གློག་ཞགས། (བོད་ནང་།)
སྣོད་ཀྱི་ཁོར་ཡུག་དྭངས་གཙང་ཁ་བས་བསྐོར།།
བཅུད་ཀྱི་འགྲོ་བ་བྱམས་དང་སྙིང་རྗེས་ཕྱུག།
གོ་ལའི་གཙུག་ཏུ་འཚེར་བའི་ཆོས་ལྡན་ཞིང་།།
མཐའ་མའི་དག་ཞིང་ཞེས་པའི་མིང་གིས་བརྒྱན།།
གངས་དཀར་ཏི་སེ་ནད་ཀྱིས་མ་ཟིན་དུས།།
མ་ཕམ་གཡུ་མཚོ་ཡམས་ཀྱིས་མ་གོས་དུས།།
མཁའ་དབུགས་བསིལ་མོ་རིམས་ཀྱིས་མ་སྦགས་དུས།།
ང་ཡི་ཕ་ཡུལ་དཀར་གཙང་འཇིག་རྟེན་ཡིན།།
ཕོ་བྲང་དཀར་དམར་གཟི་བྱིན་འཕོ་བའི་ཡུལ།།
ཇོ་ཤཱཀ་རྣམ་གསུམ་བྱིན་ངད་འཐུལ་བའི་གནས།།
མ་བཅོས་ཕྱག་སྐོར་སྒྲིབ་སྦྱོང་འཕེལ་བའི་ཞིང་།།
ལྷ་བསང་ངད་དང་ཆོས་སྒྲ་བསྟན་པའི་ལྗོངས།།
གཙང་གསུམ་མགོ་ཁུངས་འདི་ལ་རགས་ཤིག་ཡོད།།
གོ་ལའི་གཙུག་ཏོར་འདི་ལ་རྨོག་ཅིག་ཡོད།།
མཐའ་མའི་དག་ཞིང་འདི་ལ་ལྷ་སྲུང་ཡོད།།
དེ་དག་བསྐལ་པ་བཟང་པོའི་གཏམ་རྒྱུད་རེད།།
ད་ནི་ལས་དང་དབང་ཐང་རྫོགས་པ་འདྲ།།
ད་ནི་ལྷ་སྲུང་གཉན་པོ་བྲོས་པ་འདྲ།།
རྫོགས་མཐའ་མེད་པའི་བགེགས་དང་བར་ཆད་མང་།།
ཟད་དུས་མེད་པའི་རྐྱེན་དང་ཆག་སྒོ་འཕེལ།།
རྒས་པའི་སྟེང་ལ་ནད་དང་ཡམས་ཀྱིས་གཙེས།།
ན་བའི་སྒང་ལ་ཡོམ་གྱི་འཇིགས་པ་འཕྲད།།
ལྷ་སྲུང་དེ་དག་གཉིད་ལ་ཤོར་བ་འམ།།
དཀར་ནག་རྒྱུ་འབྲས་ལས་ཀྱིས་སྨིན་པ་རེད།།
བར་ཆད་འདི་ལ་ཚད་ཅིག་མེད་པ་འདྲ།།
གནོད་འཚེ་འདི་ལ་མཚམས་ཤིག་མེད་པ་འདྲ།།
བསླུ་མེད་རྒྱུ་འབྲས་བསྲུང་བའི་གངས་ཅན་པ།།
ད་ལོའི་བགེགས་བར་འདི་དག་ཅི་ཞིག་རེད།།
སྟོད་ནས་ཏོག་དབྱིབས་ནད་ངན་མེ་ལྟར་མཆེད།།
སྨད་ནས་ས་ཡོམ་གནོད་སྐྱོན་ཆུ་ལྟར་ཁོལ།།
བར་ནས་ཆུ་ལོག་ཐོག་སེར་རླུང་ལྟར་འཚུབ།།
ཕལ་ཆེར་བཙའ་སད་ཐན་སྐྱོན་འཇིགས་པས་ཁྱབ།།
འདི་ནས་ལོ་ངོ་གསུམ་གྱི་ཡར་སྔོན་ཞིག།།
ཏོག་གསར་ནད་ཀྱིས་སིམ་འཛུལ་ཐེངས་ཤིག་བྱས།།
དྭངས་གཙང་མཁའ་དབུགས་འདི་ལ་སྐྲག་མ་ནུས།།
མ་བཅོས་འཇིག་རྟེན་འདི་ལ་སྒྲིབ་མ་ཐུབ།།
ཀྱག་ཀྱོག་ལོ་གསུམ་འདས་པའི་དེ་རིང་ཉིན།།
ཨོ་མི་ཀོ་རོན་ཞེས་པའི་ངོ་བོར་བརྫུས།།
འཛམ་གླིང་ཡང་རྩེ་ཡིན་ཡང་འཕྲེད་ལ་བཅད།།
ཁ་བའི་འཇིག་རྟེན་ཡིན་ཡང་རྡུལ་གྱིས་གཡོགས།།
ཕྱག་སྐོར་ལྗོངས་རྒྱུས་ཁེངས་པའི་བར་སྐོར་དང་།།
ཅ་ཅོ་འདུ་འཛི་རྒོད་པའི་ཁྲོམ་གཟིགས་སྒང་།།
སྣ་ཚོགས་མི་རིགས་འདྲེས་པའི་ཉི་མའི་གྲོང་།།
ད་ནི་རླུང་རྟ་རལ་པོས་སྟོང་སྐད་སྒྲོག།
ཁྱུ་ལ་ཁྱུ་མཐུད་རླངས་འཁོར་བསྟར་པ་དང་།།
གཅིག་ལ་གཅིག་མཐུད་མི་ཚོགས་འཚང་ག་སོགས།།
དྲག་ལ་འཁྱུག་པའི་ཚོང་འདུས་ཡོ་ལང་དག།།
སྟོན་རླུང་བསིལ་མོའི་ཁྲོད་ནས་གང་ལ་འཁྱམ།།
ཁ་སང་འཁྲུག་ཆ་དོད་པའི་ལྷ་སའི་གྲོང་།།
དེ་རིང་རྐང་གཉིས་མི་ཡི་རྒྱུ་འགྲུལ་ཆད།།
འདི་དག་བསམ་ཞིང་བསམས་ན་མགྲིན་པ་རྣོང་།།
འདི་དག་མཐོང་ཞིང་མཐོང་དུས་ལུས་སེམས་སྦྲིད།།
འཇིགས་རུང་ནད་ཡམས་ཀློང་གི་འཚོ་བ་དང་།།
སུན་སྣང་སྐྱོ་གདུང་ནང་གི་དུས་ཚོད་དང་།།
ཐབས་ཆག་བཟའ་བཏུང་ཁྲོད་ཀྱི་ཉི་མ་དག།།
ལོ་དང་ཟླ་བའི་བཞུར་རྒྱུན་ལས་ཀྱང་རིང་།།
ཟླ་ངོ་གཅིག་ལྷག་ཁྱིམ་ལ་མཚམས་ཐོ་བཞག།།
ཚོར་བའི་བུ་ཆུང་མཐའ་མེད་གྲོང་ལ་ཤོར།།
འཚོ་བའི་ཁ་སྣོན་གོང་རིམ་ཚན་པས་གནང་།།
དམིགས་བསལ་ལོ་ཟླ་འདི་ཡི་ཕྱོགས་སྡོམ་ཡིན།།
༢༠༢༢-༩-༡༢ ཉིན་ལྷ་སར།