བརྩེ་བས་གཏམས་པའི་དགེ་རྒན།

ཁངས་མ། (ཡུལ་ཤུལ། བོད་ནང་།)

གང་གི་ཐུགས་ཡངས་བློ་གྲོས་གསལ་བས་རབ་གཏམས་པ།།
ཡིད་ཅན་མང་དག་རྨོངས་པའི་ར་བར་ཡོངས་ཆུད་རྣམས།།
བརྩེ་བའི་སྤྱན་གྱིས་ཡོངས་སུ་གཟིགས་པ་མ་ཉམས་པར།།
རྣམ་མང་ཤེས་བྱའི་ཆུ་གཏེར་ཡང་དག་གནང་བའི་མགོན།།

སྒྲིབ་བྲལ་ཐུགས་ཀྱི་མེ་ལོང་དག་པའི་ངོས་ཡངས་སུ།།
ཤེས་རིག་གསེར་གྱི་ཉིང་ཁུས་ཡང་དག་ཕྱུག་པའི་དཔལ།།
འགྲོ་བའི་སེམས་ཀྱི་དྲི་མ་འཁྲུད་མཁན་སློབ་དཔོན་མཆོག།།
མཐོང་ན་རབ་དགའ་སེན་རིས་ཟླ་དཀར་གཙུག་ཏུ་ལེན།།

བློ་ལྡན་མཆོག་ཉིད་འོད་ཀྱིས་གཏམས་པའི་སྐར་ཆེན་ཞིག།།
གང་དུ་འཛུམ་པའི་སྨག་རུམ་སྟུག་པོ་ཕམ་བྱས་ཏེ།།
རིན་ཆེན་བྱེ་བའི་དཔལ་དུ་བྱེད་པོ་སྲིད་པའི་མིག།།
ལག་སོར་འདབ་ལྔའི་མེ་ཏོག་ཡོངས་སུ་ཁྱེད་ལ་ཟུམ།།

དགེ་ལེགས་འདབ་སྟོང་བཞད་པའི་དཔལ་རོལ་སྟོན་པ་ཆེ།།
ཟོལ་མེད་ལྷག་བསམ་གངས་ཀྱི་རི་ལས་རབ་མཐོ་ཞིང་།།
གང་ཐུགས་བུམ་བཟང་ཡོན་ཏན་བྱེ་བའི་རྩི་བཅུད་ཀྱིས།།
མེར་བའི་མཆོག་ཉིད་འཇིག་རྟེན་མཛེས་པའི་རྒྱན་དུ་ཆེ།།

འདི་ན་རྣམ་དཔྱོད་ཟེའུ་འབྲུས་ཡོངས་སུ་ཕོངས་པ་ཞིག།།
འཁོར་བའི་གསེབ་ནས་ངོ་གདོང་སད་ཀྱིས་ཁྱེར་བའི་མི།།
གང་གི་ཐུགས་བསྐྱེད་ཟླ་བ་དཀར་པོའི་བསིལ་ཟེར་གྱིས།།
ཡང་དག་བསྐྱངས་མཛད་ཁྱོད་ཞབས་པདྨོ་སྤྱི་བོར་བསྙེན།།

མཐའ་ཡས་རྒྱུ་སྐར་གྲངས་མཐར་མཉམ་པའི་ཡིད་ཅན་དབུས།།
རྣམ་དཔྱོད་བློ་ཡི་གེ་སར་རབ་རྒྱས་ངོ་མཚར་ཅན།།
སྲིད་པའི་མཚོ་ཆེན་སྨག་གིས་བཏུམས་པའི་འགྲོ་བ་དག།།
བརྩེ་ཆེན་ཐུགས་ཀྱིས་འཆི་མེད་གནས་སུ་ཡང་དག་འཁྲིད།།

ལྷག་བསམ་དུང་གི་འདབ་གཤོག་ཐོགས་པའི་རྗེ་བོ་མཆོག།།
དད་གསུམ་ཡིད་ཀྱི་པདྨོ་དགོད་པའི་ཚལ་ཡངས་སུ།།
ཡང་དག་འཛུམ་ཞིང་ཚེམས་ཕྲེང་དཀར་པོའི་ལྗོན་འོག་ཏུ།།
འཚོ་བའི་འགྲོ་དག་བདེ་དགའི་དཔལ་དུ་ཡོངས་སུ་བྱས།།
༢༠༢༢/༩/༢༠

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།