རྩོམ་སྒྲིག་པ།
གཅིག་གི་མིང་།
རང་བཞིན་གཟུགས་དང་བསེ་རུ་དང་།།
ཟླ་བ་འོད་དཀར་རི་བོང་ཅན།།
འདི་རྣམས་གཅིག་གི་མིང་དུ་གྲགས།།
༡ རང་བཞིན། ཆོས་ཐམས་ཅད་ཀྱི་རང་བཞིན་ནམ་ངོ་བོ་བདག་མེད་པ་གཅིག་ཏུ་ངེས་པས་ན་གཅིག་ལ་རང་བཞིན་ཞེས་བྱའོ།།
༢ གཟུགས། གཟུགས་ཀྱི་ཕུང་པོ་གཅིག་ཏུ་ངེས་པས་གྲངས་གཅིག་མཚོན།
༣ བསེ་རུ། སེམས་ཅན་བསེ་རུའི་སྣ་རྩེར་རྭ་གཅིག་ལས་མི་སྐྱེ་བའམ་ཕལ་ཆེར་གཅིག་པུར་གནས་པས་ན་དེ་ལྟར་ཐོགས་པའོ།།
༤ ཟླ་བ། འོད་དཀར་ཅན་ཏེ་ཟླ་བ་གཅིག་ལས་མེད་པས་ན་གྲངས་གཅིག་མཚོན་པའོ།།
༥ རི་བོང་ཅན། ཟླ་བའི་ནང་དུ་རི་བོང་གི་གཟུགས་བརྙན་གཅིག་ལས་མེད་པས་ན་གྲངས་གཅིག་ལ་རི་བོང་ཅན་ཞེས་བྱ་བའོ།།
གཉིས་ཀྱི་མིང་།
མིག་ཟུང་བགྲོད་པ་ཐབས་ཤེས་དང་།།
འཁྲིག་སྦྱོར་གཤིན་རྗེ་མཚེ་མ་གཉིས།།
༡ མིག གང་ཟག་གི་མིག་ལ་གཡས་གཡོན་གཉིས་སུ་ངེས་པས་གྲངས་གཉིས་ལ་མིག་ཅེས་གྲགས་པའོ།།
༢ ཟུང་། གཞི་གང་ཡང་རུང་བ་ཟུང་དུ་འབྲེལ་བ་ལ་ཡ་གྱལ་གཉིས་དགོས་པའི་རྒྱུ་མཚན་གྱིས་གཉིས་ལ་ཟུང་ཞེས་བརྗོད་དོ།།
༣ བགྲོད་པ། ལོ་གཅིག་གི་ནང་ཉི་མ་ལ་མཚོན་ན་དབྱར་ཉི་ལྡོག་ནས་ཉིན་ཇེ་ཐུང་དང་མཚན་ཇེ་རིང་སོང་བས་ལྷོ་བགྲོད་དང་དགུན་ཉི་ལྡོག་ནས་ཉིན་ཇེ་རིང་དང་མཚན་ཇེ་ཐུང་དུ་སོང་བས་བྱང་བགྲོད་ཅེས་གཉིས་སུ་ཡོད་པས་བགྲོད་པ་ཞེས་བྱའོ།།
༤ ཐབས་ཤེས། ཐབས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ཤེས་རབ་བདག་མེད་དམ་སྟོང་པ་ཉིད་གཉིས་སུ་ཡོད་པས་ན་གཉིས་ལ་ཐབས་ཤེས་ཞེས་སོ།།
༥ འཁྲིག་པ། ཆགས་སྤྱོད་དམ་མི་ཚངས་སྤྱོད་པ་ལ་ཕོ་མོ་གཉིས་དགོས་པས་གཉིས་ལ་འཁྲིག་པ་ཞེས་བརྗོད་དོ།།
༦ སྦྱོར་བ། ཁ་སྦྱོར་བ་ལ་ཕོ་མོ་གཉིས་དགོས་པས་གཉིས་ལ་དེ་ལྟར་བརྗོད་དོ།།
༧ གཤིན་རྗེ། གཤིན་རྗེ་ལ་ཕོ་མོ་གཉིས་སུ་ངེས་པས་ན་གཉིས་མཚོན་པའོ།།
༨ མཚེ་མ། དུས་གཅིག་ཏུ་ཕྲུ་གུ་གཉིས་ཨ་མ་གཅིག་གི་མངལ་ནས་མཉམ་དུ་སྐྱེས་པ་ལ་མཚེ་མ་གྲགས་པ་ལྟར་གཉིས་ལ་དེ་ལྟར་ཐོགས་སོ།།
གསུམ་གྱི་མིང་།
འཇིག་རྟེན་ཚ་བ་ཡོན་ཏན་མེ།།
སྲིད་པ་རྩེ་མོ་ཅན་རྣམས་གསུམ།།
༡ འཇིག་རྟེན། འཇིག་རྟེན་ལ་ས་འོག་དང་ས་སྟེང་ས་བླ་ཞེས་གསུམ་དུ་ཡོད་པས་ན་གསུམ་ལ་འཇིག་རྟེན་ཞེས་བརྗོད་དོ།།
༢ ཚ་བ། ལྒ་སྐྱ་དང་པི་པི་ལིང་། ཕུ་བ་རིས་གསུམ་ལ་ཚ་བ་ཞེས་བརྗོད་པས་གྲངས་གསུམ་ལའང་དེ་སྐད་དུ་གྲགས་སོ།།
༣ ཡོན་ཏན། གྲངས་ཅན་པའི་ལུགས་སུ་ཡོན་ཏན་ལ་རྡུལ། མུན་པ། སྙིང་སྟོབས་ཞེས་གསུམ་དུ་བརྩི་སྲོལ་ཡོད་པས་གསུམ་ལ་ཡོན་ཏན་ཞེས་བརྗོད་དོ།།
༤ མེ། ལྷོ་ཕྱོགས་རྟ་གདོང་གི་མེ། ཁྱིམ་གྱི་ཉི་མ། བསྲེག་བྱ་ཟ་བའི་མེ་ཞེས་གསུམ་དུ་ཡོད་པས་གསུམ་ལ་མེ་ཞེས་ཐོགས་པའོ།།
༥ སྲིད་པ། སྟེང་ལྷའི་སྲིད་པ། བར་མིའི་སྲིད་པ། འོག་ཀླུའི་སྲིད་པ་ཞེས་སྲིད་པ་གསུམ་ཡོད་པས་གསུམ་ལ་སྲིད་པ་ཟེར་རོ།།
༦ རྩེ་མོ་ཅན། ཏྲི་ཤུལ་ལ་རྩེ་གསུམ་ཡོད་པས་གྲངས་གསུམ་མཚོན་པའོ།།
བཞིའི་མིང་།
རྒྱ་མཚོ་ཆུ་གཏེེར་ཆུ་བོ་བདུད།།
རིག་བྱེད་སྡེ་པ་ཟུང་ལྡན་བཞིན།།
༡ རྒྱ་མཚོ། རིའི་རྒྱལ་པོ་རི་རབ་ཀྱི་མདངས་ཕོག་ལུགས་རྒྱ་མཚོ་ཆེན་པོའི་ཁ་དོག་ལ་ཕྱེ་ན་དཀར་སེར་སྔོ་དམར་བཅས་བཞི་ཡོད་པས་ན་གྲངས་བཞི་མཚོན་ནོ།།
༢ ཆུ་གཏེར། ཆུ་གཏེར་ལ་གངྒཱ་དང་། སི་ཏཱ། པཀྵུ། སིནྡྷུ་བཅས་བཞི་ཡོད་པས་གྲངས་བཞི་མཚོན་ནོ།།
༣ བདུད། དགེ་བའི་ཆོས་ཀྱི་སྲོག་དང་བྲལ་བར་བྱེད་པའི་ལྷའི་བུ་དང་། ཉོན་མོངས་པ་དང་། ཕུང་པོ་དང་། འཆི་བདག་སྟེ་བདུད་ལ་བཞི་ཡོད་པས་ན་གྲངས་བཞི་མཚོན་པའོ།།
༤ རིག་བྱེད། རྒྱ་གར་དུ་དར་བའི་ཕྱི་རོལ་པའི་གཞུང་མཆོད་སྦྱིན་དང་། ངེས་བརྗོད་དང་། སྲིད་སྲུང་དང་། སྙན་དངགས་ཏེ་རིག་བྱེད་བཞི་ཡོད་པས་གྲངས་བཞི་མཚོན་ནོ།།
༥ སྡེ་པ། གནས་བརྟན་སྡེ་པ་དང་། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་དང་། མང་པོས་བཀུར་བའི་སྡེ་དང་། ཕལ་ཆེན་སྡེ་པ་སྟེ་བཞི་ཡོད་པས་ན་གྲངས་བཞི་མཚོན་ནོ།།
ལྔའི་མིང་།
འདོད་ཡོན་ཉེར་སྤྱོད་ཕུང་པོ་མདའ།།
འབྱུང་བ་དབང་པོ་ལྔ་ཡི་མིང་།།
༡ འདོད་ཡོན། མིའི་དབང་པོ་ལྔའི་ལོངས་སྤྱད་བྱར་གྱུར་བའི་དངོས་པོ་གཟུགས། སྒྲ། དྲི། རོ། རེག་བྱ་སྟེ་ལྔ་ཡོད་པས་གྲངས་ལྔ་མཚོན་པའོ།།
༢ ཉེར་སྤྱོད། ཉེ་བར་ལོངས་སུ་སྤྱད་བྱའི་འདོད་ཡོན་དངོས་རྫས་ལ་མེ་ཏོག གདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས་མཆོད་པའི་ཉེར་སྤྱོད་ལྔ་བགྲང་བའི་ལུགས་སྲོལ་ཡོད་པས་གྲངས་ལྔ་མཚོན།
༣ ཕུང་པོ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་ཤེས་ལྔ་ཡོད་པས་གྲངས་ལྔ་མཚོན་ནོ།།
༤ མདའ། བདུད་དགའ་རབ་དབང་ཕྱུག་གི་མདའ་ལ་མྱོས་བྱེད་ཀྱི་མདའ་དང་། སྲེད་བྱེད་ཀྱི་མདའ་དང་། རྨོངས་བྱེད་ཀྱི་མདའ་དང་། སྐེམ་བྱེད་ཀྱི་མདའ་དང་། འཆིང་བྱེད་ཀྱི་མདའ་བཅས་ལྔ་བགྲང་བའི་ལུགས་སྲོལ་ཡོད་པས་གྲངས་ལྔ་མཚོན་པའོ།།
༥ འབྱུང་བ། དངོས་པོ་ཐམས་ཅད་ཀྱི་གཞི་འབྱུང་བ་ལ་ས་ཆུ་མེ་རླུང་ནམ་མཁའ་བཅས་ལྔ་རུ་བགྲང་ལུགས་ཡོད་པས་གྲངས་ལྔ་མཚོན་ནོ།།
༦ དབང་པོ། མིག་དང་། རྣ་བ། སྣ། ལྕེ། ལུས་ཏེ་དབང་པོ་ལ་ལྔ་ཡོད་པས་ན་གྲངས་ལྔ་མཚོན་ནོ།།