ཟླ་བརྒྱད་པའི་ཉིན་ཐོ།

ཛཾ་གཟུ་མིག (བོད་ནང་།)

ཚེ་ཟད་སྟབས།
ཡི་གར་འོང་མི་སྲིད་ཀྱང་།
རྫོབ་མ་ཞིག་སྦྲིད་པར་གྱུར་ཙང་།
གཏམ་རྒྱུད་ཆད་པོ་ལ་མདུད་པ་བརྒྱབ་ནས།
འདོད་པའི་མེ་ལྕེ་ལ་ལག་པ་བསྲིངས།
གང་ལྟར། ཡག་པོ་ཞིག་མ་འཁྱོངས་ན།
ལྕེབས་ཐག་ཅིག་ཡོད་དགོས།

༢༠༢༢-༨-༡༥

ཚུགས་ཀ
བྲོ་འཁྲབ་སྟངས་ནི་གཞན་ཞིག་ཡིན་སྲིད་ཀྱང་།
ངའི་བྲང་ཐོག་ཏུ་འཁྲབ་ཀྱིན་པའི་རྐང་པ་དེ་དག
བརྗེ་སྤོར་བྱས་མ་མྱོང་མོད།
ཡིད་གཏིང་གི་དྲན་པ།
ང་དང་ངའི་སྤུན་མཆེད་ཚོར་དབང་།

༢༠༢༢-༨-༡༦

མི་ཚེ།
མི་ཚེ་ལ་ལས་བགོས་ཤིག་བྱས་ན།
རྒྱུ་གཟེར་ཚན་པ་གསུམ་དང་།
བསླུ་བྲིད་ནང་གི
མངར་ཆང་རྒྱ་མ་གསུམ་བཅས་དྲུག་གོ །

༢༠༢༢-༨-༡༧

བརྩེ་དུང་།
བྱིལ་བྱིལ་བྱས་བྱས་ནས།
བུ་རམ་ཁམ་གང་།
སྐྱུར་ཁུ་ཁམ་གང་།
འཚིག་ཇ་ཁ་མོ་ཁམ་གང་བཏུངས་ནས།
ཁྱིམ་གང་གི་ངལ་དུབ་ཀྱི་བདག་པོར་གྱུར།

༢༠༢༢-༨-༡༨

བུ་མོ།
གཡེར་དྲིལ་ལ་མཉན་དང་ཉན་ན།
ཆོས་སྒྲ་རྣ་བར་དབེན་པས།
ཨ་ཁུ་ཚངས་དབྱངས་རྒྱ་མཚོ།
ཁྱོད་ཉིད་དྲན་པ་ལ་ཨང་།
དུང་བ་སྙིང་གི་ཚིག་ལ།
མཐའ་ཤན་གསེར་གྱི་ལོ་མ།
རྒྱན་དང་མ་བརྒྱན་མ་ཟེར།
མིག་གཉིས་གདོང་ལ་བབས་འདུག
སོ་སོའི་སེམས་ཀྱི་གཏིང་ན།
གངས་ལྷ་མེ་ཏོག་འདྲ་བའི།
ཆང་མ་མྱང་ཚ་དཀར་རྒྱན།
སུ་ཡིས་འཚོལ་དང་མི་འཚོལ།
དགེ་ཆོས་སྨྱོན་པར་ཆགས་འདུག

༢༠༢༢-༨-༡༩

སྤྱོད་ཁང་།
ངས་སྤྱོད་ཁང་ནང་དུ།
ངས་སྐྱག་འབུ་དག་ལ་བལྟས་ནས།
བརྩམས་སྒྲུང་ཞིག་འཚོལ་གྱིན་ཡོད།
སྐྱག་འབུ་དག་ནུད་ཤུལ་གསལ་པོ་ཡིན་ཡང་།
སུ་ཞིག་གིས་དོ་སྣང་བྱས།
ངས་བསམས་ན་ས་ཁྲ་ཞིག་རེད།
དབང་བསྒྱུར་ཞིག་རེད།
གཙང་བཙོག་མི་མངོན་པའི་སྲིད་ལུགས་ཤིག་རེད།
དོ་སྣང་བྱ་དགོས་པའི་ཐམ་ཀ་ཞིག་རེད།
ངས་སྤྱོད་ཁང་ནང་ནས།
གནས་མལ་མ་རྙེད་པའི་སྐྱག་སྦྲང་དག་ལ་བལྟས་ནས།
བརྩམས་སྒྲུང་ཞིག་འཚོལ་གྱིན་ཡོད།
སྐྱག་སྦྲང་དག་གིས་ངའི་རྣ་བར་གཟས་ནས།
འཕུར་གྲུ་ཞིག་དང་འདྲ་བར།
ཝང་སྒྲ་དང་བཅས།
ཁ་ཕོ་ཆེ་དྲགས་པ།
སྤྱོད་པ་ཚ་དྲགས་པ།
བཙན་སྐུལ་ཆེ་དྲགས་པ།
སྣང་བ་མཐོ་དྲགས་ཀྱང་།
ངའི་བསམ་ཡུལ་ལས་འགོང་མ་ནུས།
ཅི་ཡང་མ་ཡིན།
ཅི་ཡང་མ་ཡིན་པའི་སྤྱོད་ཁང་ནང་གི་སེམས་ཅན་ཞིག་གོ །
ངས་སྤྱོད་ཁང་ནས།
དབེན་འཇགས་ལ།
རོལ་དབྱངས་ཤིག་འཐེན་གྱིན་ཡོད།
རོལ་དབྱངས་ནང་ན།
ངའི་ཆེས་མཐའ་མཇུག་གི་དྲན་གདུང་སྦས་ཡོད།

༢༠༢༢-༨-༢༠

དྲན་པ།
སོ་སོའི་གདོང་ལ་ཅེར་ཏེ།
མིག་ནང་གི་དགའ་བ།
ངག་ལྐུགས་པར་གྱུར་ཀྱང་།
བརྡ་རྟགས་གཞན་ཞིག་གིས།
ཡིད་གསེབ་ཏུ་བརྫངས།

༢༠༢༢-༨-༡༡

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།