སློབ་དཔོན་བསྟན་འཛིན་ཐུབ་བསྟན།
དེ་ལ་སྤྱིར་རྒྱལ་བ་ཤཱཀྱ་ཐུབ་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་འཇིག་རྟེན་གྱི་ཁམས་འདིར་བྱོན་པ་དང་ལྷན་དུ་བསྟན་པ་གང་ལ་དད་པའི་སྐྱེ་བོ་རྣམས་ཀྱི་ཚོགས་བསགས་སྒྲིབ་སྦྱོང་གི་ཞིང་དུ་གྱུར་པའི་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་དང་དེ་དག་བཞུགས་སུ་གསོལ་བའི་གཙུག་ལག་ཁང་དང་དྲི་གཙང་ཁང་། དེ་བཞིན་དུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་དགེ་འདུན་བཙུན་པ་དང་བཙུན་མ་རྣམས་ཀྱི་འཚོ་བའི་ཆ་ཤས་སུ་གཏོགས་པའི་བཞུགས་གནས་ཀུན་དགའ་ར་བ། ལྷུང་བཟེད་འཁར་གསིལ། བླ་གོས་དང་མཐང་གོས་སོགས་འཚོ་བའི་ཡོ་བྱད་བཅུ་གསུམ། མདོར་ན་ཕྱག་མཆོད་འབུལ་གྱི་ཡུལ་དུ་གྱུར་པའི་རྟེན་སྐུ་གཟུགས་གླེགས་བམ་མཆོད་རྟེན་ལྷ་ཁང་སོགས་དང་། འཚོ་བའི་ཡོ་བྱད་ཀྱི་རིགས་སུ་གནས་པའི་ལྷུང་བཟེད་ན་བཟའ་བཞུགས་གནས་རྣམས་ཀྱང་རིམ་གྱིས་བྱུང་། ཡུལ་དུས་དང་གནས་སྐབས་མི་འདྲ་བའི་དབང་གིས་མཆོད་པའི་རྟེན་དང་འཚོ་བའི་ཡོ་བྱད་དེ་དག་གི་རྣམ་པ་ལའང་འགྱུར་བ་སྣ་ཚོགས་ཤིག་ཕྱིན། དེས་ན་འདིར་བཤད་པར་བྱ་བ་ནི་མཆོད་འབུལ་གྱི་ཡུལ་དང་འཚོ་བའི་ཡོ་བྱད་གཉིས་ལས་ཚོགས་བསགས་སྒྲིབ་སྦྱོང་དང་ཕྱག་མཆོད་འབུལ་གྱི་ཡུལ་དུ་གྱུར་པའི་མཆོད་རྟེན་གྱི་རྣམ་གཞག་མདོ་ཙམ་ཞུ་བ་ལ།
མཆོད་རྟེན་གྱི་ངོ་བོ་དང་ངེས་ཚིག་མཚོན་བྱེད།
མཆོད་རྟེན་ཞེས་པ་སྤྱིའི་ཆ་ནས་མཆོད་པར་འོས་པའི་རྟེན་ནམ་མཆོད་པ་འབུལ་སའི་ཞིང་ཐམས་ཅད་ལ་སྒྲ་ཡངས་པའི་ཚུལ་གྱིས་འཇུག་ཅིང་། བྱེ་བྲག་ཏུ་སྐུ་གདུང་རིང་བསྲེལ་བཞུགས་སུ་གསོལ་བའི་ཕྱིར་རྡོ་དང་སོ་ཕག་སོགས་བརྩིགས་ནས་བཞེངས་པའི་ཆོས་སྐུའི་གཟུགས་བརྙན་ལ་གོ་བ་ཡིན།
དེ་ཡང་མཆོད་རྟེན་ནི་ལེགས་སྦྱར་གྱི་སྐད་དུ་སྟུཔ་ (Stupa) དང་པཱལིའི་སྐད་དུ་ཐུ་པ་ (Thupa) དེ་བཞིན་ཙཻཏྱ་ (Caitya) ཞེས་པའི་སྒྲ་ལས་བྱུར་བུར་སྤུངས་པ་དང་བརྩིགས་པ། ཡང་ན་བསགས་པ་དང་དྲན་པར་བྱ་བའི་དོན་ལ་གོ་བ་ཡིན་ཏེ། མཆོད་རྟེན་གྱི་ཆ་རྣམ་པར་དབྱེ་བ་འདུལ་བ་ལུང་ལས་བྱུང་བའི་མདོ་ལས།[1] དེ་ནས་མཆོད་རྟེན་གྱི་དོན་བཤད་དེ། བསགས་པར་བྱ་བ་ཡིན་པས་བསགས་པའོ། །ཡང་ན་བསགས་སུ་རུང་བའི་ཕྱིར་བསགས་པ་ཞེས་བྱའོ། །ཡང་ན་དོན་གྱི་སྐབས་སུ། འདིར་དྲན་པར་བྱ་བ་ཡིན་པ་ནས་དྲན་པ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ཆོས་ཀྱི་སྐུའི་བདག་ཉིད་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་གྱི་ཡན་ལག་དང་། ཡེ་ཤེས་དང་། སྟོབས་དང་། མ་འདྲེས་པའི་དྲན་པ་ཉེ་བར་བཞག་པ་དང་། སྙིང་རྗེ་ཆེན་པོ་ཞེས་བྱ་བའི་ཡོན་ཏན་དེ་དག་ཡུན་རིང་པོ་ནས་ཐབས་ཀྱི་བྱེ་བྲག་གིས་བསགས་པ་དང་། སྔོན་ཡང་དག་པར་མ་བསྒོམས་ཀྱང་། དོན་གྱི་སྐབས་དག་ཏུ་འདུལ་བ་རྣམས་ཀྱིས་དྲན་པར་བྱ་བའི་ཕྱིར་ན་བཙགས་པ་ཞེས་བྱ་བའམ། དྲན་པ་ཞེས་བྱ་སྟེ། དེ་དག་གི་གཟུགས་བརྙན་ལ་མཆོད་རྟེན་ཞེས་བྱའོ། །ཆོས་ཀྱི་སྐུའི་གཟུགས་བརྙན་ཞེས་བྱའོ། །ཞེས་སོ། །དེས་ན་མཆོད་རྟེན་ནི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་གསུམ་ལས་ཐུགས་ཀྱི་རྟེན་དང་སྐུ་གསུམ་ལས་ཆོས་སྐུ་མཚོན་པར་བྱེད་པ་ཡིན།
གཞན་ཡང་མཆོད་རྟེན་གྱི་ངོ་བོ་ནི་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་མཆོད་རྟེན་གྱི་དབྱེ་བ་ལས། ངོ་བོ་རང་བཞིན་ཆོས་ཀྱི་སྐུ། །སྐྱེ་བ་མེད་པའི་ངང་ཉིད་ལས། །ཀུན་རྫོབ་གཟུགས་བརྙན་མཆོད་རྟེན་ཀྱང་། །དོན་དམ་ཆོས་སྐུའི་གདུང་ཉིད་ལས། །འགྱུར་བ་མེད་ཕྱིར་སྐུ་གདུང་ཟེར། །དེ་ནི་མཆོད་རྟེན་ངོ་བོ་ཡིན། །ཞེས་གསུངས་པ་དེ་ནི་ཐེག་ཆེན་ལྟར་དུ་ཡིན་ལ་ཐུན་མོང་དུ་མཆོད་རྟེན་གྱི་དབྱིབས་དང་གྲུབ་ཆ་རྣམས་མ་ངེས་ཀྱང་གཙོ་བོ་སྐུ་གདུང་རིང་བསྲེལ་དག་བཞུགས་པའི་ཕྱིར་སོ་ཕག་སོགས་བརྩིགས་ནས་བཞེངས་པའི་རྟེན་རྣམས་ལ་གོ་བ་ཡིན་ནོ།།
མཆོད་རྟེན་གྱི་དབྱེ་བ།
སྤྱིར་གཞུང་ལུགས་རྣམས་སུ་མཆོད་རྟེན་ལ་དབྱེ་ན། རང་བཞིན་ལྷུན་གྲུབ། བླ་ན་མེད་པ། བྱིན་གྱིས་བརླབས་པ། དངོས་གྲུབ་འབྱུང་བ། ཐེག་པ་སོ་སོའི་མཆོད་རྟེན་དང་རྣམ་པ་ལྔར་གསུངས་ཏེ།
དང་པོ་རང་བཞིན་ལྷུན་གྲུབ་ཀྱི་མཆོད་རྟེན་ནི། དཔལ་དུས་ཀྱི་འཁོར་ལོའི་ཡེ་ཤེས་ཀྱི་ལེའུ་ལས། དེ་ལྟར་ངེས་པར་འཇིག་རྟེན་ཁམས་ནི་མཐའ་དག་རྒྱལ་བའི་སྐུ་སྟེ་འཁོར་ལོ་མཆོད་རྟེན་རང་བཞིན་ནོ། །ཞེས་དང་། རྡོ་རྗེ་བཀོད་པའི་རྒྱུད་མདོ་དགོངས་པ་འདུས་པའི་རྣལ་འབྱོར་དབང་བསྒྱུར་གྱི་ལེའུ་བདུན་ཅུ་གསུམ་པ་ལས[2] འདོད་ཁམས་རྨང་གི་རི་རབ་ལ། །གཟུགས་ཁམས་བང་རིམ་ཁྲི་འཕང་བརྟན། །གཟུགས་མེད་བུམ་རྟེན་བུམ་པར་བཅས། །གདུང་ཆེན་ཆོས་སྐུ་རྒྱུན་མི་ཆད། །ནམ་མཁའ་མེ་ཆུ་ས་རླུང་རྣམས། །རྨང་གཞི་རི་རབ་རྟེན་དུ་སྣང་། །བང་རིམ་རིམ་བདུན་བཅས་པ་རྣམས། །དེ་ཉིད་བང་རིམ་ཁྲི་འཕང་བརྟན། །རི་བོ་བུམ་རྟེན་བུམ་པར་བཅས། །འདི་ཡང་གདུང་ཆེན་རྒྱུན་མི་ཆད། །ཅེས་པ་ལྟར་སྣོད་བཅུད་ཀྱི་འཇིག་རྟེན་སྤྱི་མཆོད་རྟེན་དུ་གསུངས་པ་དང་།
གཉིས་པ་བླ་ན་མེད་པའི་མཆོད་རྟེན་ནི། ཐིག་ལེ་དབང་གི་རྒྱུད་ལས། ཚད་མེད་བསམ་ཡས་ལས་བྱུང་འབྲས། །ཤར་དུ་བྱམས་པ་རྡོ་རྗེ་བརྩེགས། །ལྷོ་རུ་སྙིང་རྗེ་རིན་ཆེན་བརྩེགས། །ནུབ་ཏུ་བྱམས་པ་རྡོ་རྗེ་བརྩེགས། །བྱང་དུ་བཏང་སྙོམས་རྒྱ་གྲམ་བརྩེགས། །ཞེས་ཚད་མེད་བཞི་དང་རིགས་བཞི་སྦྱར་བའི་མཆོད་རྟེན་ཕྱོགས་བཞིར་བཞུགས་པར་གསུངས་པ་དང་།
གསུམ་པ་བྱིན་གྱིས་བརླབས་པའི་མཆོད་རྟེན་ནི། འཁོར་ལོ་འབྱུང་བའི་རྒྱུད་ལས། བྱིན་རླབས་སྐུ་གདུང་ཆ་བརྒྱད་གླིང་བཞིར་སྣང་། །ཞེས་དང་། དེའི་འགྲེལ་པར། ཤར་ལུས་འཕགས་ན་བྱིན་ལྡན་སྙོམས་གཏེར་དང་མཐར་ལེགས་གཡུང་དྲུང་ཏོག ལྷོ་ཛམྦུ་གླིང་ན་ཐུགས་རྗེ་སྤྲུལ་པ་དང་ཡིད་བཞིན་ལྷུན་གྲུབ། ནུབ་བ་ལང་སྤྱོད་ན་དཔེ་མེད་བསམ་འདས་དང་རྨད་གྲགས་ཆོས་དབྱིངས། བྱང་སྒྲ་མི་སྙན་ན་ཡོན་ཏན་རིན་ཆེན་བརྩེགས་དང་བདེ་རྒྱས་སྒྲོན་མེ་ཞེས་པ་ལྟར་གླིང་བཞི་ལ་མཆོད་རྟེན་བརྒྱད་བཞུགས་པར་གསུངས་པ་དང་།
བཞི་པ་དངོས་གྲུབ་འབྱུང་བའི་མཆོད་རྟེན་ནི། བདུད་རྩི་ཆེན་པོ་མཆོག་གི་རྒྱུད་བམ་པོ་སོ་བཞི་པ་ལས། རོ་ཡི་བསྲུང་མ་ཆེན་མོ་ནི། །མ་མོ་ཆེན་མོ་བརྒྱད་བཞག་གོ །དེ་ཡི་གནས་བརྟན་ཆེན་པོ་ཡང་། །མཆོད་རྟེན་ཆེན་པོ་གཟི་བརྗིད་ཅན། །རང་བྱུང་རེ་རེ་བཞག་པ་ཡིན། །ཞེས་པ་ནས། ལངྐ་པུ་ར་སྲིན་པོའི་གནས། །མ་མོ་ཆེན་མོ་སྨེ་ཤ་ནི། །སྲིན་པོ་སྲིན་མོ་ཤ་ཟ་རྣམས། །དེ་དག་ཀུན་ལ་དབང་བསྒྱུར་ཞིང་། །རིན་ཆེན་ནོར་དང་དཔག་བསམ་ཤིང་། །འབྱོར་བའི་ལོངས་སྤྱོད་ཀུན་དང་ལྡན། །མཆོད་རྟེན་བདེ་བྱེེད་གཞོན་ནུའོ། །ཞེས་སྔོན་ཧེ་རུ་ཀས་དྲག་པོ་བཏུལ་བའི་ཚེ་ཡུལ་ཆེན་པོ་བརྒྱད་ཀྱི་དུར་ཁྲོད་དུ་མ་མོ་བརྒྱད་ཀྱི་རྟེན་དངོས་གྲུབ་འབྱུང་བའི་མཆོད་རྟེན་རེ་རེ་བྱུང་བ་ནི། ༡༽མ་ག་དྷར་བདེ་བྱེད། ༢༽སིངྒ་ལར་རི་བོ་ཏ་ལ། ༣༽བལ་པོར་བྱ་རུང་ཁ་ཤོར། ༤༽སཱ་ལའམ་གྱད་ཡུལ་དུ་གོ་མ་སཱ་ལ། ༥༽ལི་ཡུལ་དུ་འགེའུ་དེ་ཤན། ༦༽ཁ་ཆེའི་ཡུལ་དུ་ཀ་ནི་ཀ ༧༽ཨོ་རྒྱན་དུ་དྷརྨ་ཙཀྲ། ༨༽ཟ་ཧོར་དུ་བདེ་སྤྱོད་གཞོན་ནུའི་མཆོད་རྟེན་དང་བརྒྱད་གསུངས་པ་དང་།
ལྔ་པ་ཐེག་པ་སོ་སོའི་མཆོད་རྟེན་ནི། བཅོམ་ལྡན་འདས་ཉིད་ཀྱིས་འདུལ་བ་ཕྲན་ཚེགས་ཀྱི་གཞི་དང་འདུལ་བ་གཞུང་དམ་པ་རྣམས་སུ་གདུགས་ཡོད་མེད་དང་མང་ཉུང་གི་ཁྱད་པར་ལ་བརྟེན་ནས་སངས་རྒྱས་ནས་སོ་སྐྱེའི་བར་གྱི་མཆོད་རྟེན་གྱི་དབྱེ་བ་དུ་མར་གསུངས། དེ་དག་ནི་འོག་ཏུ་མཆོད་རྟེན་གྱི་བྱུང་བ་བརྗོད་པའི་སྐབས་སུ་འཆད་པར་འགྱུར་ལ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་གསུངས་པར་གྲགས་པའི་མཆོད་རྟེན་གྱི་དབྱིབས་ནི། ལྷུང་བཟེད་ཁ་སྦུབས་པ་ལྟ་བུ་དང་། ཁང་བུ་བརྩེགས་པ་ལྟ་བུ་དང་། རྒྱལ་མཚན་ལྟ་བུ་གསུམ་ལས། དང་པོ་ལྷུང་བཟེད་ཁ་སྦུབས་པ་ནི་ཉན་ཐོས་ཀྱི་མཆོད་རྟེན་ཡིན་ནམ་སྙམ་སྟེ། ཉན་ཐོས་ཀྱི་མཆོད་རྟེན་ནི་ཆོས་གོས་བཞི་བལྟབ་ཀྱི་སྟེང་དུ་ལྷུང་བཟེད་ཁ་སྦུབས་པ་ལ་འཁར་གསིལ་བཙུགས་པའི་དབྱིབས་ཅན་དུ་གསུངས་པ་དང་། དེ་བཞིན་དུ་ཁང་བུ་བརྩེགས་པ་ནི་རང་རྒྱལ་གྱི་མཆོད་རྟེན་ཡིན་པར་སྣང་སྟེ། རང་རྒྱལ་གྱི་མཆོད་རྟེན་ནི་རྨང་གྲུ་བཞི་པའི་སྟེང་དུ་ངོས་གྲུ་བཞི་བང་རིམ་ཟླུམ་པོ་བཅུ་གཉིས་པ་འཁོར་ལོ་རྩིབས་བརྒྱད་པ་ཅན་དུ་གསུངས་པ་དང་། དེ་བཞིན་དུ་རྒྱལ་མཚན་ལྟ་བུའི་མཆོད་རྟེན་ནི་ཐེག་ཆེན་གྱི་མཆོད་རྟེན་ཡིན་པར་སེམས་ཏེ། རྒྱལ་མཚན་ལྟ་བུ་ནི་དེ་བཞིན་གཤེགས་པའི་མཛད་པ་ཁྱད་པར་ཅན་བརྒྱད་དང་འབྲེལ་བའི་མཆོད་རྟེན་བརྒྱད་ལ་གསུངས་སོ།།
དེ་ལ་མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་མཆོད་རྟེན་གྱི་དབྱེ་བ་གསུམ་པོ་དེ་ཆོས་སྐུའི་ཁྱད་པར་གྱི་ཆོས་ལ་སྦྱར་ནས་གསུངས་ཏེ། མཆོད་རྟེན་གྱི་དབྱེ་བ་ལས།[3] ཆོས་སྐུའི་རྟེན་གྱི་རྣམ་དབྱེ་བརྗོད། །ལྷུང་བཟེད་ཁ་སྦུབ་ལྟ་བུ་དང་། །ཁོང་བུ་རྒྱལ་མཚན་ལྟར་གྲགས་གསུམ། །པད་ཟླའི་སྟེང་དུ་ལྷུང་བཟེད་སྦུབ། །ཆོས་སྐུ་མཚན་མ་བྲལ་བའི་མཚོན། །འབིམ་པའམ་ཡང་ན་འབུམ་པ་ཟེར། །གྲུ་བཞི་གཅིག་གམ་གཉིས་བརྩེགས་པ། །ཆོས་སྐུ་ཡོན་ཏན་ཐམས་ཅད་རྫོགས། །མཉམ་པ་ཉིད་མཚོན་ཁང་བུ་ཟེར། །རྒྱལ་མཚན་ལྟར་གྲགས་མཆོད་རྟེན་ལ། །བདེ་གཤེགས་མཆོད་རྟེན་རིགས་བརྒྱད་ཡོད། །ཅེས་སོ། །གཞན་ཡང་སློབ་དཔོན་ཤེས་རབ་བྱེད་པས་མཛད་པའི་འདུལ་བ་རྣམ་བཤད་ལས།[4] མཆོད་རྟེན་ལ་རྣམ་པ་གཉིས་ཏེ་ཞེས་པ་དང་། སྦུབས་ཅན་དང་ཀ་བ་ལྟ་བུའོ་ཞེས་པ་ནི་མཆོད་རྟེན་ལ་ཁོང་སྟོང་མ་ཡིན་པ་རྣམ་གཉིས་ཡོད་པའོ། །ཞེས་དང་། སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པའི་འདུལ་བ་མདོ་རྩ་བའི་རྒྱ་ཆེར་འགྲེལ་ལས།[5] མཆོད་རྟེན་ནི་རྣམ་པ་གཉིས་ཏེ་གཙང་ཁང་ཅན་ཉིད་དང་ཀ་བ་ལྟ་བུ་ཉིད་དོ་ཞེས་བྱ་བ་ནི། གཙང་ཁང་ཅན་ཉིད་ཅེས་བྱ་བ་ནི། བུམ་པའི་ཕྱོགས་ན་གཙང་ཁང་ཕྱུར་བུ་དང་ལྡན་པ་ཉིད་དོ། །ཀ་བ་ལྟ་བུ་ཉིད་ཅེས་བྱ་བ་ནི། གཙང་ཁང་མེད་པ་ཀ་བའི་རྣམ་པ་ལྟ་བུར་བསྒྲེང་བ་ཉིད་དོ། །ཞེས་སོ། །དེ་བཞིན་རྒྱུད་སྡེ་སོ་སོ་ནས་མཆོད་རྟེན་གྱི་རྣམ་པ་མི་འདྲ་བ་དུ་མ་གསུངས་སོ།།
མཆོད་རྟེན་བཞེངས་ཚུལ་སངས་རྒྱས་ཉིད་ཀྱིས་གསུངས་པ།
སྤྱིར་མཆོད་རྟེན་ནི་སྔོན་འདས་པའི་སངས་རྒྱས་འཁོར་བ་འཇིག་དང་། གསེར་ཐུབ། འོད་སྲུངས་རྣམས་ཀྱི་བསྟན་པ་ལ་བྱུང་མོད་ཀྱང་འདིར་ནི་རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་ལ་བཅོམ་ལྡན་འདས་ཉིད་ཀྱིས་མཆོད་རྟེན་བཞེངས་ཚུལ་ཇི་ལྟར་གསུངས་ཡོད་ཅེ་ན། འདུལ་བ་ཕྲན་ཚེགས་ཀྱི་གཞིའི་[6]ནང་དུ་འཕགས་པ་ཤཱ་རིའི་བུའི་སྐུ་གདུང་རིང་བསྲེལ་གྱི་མཆོད་རྟེན་བཞེངས་ཚུལ་དང་འདུལ་བ་གཞུང་དམ་པའི་[7]ནང་བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང་སེན་མོ་གཟུངས་སུ་བཞུགས་པའི་མཆོད་རྟེན་དེ་ཉིད་ཕྱིའི་བཟོ་བཀོད་འདོན་ཚུལ་སྐོར་ལ་གསུངས་ཡོད། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་འོག་ཏུ་བཅོམ་ལྡན་འདས་ཉིད་ཀྱི་སྐུ་གདུང་མཆོད་རྟེན་བཞེངས་ཚུལ་དེ་འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོའི་བསྟན་པ་གཞག་པའི་ལེའུ་བཅུ་བཞི་པར་[8]བསྟན་ཡོད།
འདུལ་བ་ལུང་ཕྲན་ཚེགས་ཀྱི་གཞི་ནས་གསུངས་པ་རྣམས་བསྡུས་ནས་ཞུས་ན། དེ་ཡང་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་འཕགས་པ་ཤཱ་རིའི་བུ་མྱ་ངན་ལས་འདས་ཏེ། དེའི་རིང་བསྲེལ་དག་འཕགས་པ་ཀུན་དགའ་བོའི་ལག་ན་ཡོད་པ་ཐོས། ཁྱིམ་བདག་གིས་ཀུན་དགའ་བོ་ལ་འཕགས་པ་ཤཱ་རིའི་བུའི་རིང་བསྲེལ་མཆོད་པའི་སླད་དུ་སྩོལ་བར་ཞུས་ཀྱང་མ་གནང་། ཁྱིམ་བདག་གིས་བཅོམ་ལྡན་འདས་ལ་ཞུས་པས་བཅོམ་ལྡན་འདས་ཀྱི་བཀའ་བཞིན་དུ་ཀུན་དགའ་བོས་ཀྱང་འཕགས་པ་ཤཱ་རིའི་བུའི་རིང་བསྲེལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་མཆོད་པ་བགྱིད་པའི་སླད་དུ་གནང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་རིང་བསྲེལ་ཁྱེར་ཏེ་རང་གི་ཁྱིམ་མཆོག་ནང་དུ་སྟན་མཐོན་པོ་ཞིག་ལ་བཞག་ནས་མཛའ་བོ་དང་། ཉེ་དུ་དང་། ཕུ་ནུ་དང་བཅས་པས་མཆོད་པ་བྱས། རྒྱུན་དུ་སྐྱེ་བོ་ཕལ་པོ་ཆེ་མགོན་མེད་ཟས་སྦྱིན་གྱི་ཁྱིམ་དུ་རིང་བསྲེལ་ལ་མཆོད་པ་བྱ་བའི་ཆེད་དུ་ཡོང་མོད། འོན་ཀྱང་ཉིན་ཞིག་ཁྱིམ་བདག་མགོན་མེད་ཟས་སྦྱིན་རི་བོར་བྱ་བ་ཅུང་ཟད་ཅིག་བྱུང་སྟེ་ཁྱིམ་གྱི་སྒོ་བཅད་ནས་ཕྱིན་པ་ལ་སྐྱེ་བོ་ཕལ་པོ་ཆེ་ཁྱིམ་བདག་གི་ནང་དུ་རིང་བསྲེལ་ལ་མཆོད་པར་འོངས་པ་དེ་དག་གིས་ཁྱིམ་གྱི་སྒོ་བཅད་པ་མཐོང་བས་བདག་ཅག་གི་བསོད་ནམས་ལ་བར་ཆད་བྱས་སོ། །ཞེས་དེ་དག་གིས་ཁྱིམ་བདག་ལ་འཕྱ་བ་དང་སྨོད་པར་བྱས།
དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དེ་དག་ལེགས་པར་མ་མཐོང་ནས་བཅོམ་ལྡན་འདས་ལ་སྐྱེ་བོའི་ཚོགས་རྣམས་ཀྱིས་མཆོད་པ་བྱེད་པའི་སླད་དུ་འཕགས་པ་ཤཱ་རིའི་བུའི་མཆོད་རྟེན་སྣང་གཡེལ་ཅན་བཞེངས་ཆོག་པའི་གནང་བ་ཞུས་པ་ལ་བཅོམ་ལྡན་འདས་ཀྱིས་ཀྱང་དེ་བཞིན་གནང་། འོན་ཀྱང་ཁྱིམ་བདག་གིས་ཇི་ལྟར་བྱ་བ་མ་ཤེས་ནས་བཅོམ་ལྡན་འདས་ལ་ཞུས་པས་བཅོམ་ལྡན་འདས་ཀྱིས་གསུངས་པ། དེ་ཡང་ལུང་ཕྲན་ཚེགས་ཀྱི་གཞི་དེ་ཉིད་ལས།[9] བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིམ་གྱིས་བང་རིམ་བཞི་བྱས་ལ་དེ་ནས་བུམ་རྟེན་བྱའོ། །དེ་ནས་བུམ་པ་དང་བྲེ་དང་སྲོག་ཤིང་དང་། གདུགས་གཅིག་དང་། གཉིས་དང་། གསུམ་དང་། བཞི་བྱ་བ་བྱས་ནས་བཅུ་གསུམ་གྱི་བར་དུ་བྱ་ཞིང་ཆར་ཁེབས་དག་གཞག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་མཆོད་རྟེན་དེ་ལྟ་བུ་བྱའོ། །ཞེས་གསུངས་པ་དང་། དེས་ཅི་འཕགས་པ་ཤཱ་རིའི་བུ་འབའ་ཞིག་ལ་མཆོད་རྟེན་རྣམ་པ་དེ་ལྟ་བུའམ། འོན་ཏེ་འཕགས་པ་ཐམས་ཅད་ལ་བྱ་བ་མི་ཤེས་ནས། སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་དག་གིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ཁྱིམ་བདག་རེ་ཞིག་དེ་བཞིན་གཤེགས་པའི་མཆོད་རྟེན་ནི་རྣམ་པ་རྫོགས་པར་བྱའོ། །རང་སངས་རྒྱས་ཀྱི་ཆར་ཁབ་མི་གཞག་པར་བྱའོ། །དགྲ་བཅོམ་པའི་ནི་གདུགས་བཞིའོ། །ཕྱིར་མི་འོང་བའི་ནི་གསུམ་མོ། །ཕྱིར་འོང་བའི་ནི་གཉིས་སོ། །རྒྱུན་དུ་ཞུགས་པའི་གཅིག་གོ །སོ་སོའི་སྐྱེ་བོ་དགེ་བ་རྣམས་ཀྱི་མཆོད་རྟེན་ནི་བྱི་བོར་བྱའོ། །བཅོམ་ལྡན་འདས་ཀྱིས་འཕགས་པ་རྣམས་ཀྱི་མཆོད་རྟེན་ནི་རྣམ་པ་འདིས་སོ། །སོ་སོའི་སྐྱེ་བོ་རྣམས་ཀྱི་ནི་འདིས་སོ། །ཞེས་བཀའ་སྩལ་པ་དང་། དེས་གང་གི་གནས་གང་དུ་བྱ་བ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་དེ་བཞིན་གཤེགས་པ་བཞུགས་པ་ན། ཤཱ་རིའི་བུ་དང་། མོའུ་འགལ་གྱི་བུ་དག་འདུག་པ་དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་ཡང་བྱའོ། །གཞན་ཡང་གནས་བརྟན་རྣམས་ཀྱི་མཆོད་རྟེན་ནི་རྒན་རིམས་བཞིན་སྦྲེང་བར་བྱའོ། །སོ་སོའི་སྐྱེ་བོ་དགེ་བ་རྣམས་ཀྱི་ནི་དགེ་འདུན་གྱི་ཀུན་དགའ་ར་བའི་ཕྱི་རོལ་དུ་བྱའོ། །ཞེས་གསུངས་པ་ལྟར། མཆོད་རྟེན་ནི་རྣམ་པ་ཐམས་ཅད་དུ་གཅིག་པ་མིན་པ་དང་སངས་རྒྱས་ནས་སོ་སྐྱེའི་བར་སྤངས་རྟོགས་ཀྱི་ཁྱད་པར་ལ་བརྟེན་ནས་གདུགས་ཡོད་མེད་དང་མང་ཉུང་གི་ཁྱད་པར་ཡོད་དེ། རྫོགས་སངས་རྒྱས་ལ་གདུགས་བཅུ་གསུམ་དང་། རང་རྒྱལ་ལ་བདུན། དགྲ་བཅོམ་ལ་འབྲས་བུ་ཐོབ་ཚུལ་གྱིས་བཞི་དང་། ཕྱིར་མི་འོང་ལ་གསུམ། ཕྱིར་འོང་ལ་གཉིས། རྒྱུན་ཞུགས་ལ་གཅིག དེ་ལ་འཁོར་ལོས་སྒྱུར་པའི་རྒྱལ་པོ་སོགས་སོ་སྐྱེས་རྣམས་ཀྱི་མཆོད་རྟེན་ལ་གདུགས་མེད་དེ་སྤངས་རྟོགས་ཀྱི་ཡོན་ཏན་གང་ཡང་མ་ཐོབ་པའི་རྒྱུ་མཚན་གསུངས་སོ། །དེ་དག་གི་སྡོམ་ནི་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་མཆོད་རྟེན་གྱི་དབྱེ་བ་ལས།[10] འཁོར་ལོ་ཆོས་འཁོར་གདུགས་དོན་གཅིག །རྫོགས་སངས་རྒྱས་ལ་བཅུ་གསུམ་མོ། །བསེ་རུ་ལྟ་བུ་ཆར་ཁེབས་མེད། །རང་རྒྱལ་བདུན་ལ་དགྲ་བཅོམ་[11]ལྔ། །ཕྱིར་འོང་ཕྱིར་མི་འོང་ལ་གསུམ། །རྒྱུན་དུ་ཞུགས་ལ་གཅིག་ཀྱང་སྟེ། །སོ་སྐྱེའི་མཆོད་རྟེན་ཆོས་འཁོར་མེད། །མཆོད་རྟེན་བྱི་བོ་ཞེས་བྱའོ། །ཞེས་སོ། །དེ་དག་ནི་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་པའི་མཆོད་རྟེན་བཞེངས་ཚུལ་སྐོར་མདོ་ཙམ་མོ།།
བདེ་གཤེགས་མཆོད་རྟེན་བརྒྱད།
དེ་ཡང་ལས་ཀྱི་མཐའ་བརྗོད་པའི་མདོ་ལས། སྤྲུལ་པའི་མཛད་པ་སྔོན་བསྟན་ཕྱིར། །མཆོད་རྟེན་བརྒྱད་དུ་སྐུ་གདུང་བཞག །ཅེས་པ་ལྟར། བདེ་གཤེགས་མཆོད་རྟེན་བརྒྱད་ནི་གཙོ་བོ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཛད་པ་ཁྱད་པར་ཅན་དང་འབྲེལ་བའི་དྲན་རྟེན་དང་དུས་སྟོན་བྱ་བའི་ཆེད་དུ་བཞེངས་པ་ཡིན་ལ། དེ་དག་གི་སྐོར་ནི་ལི་ཡུལ་ལུང་བསྟན་པའི་མདོ་ལས།[12] མཆོད་རྟེན་ཆེན་པོ་བརྒྱད་ལ་ཡུལ་སེར་སྐྱའི་གྲོང་ལུམ་བིའི་ཚལ་དུ་མཆོད་རྟེན་ཆེན་པོ་གཅིག ཡུལ་མ་ག་དྷཱ་རྒྱལ་པོའི་ཁབ་ཆུ་བོ་ནཻ་རཉྫ་ནའི་འགྲམ་རྡོ་རྗེའི་གདན་ལ་མངོན་པར་བྱང་ཆུབ་པའི་སར་མཆོད་རྟེན་ཆེན་པོ་གཅིག ཡུལ་མ་ག་དྷཱར་རྒྱལ་པོའི་ཁབ་ཏུ་བདུད་ཀྱི་དམག་འབུམ་ཕྲག་བཅོ་བརྒྱད་བཏུལ་བའི་སར་མཆོད་རྟེན་ཆེན་པོ་གཅིག སངས་རྒྱས་མངོན་པར་བྱང་ཆུབ་ནས་གདུགས་ཚན་བདུན་གྱི་བར་དུ་ཅང་མི་གསུང་བར་བཞུགས་པ་དང་། ཚངས་པས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པའི་སར་མཆོད་རྟེན་ཆེན་པོ་གཅིག ཡུལ་ཀཱ་ཤི་ཝཱ་རཱ་ཎ་སཱིའི་གྲོང་ཁྱེར་གྱི་དྲུང་ན་རི་དྭགས་ཀྱི་ཚལ་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སར་མཆོད་རྟེན་ཆེན་པོ་གཅིག ཡུལ་ཀོ་ས་ལ་མཉན་དུ་ཡོད་པའི་གྲོང་ཁྱེར་དུ་མར་བདུད་སྡེ་དགུ་བཅུ་རྩ་དྲུག་ཕམ་པར་མཛད་ནས་ཆོ་འཕྲུལ་ཆེན་པོ་བསྟན་པའི་སར་མཆོད་རྟེན་ཆེན་པོ་གཅིག ཡུལ་པ་སང་སང་ག་ཤའི་གྲོང་ཁྱེར་དུ་སངས་རྒྱས་སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་ནས་གཤེགས་པའི་སར་མཆོད་རྟེན་ཆེན་པོ་གཅིག་གྱད་ཡུལ་རྩ་མཆོག་གི་གྲོང་ཁྱེར་ཤིང་སཱ་ལ་ཟུང་གི་འོག་ཏུ་མྱ་ངན་ལས་འདས་པའི་སར་མཆོད་རྟེན་ཆེན་པོ་གཅིག ཅེས་གསུངས་པ་དང་།
བདེ་གཤེགས་མཆོད་རྟེན་བརྒྱད་ཀྱི་དུས་སྟོན་དང་དབྱིབས་རྣམས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་[13]ལས་བཏུས་ནས་བཀོད་ན།
༡༽ དེ་ཡང་གྲོང་ཁྱེར་ལུམྦི་ནིའི་ཚལ་དུ་སྐུ་བལྟམས་པའི་ཚེ་ཡབ་རྒྱལ་པོ་ཟས་གཙང་མ་སོགས་ཤཱཀྱ་རྣམས་ཀྱིས་བཞེངས་པ་དབྱིབས་ཟླུམ་པོ་འཁོར་བའི་འདམ་ལས་སྐྱེས་ཀྱང་དེས་མ་གོས་པའི་མཚོན་བྱེད་པདྨའི་རྣམ་པ་ཅན་བང་རིམ་བཞི་འམ་བདུན་བརྒྱད་དུའང་བྱར་རུང་བ་པདྨ་དང་འཁོར་ལོས་སྤྲས་པ་བཀྲ་ཤིས་འབྱུང་བའམ་པད་མ་སྤུངས་པའི་མཆོད་རྟེན།
༢༽ ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་བྱང་ཆུབ་ཤིང་དྲུང་ན་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་རྒྱལ་པོའི་ཁབ་ཏུ་གཟུགས་ཅན་སྙིང་པོ་ལ་སོགས་པས་བཞེངས་པ་དབྱིབས་གྲུ་བཞི་ལ་བང་རིམ་གྲུ་བཞི་པ་བྱང་ཆུབ་མཆོད་རྟེན་དང་།
༣༽ ཡུལ་ཝཱ་རཱ་ཎ་སིར་དྲུག་པའི་ཚེས་བཞིའི་ཉིན་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་ཀཽཎྜིནྱ་ལ་སོགས་པ་ལྔ་སྡེ་བཟང་པོས་བཞེངས་པ་གྲུ་བཞི་བང་རིམ་བཞི་པ་ཕྱོགས་རེར་སྒོ་བཞི་རེ་བྱེད་པ་བདེན་པ་བཞི་དང་། བརྒྱད་བྱེད་པ་རྣམ་ཐར་བརྒྱད། བཅུ་གཉིས་སུ་བྱེད་པ་རྟེན་འབྲེལ་བཅུ་གཉིས། བཅུ་དྲུག་ཏུ་བྱེད་པ་སྟོང་ཉིད་བཅུ་དྲུག་མཚོན་པའི་ཆོས་འཁོར་མཆོད་རྟེན་ནམ་བཀྲ་ཤིས་སྒོ་མང་གི་མཆོད་རྟེན།
༤༽ མཉན་ཡོད་དུ་མུ་སྟེགས་ཀྱི་སྟོན་པ་དྲུག་འདུལ་བའི་ཕྱིར་ཆོ་འཕྲུལ་ཆེན་པོ་བསྟན་པའི་ཚེ་ཛེ་ཏའི་ཚལ་དུ་ལི་ཙ་བཱི་སོགས་ཀྱིས་བཞེངས་པ་གྲུ་བཞི་བང་རིམ་བཞི་པ་ཕྱོགས་རེར་གློ་འབུར་དང་བཅས་པ་མུ་སྟེགས་ཕམ་མཛད་དམ་ཆོ་འཕྲུལ་མཆོད་རྟེན་དང་།
༥༽ སུམ་ཅུ་རྩ་གསུམ་དུ་ལྷའི་དབྱར་གནས་མཛད་ཅིང་ཡུམ་བདེན་པ་ལ་བཀོད་དེ་སྔ་དྲོ་དགག་དབྱེ་དང་ཕྱི་དྲོ་ནམ་མཁའ་ལས་བབས་ནས་ཕེབས་པའི་དུས་གསལ་ལྡན་དད་པ་ཅན་དག་གིས་བཞེངས་པ་བང་རིམ་བཞི་བརྒྱད་གང་བདེ་ངོས་རེར་གློ་འབུར་དང་བཅས་ཤིང་གློ་འབུར་དབུས་ན་ཐེམ་སྐས་དང་ལྡན་པ་སུམ་ཅུ་རྩ་གསུམ་ལྷའི་མཆོད་རྟེན་ནམ་ལྷ་བབས་མཆོད་རྟེན།
༦༽ བདག་ཅག་གི་སྟོན་པའི་འཁོར་དགེ་སློང་རྣམས་ལ་ལྷས་བྱིན་གྱིས་དབྱེན་བྱས་ཏེ་ཕྱོགས་གཉིས་སུ་བྱེ་བ་ལ་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུས་བསྡུམས་པའི་ཚེ་རྒྱལ་བྱེད་སོགས་མ་ག་དྷ་པས་བཞེངས་པ་བང་རིམ་བཞི་པ་གྲུ་བཞི་པ་དབྱེན་གྱི་རྒྱུ་དུག་གསུམ་ལྟ་བ་དང་བཞི་བཅད་ནས་རྣམ་ཐར་ཟད་པར་ཟིལ་གནོན་བརྒྱད་མཚོན་ཕྱིར་ཟུར་རྣམས་མཉམ་པར་བཅད་པ་འོད་ཟེར་མཆོད་རྟེན་ནམ་དབྱེན་འདུམ་མཆོད་རྟེན།
༧༽ དགའ་རབ་དབང་ཕྱུག་གིས་གསོལ་བ་བཏབ་པ་ལྟར་སྐུ་ཚེའི་འདུ་བྱེད་བཏང་བ་ན་མགར་བའི་བུ་ཙུནྡས་གསོལ་བ་བཏབ་སྟེ་སྐུ་ཚེ་ཟླ་བ་གསུམ་བྱིན་གྱིས་རླབས་པའི་ཚེ་ཡངས་པ་ཅན་རྣམས་ཀྱིས་བརྩིགས་པ་རྣམ་རྒྱལ་མཆོད་རྟེན།
༨༽ སྐུ་དངོས་ཀྱི་གདུལ་བྱའི་སྐལ་པ་རྫོགས་ཏེ་རྩྭ་མཆོག་གི་གྲོང་ན་གཟིམས་ཁྲིའི་མཐའ་ཅན་དུ་གྱུར་པའི་ཚེ་རྩ་ཅན་གྱད་རྣམས་ཀྱིས་བརྩིགས་པ་འཁོར་བའི་མཇུག་དང་བྲལ་ཅིང་སྤྲོས་པ་མེད་པའི་ཕྱིར་བང་རིམ་གྱིས་དབེན་པའི་གདན་ཁྲིའི་སྟེང་བུམ་སྟན་ཡན་ཆད་བཞུགས་པ་མྱང་འདས་མཆོད་རྟེན་དང་བརྒྱད་དོ། །དེ་དག་གིས་བདེ་གཤེགས་མཆོད་རྟེན་བརྒྱད་ཀྱི་ངོ་སྤྲོད་ལི་ཡུལ་ལུང་བསྟན་པའི་མདོ་དང་མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ནས་བསྟན་པ་རྣམས་བཏུས་ནས་མདོ་ཙམ་ཞུས་ཟིན་ཏོ།།
སྐུ་གདུང་ཆ་བརྒྱད་མཆོད་རྟེན།
སྐུ་གདུང་ཆ་བརྒྱད་མཆོད་རྟེན་ནི་བཅོམ་ལྡན་འདས་ཀྱི་སྐུ་གདུང་རིང་བསྲེལ་དག་ཆ་བརྒྱད་དུ་བགོས་ཤིང་དེ་རྣམས་གཟུངས་སུ་ཕུལ་ནས་བཞེངས་པའི་མཆོད་རྟེན་རྣམས་ལ་གོ་བ་ཡིན། དེ་ཡང་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་པའི་རྗེས་སུ་སྐུ་གདུང་ཞུགས་ལ་ཞེན་པ་ལས་བྱུང་བའི་སྐུ་གདུང་ཤ་རི་རམ་གྱི་རིང་བསྲེལ་དག་བྲམ་ཟེ་བྲེ་བོ་དང་མཉམ་པས་ཆ་བརྒྱད་དུ་བགོས་ཏེ་ས་སྐྱོང་ཆེན་པོའམ་ (Mahjanapada) ཡུལ་ཆེན་པོ་བརྒྱད་ཀྱི་རྒྱལ་པོ་རྣམས་ལ་བགོས་པ་དང་། དེ་དག་གིས་རང་ཡུལ་དུ་བཞེངས་པའི་མཆོད་རྟེན་རྣམས་ལ་སྐུ་གདུང་ཆ་བརྒྱད་མཆོད་རྟེན་ཞེས་བརྗོད་པ་ཡིན།
ཡུལ་གང་དུ་རྒྱལ་པོ་གང་གིས་མཆོད་རྟེན་བཞེངས་པའི་ཐད་འདོད་ཚུལ་མི་འདྲ་བ་མང་དུ་མཆིས་ཀྱང་འདིར་དགྲ་བཅོམ་པ་དགེ་འདུན་འཕེལ་གྱི་ལི་ཡུལ་ལུང་བསྟན་པའི་མདོ་ལས་བསྟན་པ་ལྟར་ཞུ་བར་བྱ་སྟེ། དེ་ཉིད་ལས།[14] རིང་བསྲེལ་གྱི་མཆོད་རྟེན་ཆེན་པོ་བརྒྱད་ལ་ ༡༽རམ་གྲ་མ་ཀའི་ཡུལ་དུ་མཆོད་རྟེན་ཆེན་པོ་གཅིག ༢༽བ་པའི་ཡུལ་དུ་རིང་བསྲེལ་གྱི་མཆོད་རྟེན་ཆེན་པོ་གཅིག ༣༽གྱད་ཡུལ་ན་རིང་བསྲེལ་གྱི་མཆོད་རྟེན་ཆེན་པོ་གཅིག ༤༽ཡངས་པའི་ཡུལ་ན་རིང་བསྲེལ་གྱི་མཆོད་རྟེན་ཆེན་པོ་གཅིག ༥༽ཙཉྩཱ་ཀལྤའི་ཡུལ་ན་རིང་བསྲེལ་གྱི་མཆོད་རྟེན་ཆེན་པོ་གཅིག ༦༽བཻཥྞུ་དྭཱི་པའི་ཡུལ་ན་རིང་བསྲེལ་གྱི་མཆོད་རྟེན་ཆེན་པོ་གཅིག ༧༽སེར་སྐྱའི་ཡུལ་ན་རིང་བསྲེལ་གྱི་མཆོད་རྟེན་ཆེན་པོ་གཅིག ༨༽རྒྱལ་པོའི་ཁབ་ན་རིང་བསྲེལ་གྱི་མཆོད་རྟེན་ཆེན་པོ་གཅིག་ཅེས་པ་ལྟར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཡུལ་དང་གང་ཟག་གཉིས་སྦྱར་ནས་གསུངས་པ་རྣམས་མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ལས།[15] སྐུ་གདུང་ཆ་བརྒྱད་དུ་བགོས་པའི་དང་པོ་རྩྭ་ཅན་ (Kusinr)[16] དུ་གྱད་ (Malla) ཀྱིས་བརྩིགས་པའི་མཆོད་རྟེན། གཉིས་པ་ཡུལ་སྡིག་པ་ཅན་ (Pv) དུ་གྱད་ (Malla) རྣམས་ཀྱིས་བརྩིགས་པའི་མཆོད་རྟེན། གསུམ་པ་ཡུལ་རྟོག་པ་གཡོ་བ་ན་ (Allakappa) རྒྱལ་རིགས་བུ་ལུ་ཀས་ (Buli) བརྩིགས་པའི་མཆོད་རྟེན། བཞི་པ་ཡུལ་སྒྲ་སྒྲོགས་ (Rmagrma/ Ravana) ན་རྒྱལ་རིགས་ཀྲོང་ཊྱས་ (Koliya) བརྩིགས་པའི་མཆོད་རྟེན། ལྔ་པ་ཁྱབ་འཇུག་གླིང་ (Vinudvpa) དུ་བྲམ་ཟེས་བརྩིགས་པའི་མཆོད་རྟེན། དྲུག་པ་ཡུལ་སེར་སྐྱ་ (Kapilavastu) ན་ཤཱཀྱ་ (kyas) རྣམས་ཀྱིས་བརྩིགས་པའི་མཆོད་རྟེན། བདུན་པ་ཡངས་པ་ཅན་ (Vai) དུ་ལི་ཙ་བྱི་ (Licchavis) རྣམས་ཀྱིས་བརྩིགས་པའི་མཆོད་རྟེན། བརྒྱད་པ་མ་ག་དྷར་ (Magadha) རྒྱལ་པོ་མ་སྐྱེས་དགྲས་ (Ajtatru) བརྩིགས་པའི་མཆོད་རྟེན་དང་བརྒྱད། ཅེས་གསུངས་པ་དང་།
གཞན་ཡང་དེ་ཉིད་ལས། སྐུ་གདུང་བཅུག་པའི་གསེར་གྱི་བུམ་པ་ལ་བྲམ་ཟེ་བྲེ་བོས་ (BrhmanaDrona) བྲེ་བོ་དང་མཉམ་པའི་ཡུལ་དུ་མཆོད་རྟེན་བརྩིགས་ཤིང་། སྐུ་གདུང་ཞུགས་ལ་ཞེན་པའི་སོལ་བ་ལ་བྲམ་ཟེ་ནྱ་གྲོ་དྷས་རང་ཡུལ་དུ་མཆོད་རྟེན་བརྩིགས་པ་དང་བཅུར་བཤད་དེ་ཕྲན་ཚེགས་ལས། དེེའི་ཚེ་འཛམ་བུའི་གླིང་དུ་བཅོམ་ལྡན་འདས་ཀྱི་སྐུ་གདུང་གི་མཆོད་རྟེན་བརྒྱད་དང་། བུམ་པའི་མཆོད་རྟེན་དང་དགུ སོལ་བའི་མཆོད་རྟེན་དང་བཅུར་གྱུར་ཏོ། །སྤྱན་ལྡན་སྐུ་གདུང་བྲེ་བོ་བརྒྱད་དག་ལས། །བདུན་ནི་འཛམ་བུའི་གླིང་པའི་མཆོད་པར་ཐོབ། །ཅེས་པ་ལྟར་སྐུ་གདུང་ཆ་བརྒྱད་དུ་བགོས་པའི་མཆོད་རྟེན་བརྒྱད། བུམ་པའི་མཆོད་རྟེན། རས་ཚིག་པའི་མཆོད་རྟེན། མ་འཚིག་པའི་མཆོད་རྟེན། སོལ་བའི་མཆོད་རྟེན། ཚེམས་མཆེ་བ་ལྷ་དང་སྲིན་བུས་ཁྱེར་བའི་མཆོད་རྟེན་ཏེ་འདི་དག་ཐམས་ཅད་གོང་གི་ཤཱཀ་ཐུབ་མཆོད་རྟེན་བརྒྱད་པོའི་ཕྱི་མ་མྱང་འདས་ཀྱི་ཁོངས་སུ་གཏོགས་པ་དང་། ཞེས་གསུངས་པ་ལྟར་སྐུ་གདུང་ཆ་བརྒྱད་དུ་བགོས་པའི་མཆོད་རྟེན་དང་། གཞན་ཡང་བྲམ་ཟེ་བྲེ་བོ་དང་མཉམ་པས་བཞེངས་པའི་བུམ་པའི་མཆོད་རྟེན་དང་། བྲམ་ཟེ་ནྱ་གྲོ་དྷས་བཞེངས་པའི་སོལ་བའི་མཆོད་རྟེན་དང་བཅུར་གསུངས་པ་དང་། དེ་བཞིན་དུ་རས་ཚིག་པ་དང་མ་འཚིག་པ། སོལ་བ་དང་། ཚེམས་མཆེ་བ་རྣམས་ཀྱི་མཆོད་རྟེན་ཡང་ཡོད་པར་གསུངས།
བདེ་གཤེགས་མཆོད་རྟེན་བརྒྱད་དང་སྐུ་གདུང་ཆ་བརྒྱད་མཆོད་རྟེན་གྱི་ཁྱད་པར་ནི། གོང་སྨོས་ལྟར་བཅོམ་ལྡན་འདས་ཀྱི་མཛད་པ་ཁྱད་པར་ཅན་དང་འབྲེལ་བའི་མཆོད་རྟེན་རྣམས་ནི་བདེ་གཤེགས་མཆོད་རྟེན་བརྒྱད་ཡིན་ལ། བཅོམ་ལྡན་འདས་ཀྱི་སྐུ་གདུང་ཞུགས་ལ་ཞེན་པའམ་ཞུགས་འབུལ་རྗེས་སུ་བྲམ་ཟེ་བྲེ་བོ་དང་མཉམ་པས་སྐུ་གདུང་ཆ་བརྒྱད་དུ་བགོས་པ་ལ་ཡུལ་བརྒྱད་ཀྱི་རྒྱལ་པོ་རྣམས་ཀྱིས་རང་ཡུལ་དུ་སྐུ་གདུང་རིང་བསྲེལ་གཟུངས་སུ་ཕུལ་ནས་བཞེངས་པའི་མཆོད་རྟེན་རྣམས་ལ་སྐུ་གདུང་ཆ་བརྒྱད་མཆོད་རྟེན་ཞེས་བརྗོད་དོ།།
ཡུལ་གྲུ་ཁག་ཏུ་མཆོད་རྟེན་གྱི་འཕེལ་རིམ།
འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས།[17] ཀུན་དགའ་བོ་ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་དང་པོ་ལ་ནི་བསྟན་པ་ལ་ཆོས་ལ་བླ་མར་བྱེད་པར་འགྱུར་རོ། །ཞེས་པ་ནས། ཀུན་དགའ་བོ་ཡང་དེའི་ཚེ་ན་རྒྱལ་པོ་མྱ་ངན་མེད་ཅེས་བྱ་བ་འཛམ་བུའི་གླིང་གི་དབང་ཕྱུག་ལ་དབང་བྱེད་པར་གྱུར་ཏེ། དེ་ང་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་གི་རིང་བསྲེལ་གྱི་མཆོད་རྟེན་རྒྱ་ཆེར་བྱེད་པར་འགྱུར་རོ། །ཞེས་གསུངས་པ་ལྟར་སྟོན་པ་མྱ་ངན་ལས་འདས་པའི་རྗེས་སུ་ལོ་བརྒྱ་ཙམ་ཡས་མས་ན་འཛམ་བུའི་གླིང་ན་འགྲན་ཟླ་དང་བྲལ་བའི་རྨ་བྱའི་རྒྱལ་རྒྱུད་ (Maurya Dynasty) ཀྱི་རྒྱལ་རབས་གསུམ་པ་རྒྱལ་པོ་མྱ་ངན་མེད་ (Ashoka) (268 BC-232 BC) ཅེས་བྱ་བ་བྱུང་བ་དང་། དེས་སྟོན་པའི་མཛད་པ་ཁྱད་པར་ཅན་དང་འབྲེལ་བའི་གནས་མཆོག་ཁག་ཏུ་ཕེབས་ཏེ་དྲན་རྟེན་གྱི་རྡོ་རིང་དང་སྔར་སྐུ་གདུང་ཆ་བརྒྱད་དུ་བགོས་པའི་མཆོད་རྟེན་རྣམས་ནས་རིང་བསྲེལ་བཏོན་ནས་མཆོད་རྟེན་ ༨༤༠༠༠ བཞེངས་པར་བཤད། དེའི་ཚེ་ན་རྨ་བྱའི་རྒྱལ་ཁམས་དེ་དབུས་ཨེ་ཤི་ཡ་བར་དུ་སླེབས་ཡོད།
ད་ལྟ་མཇལ་རྒྱུ་ཡོད་པ་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་ཡོད་པའི་སཱན་ཅི་མཆོད་རྟེན་གསུམ་གྱི་ནང་ནས་མཆོད་རྟེན་དང་པོ་ (Sanchi Stupa) དེ་དང་། དྲི་འཛིན་ (Gandhara) གྱི་ཡུལ་དུ་ཡོད་པའི་དྷརྨ་རཱ་ཛི་ཀ་ (Dharmarajika) ཞེས་པའི་མཆོད་རྟེན་དེ་ཡང་ཐོག་མར་ཆོས་རྒྱལ་ཉིད་ཀྱིས་བཞེངས། དེ་དང་སྔ་ཕྱིར་ད་ལྟ་ང་ཚོར་མཇལ་རྒྱུ་ཡོད་པའི་ (Piprahwa Stupa, Bharhut Stupa, Amaravarti Stupa, Kesariya Stupa) མཆོད་རྟེན་དེ་དག་ཐམས་ཅད་ཀྱང་སྤྱི་ལོ་འགོ་མ་བཙུགས་པའི་སྐབས་སུ་བྱུང་། དེ་བཞིན་ཆོས་རྒྱལ་མྱ་ངན་མེད་ཀྱི་སྲས་མཱ་ཧིན་དྲ། (Mahindra) (285BC-205BC) ཤྲཱི་ལངྐའི་ (Sri Lanka) ཡུལ་དུ་ནང་ཆོས་སྤེལ་བའི་ཆེད་དུ་ཕེབས་པ་དང་ད་ལྟ་མཇལ་དུ་ཡོད་པའི་ཐུ་པ་ར་མ་ (Thuparama) ཞེས་པའི་མཆོད་རྟེན་དེ་ཡང་སྐབས་དེ་དུས་བཞེངས།
ཡུལ་གྲུ་ཁག་ཏུ་མཆོད་རྟེན་གྱི་འཕེལ་རིམ་ནི་གཙོ་བོ་ཡུལ་གྲུ་གང་ལ་ནང་ཆོས་དར་བ་དེ་ལ་རིམ་གྱིས་དད་ལྡན་རྣམས་ཀྱིས་མཆོད་པ་འབུལ་བའི་ཡུལ་དུ་མཆོད་རྟེན་རྣམས་བཞེངས་པ་ཡིན་ཏེ། དུས་རབས་དང་པོའི་གནས་སྐབས་ན་རྒྱ་གར་ནུབ་བྱང་མཚམས་གྷན་དྷ་ར་ (Gandhara) དྲི་འཛིན་གྱི་ཡུལ་ནས་རྒྱ་ནག་གི་དར་ལམ་ (Silk road) བརྒྱུད་དེ་རིམ་གྱིས་རྒྱ་ནག་ (China) དང་ཝེཏ་ནམ་ (Vietnam) ཀོ་རི་ཡ་ (Korea) དང་ཇཱ་པན་ (Japan) རྣམས་ཀྱི་ཡུལ་གྲུ་ཁག་ཏུ་ཐེག་པ་ཆེན་པོའི་ནང་ཆོས་ཁྱབ་སྤེལ་བྱུང་། སྤྱིར་གྷན་དྷ་ར་ (Gandhara) དྲི་འཛིན་གྱི་ཡུལ་ནི་ཤར་ཨེ་ཤི་ཡ་དང་དབུས་ཨེ་ཤི་ཡའི་ཁུལ་དུ་ནང་ཆོས་དར་ཁྱབ་འགྲོ་སའི་ལྟེ་གནས་ལྟ་བུ་ཆགས་ཡོད། རིམ་གྱིས་དུས་རབས་གཉིས་པའི་གནས་སྐབས་ན་བཅོམ་ལྡན་འདས་ཀྱི་ལུང་གིས་ཟིན་པའི་རྒྱལ་པོ་ཀུ་ཤཱན་རྒྱལ་བརྒྱུད་ (Kushan Dynasty) ཀྱི་རྒྱལ་རབས་ལྔ་པ་རྒྱལ་པོ་ཀཱ་ནིཥྐ་སྔ་མ་ Kanishka 1(78-144) ཞེས་བྱ་བ་དེ་བྱུང་བ་དང་། ཁོང་གིས་དྲི་འཛིན་གྱི་ཡུལ་དུ་ཁྲུ་བཞི་བརྒྱ་ཙམ་གྱི་མཆོད་རྟེན་བཞེངས། དེ་ཡང་རྒྱལ་པོ་ཀཱ་ནིཥྐ་ནི་རྒྱལ་བའི་ལུང་གིས་ཟིན་ཚུལ་དང་དེས་མཆོད་རྟེན་བཞེངས་ཚུལ་སྐོར་གསུངས་པ་ཐང་སན་ལམ་ཡིག་[18]ཏུ་བཀོད་པ་འདི་ལྟར། སྟོན་པས་ཀྱང་དེར་ལྷོ་ཕྱོགས་སུ་ཞལ་ཕྱོགས་ནས་བཞུགས་ཏེ། ཀུན་དགའ་བོ་ལ་བཀའ་བསྩལ་པ། ང་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་འདས་པ་ན་རྒྱལ་པོ་ཀ་ནིཥྐ་ཞེས་བྱ་བ་འབྱུང་བར་འགྱུར་ཏེ། གནས་དེ་ནས་ལྷོ་ཕྱོགས་སུ་མི་རིང་བའི་སར་ངའི་ཤ་དང་རུས་པའི་རིང་བསྲེལ་མང་པོ་བཞུགས་པའི་མཆོད་རྟེན་བརྩིགས་པར་འགྱུར་རོ། །ཞེས་ལུང་བསྟན་ཏོ། །ཞེས་སོ།།
དུས་ཕྱིས་མཆོད་རྟེན་ལ་དབྱིབས་རྣམ་པ་གཉིས་བྱུང་སྟེ། རྒྱ་གར་དང་ཤྲཱི་ལངྐའི་ཡུལ་དུ་དར་བའི་མཆོད་རྟེན་རྣམས་ཀྱི་དབྱིབས་ནི་ལྷུང་བཟེད་ཁ་སྦུབས་པ་ལྟ་བུ་དང་། རྒྱ་གར་ནུབ་བྱང་དྲི་འཛིན་གྱི་ཡུལ་ན་དར་བའི་མཆོད་རྟེན་རྣམས་ཀྱི་དབྱིབས་ནི་ཀ་བ་ལྟ་བུ་དང་། གཏོར་དབྱིབས་ལྟར་ཡོད། དེ་ལ་བརྟེན་ནས་ཤར་ཨེ་ཤི་ཡའི་ཡུལ་གྲུ་རྒྱ་ནག་དང་ཀོ་རི་ཡ་སོགས་སུ་དར་བའི་མཆོད་རྟེན་རྣམས་ཀྱང་རྒྱ་གར་ཡུལ་དབུས་ཀྱི་མཆོད་རྟེན་དང་མི་འདྲ་བ་གཏོར་དབྱིབས་ལྟ་བུ་དང་སྒྲེང་བ་ལྟ་བུ་ཡོད། དྲི་འཛིན་ཉེ་འཁོར་གྱི་ཡུལ་ལུང་ཁག་ཏུ་མཆོད་རྟེན་གྱི་དབྱིབས་དེ་ལྟར་ཆགས་པའི་རྒྱུ་མཚན་ཡང་དྲི་འཛིན་གྱི་ཡུལ་དེར་(Indo-Greek)རྒྱ་གར་དང་འབྲེལ་བའི་གྷི་རིག་གི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་པས་རིམ་གྱིས་མཆོད་རྟེན་རྣམས་ཀྱི་དབྱིབས་དེ་ལྟར་བྱུང་བར་བཤད། དེ་ནས་རིམ་གྱིས་དུས་རབས་ལྔ་པའི་བར་ཨེ་ཤི་ཡའི་ཤར་ཕྱོགས་དང་ཤར་ལྷོའི་ཕྱོགས་ཀྱི་ཡུལ་གྲུ་དུ་མར་ནང་ཆོས་དར་བ་དང་ལྷན་དུ་མཆོད་རྟེན་རྣམས་ཀྱང་བྱུང་བ་ཡིན་ནོ།།
བོད་ཀྱི་མཆོད་རྟེན་གྱི་བྱུང་བ།
བོད་གངས་ཅན་གྱི་ལྗོངས་སུ་མཆོད་རྟེན་གྱི་བྱུང་བ་ནི་དེ་ཡང་བཙན་པོའི་གདུང་རྒྱུད་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་ཕོ་བྲང་ཡུམ་བུ་བླ་སྒང་དུ་བཞུགས་པའི་ཚེ། ཕོ་བྲང་གི་རྩེར་ཟ་མ་ཏོག་ཅིག་བབས་པ་ཁ་ཕྱེ་པས། སྤང་སྐོང་ཕྱག་བརྒྱ་པ། ཙིནྡྷ་མ་ཎིའི་གཟུངས་ཀྱི་བརྐོས་ཕོར། མདོ་སྡེ་ཟ་མ་ཏོག ཡི་གེ་དྲུག་པ། གསེར་གྱི་མཆོད་རྟེན་རྣམས་བྱུང་བ་ལ་གཉན་པོ་གསང་བ་ཞེས་བཏགས་པ་དེའི་ནང་གི་གསེར་གྱི་མཆོད་རྟེན་ཁྲུ་གང་པ་དེ་བོད་དུ་མཆོད་རྟེན་གྱི་ཐོག་མ་ཡིན་པ་དང་། དེ་ནས་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་ལྷ་ཁང་བརྒྱ་རྩ་བརྒྱད་ཀྱི་ཐོག་མ་ཁྲ་འབྲུག་བྱམས་པ་མི་འགྱུར་གྱི་གཙུག་ལག་ཁང་མ་བཞེངས་སྔོན་དུ་གནས་དེར་ཀླུ་གདུག་པ་ཅན་བསྒྲལ་བའི་དོན་དུ་མཆོད་རྟེན་རྩེ་ལྔ་པ་བཞེངས་པ་དང་གཞན་ཡང་ཆོས་རྒྱལ་སྲོང་བཙན་གྱིས་མཆོད་རྟེན་མང་དུ་བཞེངས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་གནས་སྐབས་ན་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་པ་དང་ཕྱོགས་བཞིར་མཆོད་རྟེན་དཀར་དམར་སྔོ་ནག་བཞི་དང་མཐའ་སྐོར་དུ་རིང་བསྲེལ་གྱི་མཆོད་རྟེན་དུ་མ་བཞེངས། ཆོས་རྒྱལ་ཁྲི་རལ་པ་ཅན་གྱི་དུས་སུ་འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་བཞེངས་པའི་ཡང་ཕུད་ཀྱི་ཡེར་པར་མཆོད་རྟེན་བཞེངས་པ་སོགས་སྔ་དར་གྱི་དུས་སུ་མཆོད་རྟེན་དུ་མ་བྱུང་།
བོད་སིལ་བུར་འཐོར་བའི་སྐབས་སུ་སངས་རྒྱས་ཀྱི་བསྟན་པ་ཉམས་ཆག་ཕྱིན་པ་དང་ལྷན་དུ་གཙུག་ལག་ཁང་དང་མཆོད་རྟེན་སོགས་ལའང་གནོད་པ་བྱུང་། བླ་ཆེན་དགོངས་པ་རབ་གསལ་གྱིས་མདོ་སྨད་ཕྱོགས་སུ་གཙུག་ལག་ཁང་དང་མཆོད་རྟེན་མང་པོ་གསར་བཞེངས་དང་སླར་ཡང་དབུས་གཙང་དུ་ཕེབས་ནས་རྟེན་གསུམ་རྣམས་བསྐྱར་གསོ་མཛད། དུས་རབས་བཅུ་གཅིག་པའི་གནས་སྐབས་སུ་ཇོ་བོ་རྗེ་བོད་དུ་བྱོན་པའི་ཚེ་མཆོད་རྟེན་མང་པོ་བཞེངས་པ་རྣམས་ཕྱིས་སུ་བཀའ་གདམས་མཆོད་རྟེན་ཞེས་གྲགས་པ་བྱུང་། དུས་རབས་བཅུ་བཞི་པར་བུ་སྟོན་ཐམས་ཅད་མཁྱེན་པས་རྒྱལ་བའི་མདོ་རྒྱུད་སྤྱི་དང་ལྷག་པར་གཙུག་ཏོར་དྲི་མེད་ཀྱི་འགྲེལ་པ་[19]་གཞིར་བཞག་སྟེ་མཆོད་རྟེན་གྱི་ཆ་ཚད་གཏན་འབེབས་དང་བྱང་ཆུབ་ཆེན་མོའི་མཆོད་རྟེན་གྱི་ཚད་མཆོད་རྟེན་སྒྲུབ་པའི་ཆོ་ག་བྱིན་རླབས་དཔལ་འབར་ཞེས་པའི་གཞུང་ཡང་མཛད། དེ་བཞིན་ཆོས་རྗེ་རང་ཉིད་ཀྱི་ཞལ་བཀོད་ལྟར། ཞ་ལུ་རི་སྦུག་ཏུ་ཡོད་པའི་སྐུ་འབུམ་མཐོང་གྲོལ་ཆེན་མོ་ཞེས་པའི་མཆོད་རྟེན་དེ་ཡང་བཞེངས།
དེ་ནས་རིམ་བཞིན་སྟག་ཚང་ལོ་ཙཱ་བ་དང་། སྤྲུལ་སྐུ་འཕྲེང་ཁ་པ། སྨིན་གླིང་ལོ་ཆེན་སོགས་ཀྱིས་མཆོད་རྟེན་གྱི་ཆ་ཚད་དང་འགྲེལ་པ་མང་དུ་མཛད་ཀྱང་བུ་སྟོན་རིན་པོ་ཆེ་དང་ཁྱད་པར་ཆེར་མ་བྱུང་། ཕྱིས་སུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྒྱལ་དབང་ལྔ་པ་ཆེན་པོའི་སྐུ་གདུང་མཆོད་རྟེན་བཞེངས་པའི་ཆེད་དུ་མདོ་རྒྱུད་དགོངས་འགྲེལ་ལས་གསུངས་པ་རྣམས་གཞིར་བཟུང་ཐོག་སྔར་བུ་སྟོན་ཐམས་ཅད་མཁྱེན་པ་སོགས་ཀྱིས་གསུངས་པའི་ལེགས་ཆ་བསྡུས་ནས་རྒྱལ་དབང་ལྔ་པ་ཆེན་པོའི་སྐུ་གདུང་མཆོད་རྟེན་ཆེན་མོ་མཆོད་སྡོང་འཛམ་གླིང་རྒྱན་གཅིག་ཅེས་པ་དེ་བཞེངས་པ་དང་དེའི་དཀར་ཆག་ཀྱང་མཛད། དེ་ནས་རིམ་གྱིས་བོད་ཡུལ་ཀུན་ཏུ་ཐམས་ཅད་ཀྱིས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མཆོད་རྟེན་ཆ་ཚད་ལྟར་མཆོད་རྟེན་བཞེངས་པས་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་ཤེས་བྱ་ཀུན་ཁྱབ་[20]ཏུ། དེ་དག་གི་ལེགས་ཆ་བསྡུས་པ་མི་དབང་སངས་རྒྱས་རྒྱ་མཚོའི་ཆ་ཚད་ཉིད་ད་ལྟ་ཀུན་ལ་རྒྱུག་ཆེ་ཞིང་། ཞེས་གསུངས་པ་ལྟར་བོད་དུ་མཆོད་རྟེན་བཞེངས་ལུགས་ལ་བུ་སྟོན་ལུགས་དང་སྡེ་སྲིད་ལུགས་ཞེས་རྣམ་པ་གཉིས་དེ་བྱུང་བ་ཡིན་ནོ།།
བྱང་ཆུབ་མཆོད་རྟེན་གྱི་ཕྱིའི་བཀོད་པ་དང་དེའི་མཚོན་དོན།
སྤྱིར་མཆོད་རྟེན་ཐམས་ཅད་མདོ་རྒྱུད་རྣམས་ལ་ཁུངས་གཏུགས་ནས་བཞེངས་པས་རྩ་བའི་སྒྲོམ་གཞི་ལ་ཁྱད་པར་ཆེར་མེད་ཀྱང་ཡུལ་དུས་དང་གནས་སྐབས་དེའི་སྐྱེ་བོ་རྣམས་ཀྱིས་སོ་སོའི་བཟོ་བཀོད་དང་དབྱིབས་འདོན་ཚུལ་གྱི་ཁྱད་པར་ལ་བརྟེན་ནས་མཆོད་རྟེན་གྱི་དབྱིབས་ལ་རིང་ཐུང་དང་ཕྲ་སྦོམ་སོགས་སྣ་ཚོགས་བྱུང་། བོད་གངས་ཅན་གྱི་ལྗོངས་སུ་ཡང་སྔ་དར་དང་ཕྱི་དར་སྐབས་ཀྱི་མཆོད་རྟེན་སོ་སོའི་རྣམ་པ་མི་འདྲ་བ་དུ་མར་གནས་པས་ཚད་གཟུང་བར་དཀའ་ཡང་བུ་སྟོན་ཐམས་ཅད་མཁྱེན་པས་མཆོད་རྟེན་གྱི་ཆ་ཚད་རྣམས་རྒྱལ་བའི་མདོ་རྒྱུད་སྤྱི་དང་ལྷག་པར་གཙུག་ཏོར་དྲི་མེད་གཟུངས་ཀྱི་རྣམ་བཤད་གཞིར་བཟུང་སྟེ་གཏན་འབེབས་མཛད། དེ་ནས་རིམ་གྱིས་ཐམས་ཅད་ཀྱིས་དེ་དང་གཅིག་མཚུངས་སུ་མཆོད་རྟེན་བཞེངས་པས་ད་ལྟ་ཐམས་ཅད་ཀྱིས་བཞེངས་པའི་མཆོད་རྟེན་ཆ་ཚད་ཀྱི་ཁུངས་དེ་གཙུག་ཏོར་དྲི་མེད་གཟུངས་ཀྱི་རྣམ་བཤད་[21]དེ་ཆགས་ཡོད། དེས་ན་འདི་ནས་གཙུག་ཏོར་དྲི་མེད་རྣམ་བཤད་གཞིར་བཟུང་གི་མཆོད་རྟེན་གྱི་གྲུབ་ཆ་ཞུས་ན།
ཤེས་བྱ་ཀུན་ཁྱབ་ཏུ། འདིར་མཁོ་བའི་བརྡ་ཁྱད་ནི། གདན་གྱི་ས་འཛིན་ཐེམ་སྐས་གསུམ། །ཐིག་གདན་སེང་ཁྲི་པད་ཆུང་དང་། །གཟུངས་ས་པད་ཆེན་རྨང་དགེ་བ། །དེ་སྟེང་སྤྱི་ལ་བང་རིམ་བཞི། །བུམ་རྟེན་བུམ་པ་བྲེ་རྟེན་དང་། །བྲེ་འདེགས་པདྨ་འོད་ཟེར་ཕྲེང་། །ཕོ་འཁོར་མོ་འཁོར་བཅས་བཅུ་གསུམ། །ཐུགས་རྗེ་མདོ་གཟུངས་ཞུ་རྒྱ་གྲམ། །གདུངས་དང་ཆར་ཁེབས་ཟླ་ཕྱེད་ཉི། །ནོར་བུ་ཏོག་དང་བཅས་པའོ། །ཞེས་གསུངས་པ་དང་། འདི་རྣམས་ཀྱི་མཚོན་དོན་ཡང་། དེ་ཉིད་ལས།[22] ་འདི་རྣམས་ཀྱི་རྣམ་དག་སློབ་དཔོན་ཤཱིནྟཾ་གརྦྷའི་མཆོད་རྟེན་གྱི་ཆ་དབྱེ་བ་ལས་གསུངས་པའི་དོན་ནི། །པད་གཟུངས་རྗེས་སུ་དྲན་པ་དྲུག། པད་ཆེན་དགེ་བཅུ་རྨངས་ཚད་མེད། །ཡང་ན་དེ་གཉིས་ལྡོག་པང་བཤད། །བང་རིམ་བཞི་པོ་རིམ་པ་བཞིན། །དྲན་པ་ཉེར་གཞག་ཡང་དག་སྤོང་། །རྫུ་འཕྲུལ་རྐང་བཞི་དབང་པོ་ལྔ། །བུམ་རྟེན་སྟོབས་ལྔ་བུམ་པ་ནི། །བྱང་ཆུབ་ཡན་ལག་བྲེ་འཕགས་ལམ། །རྒྱུ་ཡི་ཆོས་རྣམས་རྣམ་པར་དག །སྲོག་ཤིང་ཀུན་རྫོབ་ཕ་རོལ་སེམས། །རྗེས་དྲན་བདེན་བཞི་ཟད་མི་སྐྱེ། །ཤེས་པ་བཅུ་ཡི་ངོ་བོ་དང་། །པདྨ་ཐབས་དང་ཤེས་རབ་སྟེ། །འཁོར་ལོ་སྟོབས་བཅུ་དྲན་ཉེ་གསུམ། །ཆར་ཁེབས་ཐུགས་རྗེ་ཏོག་ཆོས་སྐུ། །མཆོད་རྟེན་ཉིད་ཀྱི་ངོ་བོར་བཤད། །ཅེས་དང་།
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་མཆོད་རྟེན་གྱི་དབྱེ་བ་ལས། དེ་ལྟར་མཆོད་རྟེན་དེ་རྣམས་ཀྱི། །མཚོན་པ་རྣམ་པར་དག་ཚུལ་ནི། །རྨང་ནི་དགེ་བཅུའི་བང་རིམ་ནི། །དང་པོ་དྲན་པ་ཉེར་གཞག་བཞི། །གཉིས་པ་ཡང་དག་སྤོང་བ་བཞི། །གསུམ་པ་རྫུ་འཕྲུལ་རྐང་པ་བཞི། །བང་རིམ་བཞི་པ་དབང་པོ་ལྔ། །བུམ་གདན་མགུལ་ཆུ་སྟོབས་ལྔ་སྟེ། །བུམ་པ་བྱང་ཆུབ་ཡན་ལག་བདུན། །པུ་ཤུ་ཞེས་བྱ་བྲེ་ཡིན་ཏེ། །འཕགས་ལམ་ཡན་ལག་བརྒྱད་མཚོན་ནོ། །སྲོག་ཤིང་ཤེས་པ་བཅུ་ཡིན་ཏེ། །འཁོར་ལོ་བརྩེགས་མ་བཅུ་གསུམ་ནི། །བཅུ་ནི་སྟོབས་བཅུ་ལྷག་མ་གསུམ། །དྲན་པ་ཉེར་གཞག་གསུམ་མཚོན་ནོ། །ཆར་ཁེབས་གདུགས་ཏེ་ཐུགས་རྗེ་ཆེ། །ཏོག་ནི་མཉམ་མེད་ཆོས་སྐུའོ། །འཁོར་ལོ་ཆོས་འཁོར་གདུགས་དོན་གཅིག །རྫོགས་སངས་རྒྱས་ལ་བཅུ་གསུམ་མོ། །ཞེས་སོ།།
དེ་བཞིན་མཆོད་རྟེན་གྱི་རྒྱན་ཆ་དེ་རྣམས་ཀྱི་མཚོན་དོན་ཡང་། དེ་ཉིད་ལས། གཞན་ཡང་མཆོད་རྟེན་རྒྱན་རྣམས་ཀྱང་། །སངས་རྒྱས་ཡེ་ཤེས་རྣམ་དག་མཚོན། །རྡོ་རིང་མི་འཇིགས་པ་བཞིའོ། །ཐེམ་སྐས་བསྲུང་བ་མེད་པ་གསུམ། །ཆུ་སྲིན་གྱི་ནི་རྒྱལ་མཚན་བཞི། །བདུད་བཞི་དགྲ་ལས་རྒྱལ་བའོ། །མེ་ཏོག་ཕྲེང་བ་ཚུལ་ཁྲིམས་ཀྱི། །ཕུང་པོ་ལེགས་བསྒྲུབ་མཚན་དཔེའི་མཚོན། །འཇིག་རྟེན་སྐྱོང་བ་བདེན་པ་བཞི། །བཤད་པས་སྐྱེ་བོ་བཞི་ལ་ཕན། །དྲིལ་བུས་གསུང་དབྱངས་དྲུག་ཅུ་སྟོན། །ཟླ་ཚེས་བླ་མེད་ཡེ་ཤེས་ཀྱི། །བྱང་ཆུབ་སེམས་ནི་སྣང་བར་བྱེད། །གདུགས་ཀྱིས་འགྲོ་ཀུན་སྐྱོབ་པར་འགྱུར། །ཏོག་ནི་ཆོས་སྐུའི་སྟེང་ན་གཡོགས། །ཏོག་ཆེན་པོ་ཏི་མངོན་ཤེས་དྲུག །མེ་ལོང་ཡེ་ཤེས་བཞི་ཡིན་ཏེ། །དར་གྱི་ཅོད་པན་བླ་མེད་ཀྱི། །ཡེ་ཤེས་བྱང་ཆུབ་ཅོད་པན་འཐོབ། །བ་དན་ཆོས་ཀྱི་སྙན་གྲགས་ཁྱབ། །དེ་ལྟར་མཆོད་རྟེན་རྒྱན་རྣམས་ཀྱང་། །སངས་རྒྱས་ཉིད་ཀྱི་རྣམ་འཕྲུལ་མཚོན། །མཚོན་པ་རྟགས་ཀྱི་མཆོད་རྟེན་ཡིན། །ཞེས་གསུངས་སོ། །དེ་དག་ནི་མཆོད་རྟེན་གྱི་གྲུབ་ཆ་དང་མཚོན་དོན་མདོ་ཙམ་མོ།།
མཇུག་གི་གཏམ།
འདིར་ཁོ་བོས་མཆོད་རྟེན་དང་འབྲེལ་བའི་གནའ་དེང་གི་གཞུང་ཁག་ལ་ལྟ་ཀློག་གིས་བདག་དང་འདྲ་བའི་ལས་དང་པོ་པ་རྣམས་ལ་དམིགས་ཏེ་མཆོད་རྟེན་གྱི་སྐོར་མདོ་ཙམ་བྲིས་པའི་ཁུལ་ཡིན་ཡང་། ཚིག་དང་དོན་ལ་ནོར་འཁྲུལ་ཡོད་ངེས་པས་གཟིགས་རྒྱ་ཡངས་པ་རྣམས་ཀྱི་མདུན་དུ་མཐོལ་ཞིང་བཤགས་པ་དང་། ཕན་པ་རེ་མཆིས་ཚེ་དགེ་བ་ཐམས་ཅད་ཕ་མ་འགྲོ་དྲུག་སེམས་ཅན་ཀུན་ལ་བསྔོའོ།། དགེ་ལེགས་འཕེལ།
[1] པེ་ཅིང་པར་མ། བསྟན་འགྱུར་རྒྱུད་འགྲེལ། BDRC-W1KG13126 པོད། ༧༡ BDRC-W4CZ539 དེབ་གྲངས། ༡༨༧ ཡིག་ཕྲེང་། ༠༤ པར་གསལ།
[2] སྡེ་དགེ་པར་མ། བཀའ་འགྱུར། རྒྱུད། ཀུན་འདུས་རིག་པའི་མདོ། པོད། ༩༧ ཀ BDRC-W4CZ539 ལྡེབ་གྲངས། ༢༨༠ ཡིག་ཕྲེང་། ༠༤ པར་གསལ།
[3] གནས་མདོ་དཔེ་རྙིང་ཉམས་གསོ་ཁང་གི་པར་མ། པོད། ༣༤ ངི་། ཀརྨ་ཆགས་མེད་གསུང་འབུམ། BDRC-W1KG8321ཤོག་གྲངས། ༤༡༠ ཡིག་ཕྲེང་། ༠༡ པར་གསལ།
[4] སྣར་ཐང་པར་མ། བསྟན་འགྱུར། པོད། ༡༧༥ ཤུ། འདུལ་བ་མདོའི་རྣམ་པར་བཤད་པ། BDRC-W22704 ལྡེབ་གྲངས། ༢༩༩ b ཡིག་ཕྲེང་། ༠༦ པར་གསལ།
[5] སྣར་ཐང་པར་མ། བསྟན་འགྱུར། པོད། ༡༧༤ ལུ། འདུལ་བ་མདོ་རྩ་བའི་རྒྱ་ཆེར་འགྲེལ་པ། BDRC-W22704 ལྡེབ་གྲངས། ༤༤༩ a ཡིག་ཕྲེང་། ༠༤ པར་གསལ།
[6] འདུལ་བ། དཔེ་སྡུར་མ། པོད། ༡༠ ཐ། འདུལ་བ་ཕྲན་ཚེགས་ཀྱི་གཞི། BDRC-W1PD96682 ཤོག་གྲངས། ༦༠༡ ཡིག་ཕྲེང་། ༠༦ པར་གསལ།
[7] འདུལ་བ། དཔེ་སྡུར་མ། པོད། ༡༣ པ། འདུལ་བ་གཞུང་དམ་པ། BDRC-W1PD96682 ཤོག་གྲངས། ༢༦༡ ཡིག་ཕྲེང་། ༡༩ པར་གསལ།
[8] དཔེ་སྡུར་མ། མདོ་སྡེ། པོད། ༥༣ ཏ། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། BDRC-W1PD96682 ཤོག་གྲངས་། ༧༣༢ ཡིག་ཕྲེང་། ༡༩ པར་གསལ།
[9] དཔེ་སྡུར་མ། པོད། ༡༠ འདུལ་བ་ཕྲན་ཚེགས་ཀྱི་གཞི། BDRC-W1PD96682 ཤོག་གྲངས། ༦༠༤ ཡིག་ཕྲེང་། ༠༢ པར་གསལ།
[10] གནས་མདོ་དཔེ་རྙིང་ཉམས་གསོ་ཁང་གི་པར་མ། BDRC-W1KG8321 པོད། ༣༤ ངི་། ཤོག་གྲངས། ༤༡༠ ཡིག་ཕྲེང་། ༠༡ པར་གསལ།
[11] མདོའི་ནང་དགྲ་བཅོམ་ལ་གདུགས་བཞི་ཐོབ་པར་གསུངས་ཀྱང་མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་དགྲ་བཅོམ་ལ་གདུགས་ལྔ་ཡོད་པར་གསུངས་པས་ཡིག་ནོར་ཡིན་ནམ་གང་ཡིན་བརྟག་པར་འཚལ།
[12] དཔེ་བསྡུར་མ། པོད། ངེ་། ༩༦ ལི་ཡུལ་ལུང་བསྟན་པའི་མདོ། BDRC-W1PD95844 ཤོག་གྲངས་། ༡༠༦༠ ཡིག་ཕྲེང་། ༡༢ པར་གསལ།
[13] གསེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཁང་གི་པར་མ། BDRC-W1kG25316 སྟོད་ཆ། ཤོག་གྲངས། ༥༨༩ ཡིག་ཕྲེང་། ༡༡ པར་གསལ།
[14] དཔེ་བསྡུར་མ། པོད། ངེ་། ༡༨༨ ལི་ཡུལ་ལུང་བསྟན་པའི་མདོ། BDRC-W1PD95844 ཤོག་གྲངས། ༡༠༦༡ ཡིག་ཕྲེང་། ༠༦ པར་གསལ།
[15] སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཁང་གི་པར་མ། BDRC-W1kG25316 སྟོད་ཆ། ཤོག་གྲངས། ༥༩༢ ཡིག་ཕྲེང་། ༠༨ པར་གསལ།
[16] དབྱིན་སྐད་སྟེང་གི་མིང་རྣམས་པདྨ་རྡོ་རྗེ་ཡིས་མཛད་པའི་ Stupa and its Technology: A Tibeto-Buddhist Perspective ལྟར་བཀོད་ཡོད། page16
[17] དཔེ་བསྡུར་མ། བཀའ་འགྱུར། པོད། ༥༤ ཐ། BDRC-W1PD9662 ཤོག་གྲངས། ༣༧༧ ཡིག་ཕྲེང་། ༠༨ པར་གསལ།
[18] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་པར་མ། BDRC-W1KG8466 ཤོག་གྲངས། ༤༣ ཡིག་ཕྲེང་། ༠༧ པར་གསལ།
[19] སྡེ་དགེ་པར་མ། བསྟན་འགྱུར། པོད། ༧༡ ཐུ། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བའི་གཟུངས་ཀྱི་རྣམ་བཤད། BDRC-W23703 ལྡེབ་གྲངས། ༢༦༩ ཡིག་ཕྲེང་། ༠༣ པར་གསལ།
[20] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། BDRC-W1PD95787 ཤོག་གྲངས། ༢༨༡ ཡིག་ཕྲེང་། ༡༨ པར་གསལ།
[21] སྡེ་དགེ་པར་མ། པོད། ༧༡ ཐུ། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བའི་གཟུངས་ཀྱི་རྣམ་བཤད། BDRC-W23703 ཡིག་ཕྲེང་། ༠༣ པར་གསལ།
[22] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། BDRC-W1PD95787 ཤོག་གྲངས། ༢༨༥ ཡིག་ཕྲེང་། ༠༡ པར་གསལ།