མིག་ཟུང་ཁྲ་མོ། (བོད་ནང་།)
ང་ལ་འཇིག་རྟེན་འདིར་ཨ་མ་ཞེས་འབོད་ས་ཞིག་དང༌།
ཨ་མ་ཞེས་སེམས་ཐོགས་ས་ཞིག་ཡོད་པ་ནི་བདག་ལ་མཚོན་ན་བསོད་ནམས་ཆེ་ཤོས་དེ་ཡིན།
ཨ་མ་ནི་འཇིག་རྟེན་གྱི་ཆེས་རླབས་ཆེ་བའི་མི་མོ་སྙིང་སྟོབས་ཅན་དེ་ཡིན་ལ།
ང་ཚོ་བྱིས་དུས་ནས་དར་མའི་བར་ཨ་མའི་ངག་ཚིག་འཇམ་པོའི་སློབ་སྟོན་ལས་འཚར་ལོངས་བྱུང་།
ད་དུང་ཨ་མས་ནངས་སྔ་ལངས་ཀྱི་སྐྱ་རེངས་ཐོད་ལ་བཏགས་ཤིང་།
དགོང་ཕྱི་ཉལ་གྱི་སྐར་ཆེན་མིག་གིས་འཚོས་ཏེ་མགོ་སྒུར་སྒུར་གྱིས་ཁྱིམ་ལས་ཙག་ཙིག་བགྱིས་ཤིང་།
ང་ཚོའི་ཆེད་དུ་འཁོར་བར་ལང་ཚོ་བསྟིམས་མྱོང༌།
ཨ་མས་སྦྲ་ནག་གི་ཐུ་འོག་དང་ནོར་ལུག་གི་རྨིག་རྗེས་ལ་རང་ཉིད་ཀྱི་ལང་ཚོ་ཕུལ་མྱོང་ཞིང་།
ལོ་ཟླས་མི་སོས་པའི་ལང་ཚོ་ནི་འཁོར་བ་ལག་མཐིལ་འདྲ་བོའི་ནང་ནས་རྒ་བཞིན་ཡོད།
བདག་གི་ཨ་མར་མཚོན་ན་སློབ་གྲྭའི་སྒོ་ཐེམ་བརྒྱུད་མ་མྱོང་བའི་འབྲོག་མོ་རྣལ་མ་ཞིག་ལས་མ་འདས་མོད།
འོན་ཀྱང་། བདག་ལ་མཚོན་ན་ཨ་མ་ནི་ཆེས་རླབས་ཆེན་གྱི་སློབ་གསོ་བ་དེ་ཡིན།
ཁོ་མོའི་བསླབ་བྱ་རེ་རེ་ནི་མཁས་པ་རྣལ་མ་ཞིག་གི་བསླབ་བྱ་ལས་མ་འདས། དེས་ན།
བདག་ལ་མཚོན་ན་ཨ་མ་ནི་ཆེས་ཐོག་མའི་ཤེས་ཡོན་གཉིས་འཛོམས་ཀྱི་དགེ་རྒན་དང་བདག་གི་མགོན་གནས་ཀྱི་སངས་རྒྱས་ཀྱང་ཡིན།
ཨ་མས་རང་ཉིད་ཀྱི་བུ་ཕྲུག་གི་ཆེད་དུ་ཡོད་ཚད་བློས་གཏོང་ཕོད་ཅིང་།
ཐ་ན་རང་གི་གདོས་བཅས་ཀྱི་ཕུང་པོ་དེའང་རང་གི་བུ་ཕྲུག་ཚོའི་ཆེད་དུ་འབུལ་མཁན་གྱི་གཏོང་ཕོད་ཅན་དེ་ཡིན།
ལན་རེར་ཨ་མས་རང་གི་བུ་ཕྲུག་གི་སྔུན་ནས་ཉམ་ཆུང་དང་ཡི་མུག་གི་སྐད་ཆ་འཆད་དུས་ཀྱང་ཡོད།
རྒྱུ་མཚན་དེའི་དབང་གིས་ཨ་མ་ནི་བདག་གི་བློ་འདྲི་ས་དང་སེམས་གཅོང་གི་སྐད་ཆ་ཤོད་སའང་ཡིན།
ཨ་མའི་ཕྱག་ཟུང་གཉོམ་པོས་བདག་གི་ཚེ་སྲོག་སྙོར་ཞིང༌།
ཨ་མའི་སྐྱབས་འཇུག་རེ་རེས་བདག་ལ་ལམ་སྟོན་གནང་མྱོང༌།
བདག་ལ་མཚོན་ན་ཨ་མ་ཡོད་པས་ཡོད་ཚད་ཡོད་ཅིང་ཨ་མ་ཡོད་པས་འཇིག་རྟེན་འདིར་སྤོབས་པ་བླ་མེད་སྐྱེས།
༢༠༢༢/༡༠/༡༠