ཟླ་དགུ་པའི་ནང་གི་ཕ་ཡུལ།

ཛཾ་ཀ་མ་ལ། (བོད་ནང་།)

བསམ་མེད་བྱིས་པ་ཞིག་གིས།།
ཚོགས་དྲུག་སྒྲོམ་ལ་མ་བཅུག།།
སྣང་བ་མག་མོག་རབ་རིབ།།
ཡངས་བའི་སྐྱེ་འགྲོར་གཟན་འགྲོ།།

འཛི་ཆུའི་བཞུར་སྒྲར་ཉན་ན།།
ནད་ལ་ཁ་དོག་ཡོད་འདྲ།།
མི་ཚོགས་བརྒྱ་རེ་སྟོང་རེར།།
སེམས་ལ་སྐྱོ་ཉམས་བྱུང་འདུག།

ཉིན་མཚན་གཡེལ་བ་མེད་པར།།
མགོ་བོ་ས་རུ་བརྡལ་ན།།
རྣམ་ཤེས་མཁའ་ལ་སྤུར་བས།།
ཡིད་ལ་ཚོན་རྩི་བྱུག་འདྲ།།

ཚོན་གྱི་ཁ་དོག་དེ་ཡང་།།
དབྱངས་ཀྱི་རྒྱུད་སྐུད་དཀྲོལ་འདྲ།།
དབྱངས་ལ་གོད་ཆག་བྱུང་ན།།
དབྱངས་དེ་འཁྲོལ་མཁན་སུ་ཡོད།།
༢༠༢༢/༩/༩ ཉིན་ཕ་ཡུལ་དུ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།