་མར་གྱུར་པ་ཞེས་བྱ་སྙམ་ན། གོང་དུ་བཤད་མ་ཐག་པའི་ཚད་མ་དེ་ཡི་མཚན་ཉིད་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་ནི་ཚད་མ་ཉིད་ཡིན་ནོ།  །ཞེས་གསུངས་པ་བཞིན་དུ་སྦྱོར་བ་ནི། སྟོན་པ་བཅོམ་ལྡན་འདས་ཆོས་ཅན། ཚད་མར་གྱུར་པ་ཡིན་ཏེ། གོང་དུ་བཤད་མ་ཐག་པའི་ཚད་མ་དེ་ཡི་མཚན་ཉིད་དང་ལྡན་པའི་ཕྱིར།

ཡང་དེ་ཉིད་ལས།[7] འོ་ན་ཚད་མར་བཏགས་པ་ཙམ་ལས་དངོས་སུ་ཚད་མར་གྱུར་པ་མ་ཡིན་ནོ་སྙམ་ན། ཤིན་ཏུ་ཡང་ཚད་མར་གྱུར་པ་ཡིན་ཏེ་སྒོམ་པ་མཐར་ཕྱིན་པའི་སྟོབས་ལས་གྲུབ་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་འཁྲུལ་པའི་དྲི་མ་མཐའ་དག་སྤངས་པའི་ངོ་བོ་ཉིད་ཡིན་པས་ན། ཞེས་པའི་སྦྱོར་བ་ནི། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། ཤིན་ཏུ་ཡང་ཚད་མར་གྱུར་པ་ཡིན་ཏེ། སྒོམ་པ་མཐར་ཕྱིན་པའི་སྟོབས་ལས་གྲུབ་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་འཁྲུལ་པའི་དྲི་མ་མཐའ་དག་སྤངས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། ཡང་དེ་ཉིད་ལས།[8] ཚད་མ་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ཏེ་འདི་ལ་ཆོས་ཐམས་ཅད་མངོན་སུམ་དུ་གྱུར་པ་ཡིན་ལ། ཚད་མ་གཞན་དང་གཞན་ནི་ཉི་ཚེའི་ཡུལ་ཅན་ཡིན་ནོ། །ཞེས་པའི་སྦྱོར་བ་ནི། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། ཚད་མ་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ཏེ། ཆོས་ཐམས་ཅད་མངོན་སུམ་དུ་གྱུར་པའི་ཡེ་ཤེས་ཡིན་པའི་ཕྱིར།

ཡང་དེ་ཉིད་ལས།[9] སྟོན་པ་དེ་འདྲ་བ་རྣམ་གྲོལ་དོན་གཉེར་རྣམས་ལ་མི་སླུ་བ་དེས་ན་སངས་རྒྱས་བཅོམ་ལྡན་འདས་འདི་ནི་ཚད་མ་ཉིད་དུ་གྱུར་པ་ཡིན་ནོ། །ཞེས་པའི་སྦྱོར་བ་ནི། སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། ཚད་མ་ཉིད་དུ་གྱུར་པ་ཡིན་ཏེ། སྟོན་པ་དེ་རྣམ་གྲོལ་དོན་གཉེར་རྣམས་ལ་མི་སླུ་བ་ཡིན་པའི་ཕྱིར། ཞེས་པའི་རིགས་པ་འདི་དག་ལ་བརྟེན་ནས་སྟོན་པ་ཚད་མ་ཉིད་ཡིན་པ་དང་། ཚད་མར་གྱུར་པ། ཚད་མ་ཀུན་ཀྱི་རྒྱལ་པོ་ཡིན་པ་སོགས་བསྟན་ནས་སངས་རྒྱས་བཅོམ་ལྡན་འདས་ནི་རང་ཉིད་ཡུལ་གསལ་བར་སྣང་བའི་ཡེ་ཤེས་ཀྱི་ངོ་བོར་གྲུབ་པ་དང་བྱེད་ལས་གཞན་སེམས་ཅན་ཐམས་ཅད་ནམ་ཡང་བློས་མི་འདོར་བ་ཉིད་དུ་བསྟན་པ་ཡིན་ནོ།།

གཉིས་པ་རྒྱས་བཤད་ལ་ལུགས་འབྱུང་ལྡོག་གི་གཏན་ཚིགས་གཉིས་ལས། ལུགས་འབྱུང་གི་གཏན་ཚིགས་བཞི་ནི།

དང་པོ་བསམ་པ་ཕུན་སུམ་ཚོགས་པ་ཕན་བཞེད་ནི། རྣམ་འགྲེལ་རྩ་བ་ལས། སྒྲུབ་བྱེད་ཐུགས་རྗེ་གོམས་ལས་དེ། །ཞེས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། ཚད་མར་གྱུར་པ་ཡིན་ཏེ། ཐུགས་རྗེ་ཆེན་པོ་སྐྱེ་བ་དུ་མར་ཡང་ནས་ཡང་དུ་གོམས་པ་ལས་མཐར་ཕྱིན་པ་དེ་ཡི་ངོ་བོ་ཉིད་དུ་གྲུབ་པ་ཡིན་པའི་ཕྱིར། དེ་ཡང་ལེགས་བཤད་སྣང་བའི་གཏེར་ལེའུ་གཉིས་པ་ལས།[10] བཅོམ་ལྡན་འདས་དེ་ཚད་མར་གྱུར་པའི་སྒྲུབ་བྱེད་གང་ཡིན་ཞེ་ན། སྒྲུབ་བྱེད་ནི་ཐུགས་རྗེ་ཆེན་པོ་སྐྱེ་བ་དུ་མར་ཡང་ནས་ཡང་དུ་གོམས་པ་ལས་མཐར་ཕྱིན་པ་དེ་ཡི་ངོ་བོ་ཉིད་དུ་གྲུབ་པ་ཡིན་ནོ། །ཞེས་པའི་སྦྱོར་བ་ནི། བཅོམ་ལྡན་འདས་ཆོས་ཅན། དེ་ཚད་མར་གྱུར་པ་ཡིན་ཏེ། ཐུགས་རྗེ་ཆེན་པོ་སྐྱེ་བ་དུ་མར་ཡང་ནས་ཡང་དུ་གོམས་པ་ལས་མཐར་ཕྱིན་པ་དེ་ཡི་ངོ་བོ་ཉིད་དུ་གྲུབ་པ་ཡིན་པའི་ཕྱིར།

གཉིས་པ་སྦྱོར་བ་ཕུན་སུམ་ཚོགས་པ་སྟོན་པ་ནི། རྣམ་འགྲེལ་རྩ་བ་ལས། བརྩེ་ལྡན་སྡུག་བསྔལ་གཞོམ་པའི་ཕྱིར། །ཐབས་ལམ་ལ་ནི་མངོན་སྦྱོར་མཛད། །ཅེས་པའི་སྦྱོར་བ་ནི། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། ཚད་མར་གྱུར་པ་ཡིན་ཏེ། རང་དང་རྒྱུད་གཅིག་པའི་བརྩེ་ལྡན་བྱང་ཆུབ་སེམས་དཔའ་དེས་གཞན་སེམས་ཅན་གྱི་སྡུག་བསྔལ་གཞོམ་པར་བྱ་བའི་ཕྱིར་ཐབས་ཤེས་ཁྱད་པར་ཅན་རྣམས་ལ་མངོན་པར་སྦྱོར་བ་མཛད་པ་མཐར་ཕྱིན་པ་ཡིན་པའི་ཕྱིར། དེ་ཡང་ལེགས་བཤད་སྣང་བའི་གཏེར་ལེའུ་གཉིས་པ་ལས།[11] རྒྱུའི་གནས་སྐབས་ལ་གནས་པའི་བརྩེ་ལྡན་བྱང་ཆུབ་སེམས་དཔའ་དེས་གཞན་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གཞོམ་པའི་ཕྱིར་སྡུག་བསྔལ་གཞོམ་པའི་ཐབས་རྣམས་ལ་ནི་མངོན་པར་སྦྱོར་བ་སྟེ་དང་དུ་ལེན་པར་མཛད་པ་ཡིན་ནོ། །ཞེས་པའི་སྦྱོར་བ་ནི། རྒྱུའི་གནས་སྐབས་ལ་གནས་པའི་བརྩེ་ལྡན་བྱང་ཆུབ་སེམས་དཔའ་དེ་ཆོས་ཅན། སྡུག་བསྔལ་གཞོམ་པའི་ཐབས་རྣམས་ལ་ནི་མངོན་པར་སྦྱོར་བ་སྟེ་དང་དུ་ལེན་པར་མཛད་པ་ཡིན་ཏེ། གཞན་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གཞོམ་པའི་ཕྱིར།

གསུམ་པ་རང་དོན་ཕུན་སུམ་ཚོགས་པ་བདེ་གཤེགས་ནི། རྣམ་འགྲེལ་རྩ་བ་ལས། རྒྱུ་སྤངས་ཡོན་ཏན་གསུམ་བདེ་གཤེགས། །ཉིད་ཡིན་་་། །ཞེས་པའི་སྦྱོར་བ་ནི། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་ཏེ། རྒྱུ་བསམ་སྦྱོར་གཉིས་པོ་གོམས་པ་མཐར་ཕྱིན་པ་ལས་སྤངས་པ་ཁྱད་པར་གསུམ་ལྡན་གྱི་བདེ་གཤེགས་ཉིད་ཡིན་པའི་ཕྱིར། དེ་ཡང་ལེགས་བཤད་སྣང་བའི་གཏེར་ལེའུ་གཉིས་པ་ལས།[12] རང་དོན་ཕུན་ཚོགས་ནི་སྡུག་བསྔལ་གྱི་རྒྱུ་རྩད་ནས་སྤངས་པས་ན་ཡོན་ཏན་གསུམ་གྱི་ཁྱད་པར་མངའ་བ་ནི་བདེ་གཤེགས་ཞེས་བྱ་བ་ཉིད་ཡིན་ཏེ། ཞེས་པའི་སྦྱོར་བ་ནི། སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་ཏེ། རང་དོན་ཕུན་ཚོགས་སྡུག་བསྔལ་གྱི་རྒྱུ་རྩད་ནས་སྤངས་པའི་ཡོན་ཏན་གསུམ་གྱི་ཁྱད་པར་མངའ་བའི་བདེ་གཤེགས་ཡིན་པའི་ཕྱིར། དེ་ཡང་ཡོན་ཏན་གསུམ་ནི་ལེགས་པར་གཤེགས་པ་དང་། སླར་མི་ལྡོག་པར་གཤེགས་པ། མ་ལུས་པར་གཤེགས་པ་སྟེ། དང་པོ་རྒྱུན་ཞུགས་ཞུགས་པ་ནས་དགྲ་བཅོམ་ཞུགས་པའི་བར་དང་། གཉིས་པ་ཉན་རང་དགྲ་བཅོམ་གཉིས། གསུམ་པ་སྟོན་པ་བཅོམ་ལྡན་འདས་ལྟ་བུའོ།།

བཞི་པ་གཞན་དོན་ཕུན་སུམ་ཚོགས་པ་སྐྱོབ་པ་ནི། རྣམ་འགྲེལ་རྩ་བ་ལས། སྐྱོབ་པ་ཉིད་གཟིགས་ལམ་གསུངས་པ། །ཞེས་པའི་སྦྱོར་བ་ནི། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་ཏེ། བདེ་གཤེགས་བརྙེས་སྟོབས་ཀྱིས་རང་ཉིད་གང་ནས་གཤེགས་པའི་ལམ་དེ་གཞན་སྐྱོབ་པ་ཉིད་དུ་གཟིགས་ཏེ་ལམ་ཕྱིན་ཅི་མ་ལོག་པར་གསུངས་པ་ཡིན་པའི་ཕྱིར། དེ་ཡང་ལེགས་བཤད་སྣང་བའི་གཏེར་ལེའུ་གཉིས་པ་ལས།[13] ཇི་ལྟར་ན་སངས་རྒྱས་བཅོམ་ལྡན་འདས་ནི་སྐྱོབ་པ་ཡིན་ཏེ་ཉིད་ཀྱིས་ཇི་ལྟར་གཟིགས་པའི་ལམ་དེ་མཐར་ཕྱིན་པ་ན་གཞན་ལའང་དེ་དག་ཚུལ་བཞིན་དུ་ཕྱིན་ཅི་མ་ལོག་པར་གསུངས་པ་ཉིད་ཀྱི་ཕྱིར་རོ། །ཞེས་པའི་སྦྱོར་བ་ནི། སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། སྐྱོབ་པ་ཡིན་ཏེ། ཉིད་ཀྱིས་ཇི་ལྟར་གཟིགས་པའི་ལམ་དེ་མཐར་ཕྱིན་པ་ན་གཞན་ལའང་དེ་དག་ཚུལ་བཞིན་དུ་ཕྱིན་ཅི་མ་ལོག་པར་གསུངས་པ་ཉིད་ཀྱི་ཕྱིར།

གཉིས་པ་ལུགས་ལྡོག་གི་གཏན་ཚིགས་བཞི་ལས།

དང་པོ་སྐྱོབ་པའི་རང་བཞིན་གང་ཡིན་བསྟན་པ་ནི། རྣམ་འགྲེལ་རྩ་བ་ལས། ་་་་་ཡང་ན་སྐྱོབ། །བདེན་པ་བཞི་ནི་སྟོན་མཛད་པའོ། །ཞེས་པའི་སྦྱོར་བ་ནི། སྟོན་པ་བཅོམ་ལྡན་འདས་ཆོས་ཅན། སྐྱོབ་པ་ཡིན་ཏེ། བདེན་བཞིའི་གནས་ལུགས་ཕྱིན་ཅི་མ་ལོག་པར་རང་སྟོབས་ཀྱིས་རྟོགས་པའི་སྒོ་ནས་གཞན་ལའང་ཕྱིན་ཅི་མ་ལོག་པ་སྟོན་པར་མཛད་པའི་ཕྱིར། ལེགས་བཤད་སྣང་བའི་གཏེར་ལེའུ་གཉིས་པ་ལས།[14] སྐྱོབ་པ་ཡིན་པ་ནི་བདེན་པ་བཞི་ནི་སྟོན་པར་མཛད་པ་དེ་ལས་ཤེས་ཏེ་ཐབས་དེས་གདུལ་བྱ་རྣམས་སྐྱོབ་ངེས་པའི་ཕྱིར་ན་དེ་སྟོན་པ་པོ་སྐྱོབ་པར་གྲུབ་པའོ། །ཞེས་པའི་སྦྱོར་བ་ནི། སྟོན་པ་བཅོམ་ལྡན་འདས་ཆོས་ཅན། སྐྱོབ་པ་ཡིན་ཏེ། བདེན་པ་བཞི་ནི་སྟོན་པར་མཛད་པ་དེ་ལས་ཤེས་ཏེ་ཐབས་དེས་གདུལ་བྱ་རྣམས་སྐྱོབ་ངེས་པའི་ཕྱིར།

གཉིས་པ་བདེ་གཤེགས་རྟོགས་པར་བསྟན་པ་ནི། རྣམ་འགྲེལ་རྩ་བ་ལས། སྐྱོབ་ལས་དེ་ཉིད་དང་བརྟན་དང་། །མ་ལུས་ཁྱད་པར་མཁྱེན་པར་གྲུབ། །ཅེས་པའི་སྦྱོར་བ་ནི། སྟོན་པ་བཅོམ་ལྡན་འདས་ཆོས་ཅན། དེ་ཁོ་ན་ཉིད་ལེགས་པར་གཤེགས་པ་དང་། སླར་མི་ལྡོག་པ་བརྟན་པར་གཤེགས་པ། མ་ལུས་པར་གཤེགས་པའི་རྟོགས་པ་ཁྱད་པར་གསུམ་ལྡན་གྱི་མཁྱེན་པར་གྲུབ་པ་སྔོན་དུ་སོང་སྟེ། བདེན་བཞིའི་གནས་ལུགས་ཕྱིན་ཅི་མ་ལོག་པར་སྟོན་པའི་སྐྱོབ་པ་ཡིན་པའི་ཕྱིར། ལེགས་བཤད་སྣང་བའི་གཏེར་ལེའུ་གཉིས་པ་ལས།[15] བདེན་བཞི་སྟོན་པར་མཛད་པའི་སྐྱོབ་པ་ལས་དེ་ཁོ་ན་ཉིད་མཁྱེན་པ་ལེགས་གཤེགས་དང་། ཡང་དག་པའི་དོན་གཟིགས་པས་ན་རྣམ་པ་གཞན་དང་གཞན་གྱིས་མི་འཕྲོག་པའི་བརྟན་པ་སླར་མི་ལྡོག་པར་གཤེགས་པ་དང་། དེ་ཁོ་ན་ཉིད་གཏིང་ཕྱིན་པའམ་མ་ལུས་པར་གཟིགས་པའམ་ཡང་ན་དེའི་མཐུས་ཇི་སྙེད་པ་མ་ལུས་པ་གཟིགས་པ་སྟེ། ཁྱད་པར་གསུམ་མངའ་བའི་མཁྱེན་པ་ཡོད་པར་གྲུབ་ལ། ཞེས་པའི་སྦྱོར་བ་ནི། བདེན་བཞི་སྟོན་པར་མཛད་པའི་སྐྱོབ་པ་ཆོས་ཅན། དེ་ཁོ་ན་ཉིད་མཁྱེན་པ་ལེགས་གཤེགས་དང་། ཡང་དག་པའི་དོན་གཟིགས་པས་ན་རྣམ་པ་གཞན་དང་གཞན་གྱིས་མི་འཕྲོག་པའི་བརྟན་པ་སླར་མི་ལྡོག་པར་གཤེགས་པ་དང་། དེ་ཁོ་ན་ཉིད་གཏིང་ཕྱིན་པའམ་མ་ལུས་པར་གཟིགས་པའམ་ཡང་ན་དེའི་མཐུས་ཇི་སྙེད་པ་མ་ལུས་པ་གཟིགས་པ་ཡིན་ཏེ། ཁྱད་པར་གསུམ་མངའ་བའི་མཁྱེན་པ་ཡོད་པར་གྲུབ་པའི་ཕྱིར།

གསུམ་པ་སྟོན་པ་རྟོགས་པར་བསྟན་པ་ནི། རྣམ་འགྲེལ་རྩ་བ་ལས། ་་་་དེ་ཡི་ཕྱིར། གཞན་དོན་མཁྱེན་སྦྱོར་དེ་སྟོན་པ། །ཞེས་པའི་སྦྱོར་བ་ནི། སྟོན་པ་བཅོམ་ལྡན་འདས་ཆོས་ཅན། གཞན་དོན་དུ་བདག་མེད་གཉིས་རྟོགས་ཀྱི་མཁྱེན་སྦྱོར་མཛད་པ་དེ་སྟོན་པ་སྔོན་དུ་སོང་སྟེ། རྟོགས་པ་ཁྱད་པར་གསུམ་ལྡན་གྱི་བདེ་གཤེགས་དེ་ཡིན་པའི་ཕྱིར། ལེགས་བཤད་སྣང་བའི་གཏེར་ལེའུ་གཉིས་པ་ལས།[16] དེ་འདྲའི་མཁྱེན་པ་ཁྱད་པར་ཅན་མངའ་བ་དེ་ཡི་ཕྱིར་གཞན་གྱི་དོན་དུ་ཐབས་མཁྱེན་པ་ལ་སྦྱོར་བའམ་བརྩོན་པར་མཛད་པ་རྟོགས་ནུས་ཏེ། གཞན་ལ་སྐྱོབ་ངེས་པའི་ལམ་སྟོན་པ་ན་ལམ་མཁྱེན་པའི་ཡེ་ཤེས་ཡོད་དགོས་ལ། དེ་སྔོན་ཉིད་ཀྱིས་སྐུ་ཉམས་སུ་བསྟར་བ་མེད་པར་མི་འབྱུང་བས་ན་རྒྱུ་དུས་ཀྱི་སྟོན་པ་ཡོད་པར་ཡང་ཤེས་སོ། །ཞེས་པའི་སྦྱོར་བ་ནི། སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། གཞན་གྱི་དོན་དུ་ཐབས་མཁྱེན་པ་ལ་སྦྱོར་བའམ་བརྩོན་པར་མཛད་པ་རྟོགས་ནུས་ཏེ། དེ་འདྲའི་མཁྱེན་པ་ཁྱད་པར་ཅན་མངའ་བ་དེ་ཡིན་པའི་ཕྱིར།

བཞི་པ་བརྩེ་ལྡན་རྟོགས་པར་བསྟན་པ་ནི། རྣམ་འགྲེལ་རྩ་བ་ལས། དེ་ལས་བརྩེ་ཡིན་གཞན་དོན་ངོར། །དོན་གྲུབ་མཛད་པ་མི་འདོར་ཕྱིར། །ཞེས་པའི་སྦྱོར་བ་ནི། སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། གཞན་དོན་མི་འདོར་བའི་བརྩེ་བ་ཐུགས་རྗེ་ཆེན་པོ་གོམས་པ་སྔོན་དུ་སོང་སྟེ། གཞན་དོན་དུ་བདག་མེད་གཉིས་རྟོགས་ཀྱི་ཡེ་ཤེས་སྔོན་དུ་སོང་བ་ཡིན་པའི་ཕྱིར། ལེགས་བཤད་སྣང་བའི་གཏེར་ལེའུ་གཉིས་པ་ལས།[17] སྟོན་པ་དེ་ལས་བརྩེ་བ་འགྲུབ་པ་ཡིན་ཏེ་དེ་ལྟར་སྟོན་པ་ནི་གཞན་དོན་གྱི་ངོར་བྱས་ནས་རང་གི་དོན་ཡོངས་སུ་གྲུབ་ཟིན་ཀྱང་ཐུགས་སུ་ཆུད་པའི་ཆོས་སྟོན་པའི་མཛད་པ་མི་འདོར་བའི་ཕྱིར་རོ། །ཞེས་པའི་སྦྱོར་བ་ནི། སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། སྟོན་པ་དེ་ལས་བརྩེ་བ་འགྲུབ་པ་ཡིན་ཏེ། དེ་ལྟར་སྟོན་པ་ནི་གཞན་དོན་གྱི་ངོར་བྱས་ནས་རང་གི་དོན་ཡོངས་སུ་གྲུབ་ཟིན་ཀྱང་ཐུགས་སུ་ཆུད་པའི་ཆོས་སྟོན་པའི་མཛད་པ་མི་འདོར་བའི་ཕྱིར། དེ་ལྟར་སྟོན་པ་ཚད་མའི་སྐྱེས་བུ་མཐར་ཐུག་པ་ཡེ་ཤེས་ཡིན་པ་དང་སྒྲུབ་བྱེད་ཀྱི་ལུགས་འབྱུང་ལྡོག་གི་གཏན་ཚིགས་བརྒྱད་ཀྱི་རྣམ་གཞག་མདོ་ཙམ་གྲུབ་པའོ།།


[1] ༢༠༡༧ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༠༧ པར་གསལ།

[2] ༢༠༡༤ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༩༧ པར་གསལ།

[3] ༢༠༡༧ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༧༢ པར་གསལ།

[4] ༢༠༡༧ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༡༠ པར་གསལ།

[5] ༢༠༡༧ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༢༠ པར་གསལ།

[6] ༢༠༡༧ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༠༧ པར་གསལ།

[7] ༢༠༡༧ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༠༧ པར་གསལ།

[8] ༢༠༡༧ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༠༧ པར་གསལ།

[9] ༢༠༡༧ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༤༩ པར་གསལ།

[10] ༢༠༡༧ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༢༥ པར་གསལ།

[11] ༢༠༡༧ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༧༣ པར་གསལ།

[12] ༢༠༡༧ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༧༧ པར་གསལ།

[13] ༢༠༡༧ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༨༠ པར་གསལ།

[14] ༢༠༡༧ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༨༢ པར་གསལ།

[15] ༢༠༡༧ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༤༨ པར་གསལ།

[16] ༢༠༡༧ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༤༨ པར་གསལ།

[17] ༢༠༡༧ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༤༩ པར་གསལ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།